རྒྱང་རིང་གི་ཡུལ་གྲུས་གནང་པའི་མཚན་སྙན་ཞིག

Pema-Tseden
སྐུ་ཞབས་པདྨ་ཚེ་བརྟན།

ཨེ་ཊ་ལེའི་ལེ་སིན་ནི་ཡ (Lessinia) རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་ཉེར་གཉིས་པའི་སྟེང་། བོད་རིགས་གློད་བརྙན་འཁྲད་ཁྲིད་པ་གྲགས་ཅན་སྐུ་ཞབས་པདྨ་ཚེ་བརྟན་ལགས་ལ་འཁྲབ་ཁྲིད་པ་རྩེ་གྲའི་གཟེངས་རྟགས་ཐོབ་ཡོད་པ་རེད།

དེ་ཡང་སྤྱི་ཟླ ༨ ཚེས ༢༨ ཉིན། ཨེ་ཊ་ལེའི་ལེ་སིན་ནི་ཡ (Lessinia) རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་ཉེར་གཉིས་པའི་སྟེང་། བྱ་དགའ་ཐོབ་པའི་མིང་ཐོ་གསལ་བསྒྲགས་བྱས་པ་ལས། བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་གྱི་གློག་བརྙན་གསར་བ༼ཐར་ལོ༽ཞེས་པར་ཐེངས་འདིའི་གློག་བརྙན་དུས་སྟོན་གྱི་འཁྲབ་ཁྲིད་པ་རྩེ་གྲ་རུ་བདམས་ཡོད་པ་དང་།  དཔྱད་བརྗོད་པས།  “ང་ཚོས ‘འཁྲབ་ཁྲིད་པ་རྩེ་གྲའི’ གཟེངས་རྟགས་དེ་པདྨ་ཚེ་བརྟན་ལགས་ལ་འབུལ་རྒྱུར་གཏན་ཁེལ་བྱས་པ་ཡིན། གཟེངས་རྟགས་འདི་ནི་ཁོང་གི་འཇིགས་པ་མེད་པའི་བློ་སྤོབས་དང་། གཞན་ལས་ལྷག་ཅིང་གཏིང་མཐའ་ཟིན་པའི་འཇོན་ཐང་ལ་འབུལ་རྒྱུ་ཡིན། ཁོང་གི་གློག་བརྙན་གྱི་གྲུབ་ཚུལ་དང་། དེ་མིན་ཡུལ་དངོས་སྙོམས་ཚད་ལ་ཐུན་མོང་མ་ཡིན་པའི་གདམ་ཀ་མངོན་པར་གསལ་ཞིང་། ཐོལ་བརྒལ་ཡིན་པའི་གསར་རྩོམ་ལ་སྒེར་ཚུགས་ཀྱི་རང་བཞིན་ལྡན་ཞིང་། དེ་མིན་མི་སྒེར་གྱི་མཚོན་རྟགས་སུ་གྲུབ་པའི་མཛེས་དཔྱོད་མངའ་བས། ང་ཚོས་དཔྱད་བསྡུར་བྱས་པ་ལས༼ཐར་ལོ༽ནི་དེའི་རིགས་སུ་གཏོགས་ཤིང་དཀོན་པའི་གློག་བརྙན་ཁྱད་འཕགས་ཅན་ཞིག་ཡིན་པར་མ་ཟད། གློག་བརྙན་བཟོ་སྐྲུན་འདིས་ལམ་ཆེན་གསར་བ་ཞིག་གི་སྒོ་གླེགས་ཀྱང་འབྱེད་ཡོད་པ་རེད།” ཅེས་དང་དཔྱད་བརྗོད་དང་གདེང་འཇོག་བྱས་འདུག

གཟེངས་རྟགས་ཐོབ་པའི་གློག་བརྙན་དགjཨེ་ཊ་ལེའི་ལེ་སིན་ནི་ཡ (Lessinia) རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྟེང་སྟོན་སྲོལ་ཡོད་པ་དེ་བཞིན་དུ། སྐུ་ཞབས་པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་གནང་པའི་བོད་ཀྱི་གློག་བརྙན༼ཐར་ལོ༽ཞེས་པ་རྒྱ་ཆེའི་ལྟད་མོ་པར་གཟིགས་འབུལ་བྱས་ཡོད་པ་དང་། དེར་འདུས་ཀྱི་རྒྱ་ཆེ་གཟིགས་མོ་བ་དང་གློག་བརྙན་དཔྱད་བརྗོད་པ་དག་གིས་དགའ་བསུ་ཚད་མེད་ཐོབ་འདུག

རྒྱུ་རྐྱེན་མང་བོ་ཞིག་གི་དབང་གིས། བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་སྐུ་ཞབས་པདྨ་ཚེ་བརྟན་ལགས་ཁོང་དངོས་སུ་གློག་བརྙན་དུས་སྟོན་གྱི་བྱ་དགའ་བསྩོལ་བའི་དགོང་ཚོགས་སུ་ཞུགས་ཐུབ་མེད་པས། སྐུ་ཞབས་པདྨ་ཚེ་བརྟན་ལགས་ཀྱི་ཁོང་གི་སྐད་འཕྲིན་སྟེང “རྒྱང་རིང་གི་ཡུལ་གྲུས་གནང་པའི་མཚན་སྙན་ཞིག གློག་བརྙན་དུས་སྟོན་དེའི་སྟེང་དངོས་སུ་ཞུགས་མ་ཐུབ་པ་དེ་དུས་གཏན་དུ་བློ་ཕམ་དུ་གྱུར” ཞེས་བཀོད་འདུག

ཨེ་ཊ་ལེའི་ལེ་སིན་ནི་ཡ (Lessinia) རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ནི ༡༩༩༥ ལོར་བསྐྲུན་ཞིང་། གཙོ་བོ་ནི་བརྙན་ཐུང་དང་། དངོས་བྱུང་གློག་བརྙན། བརྗོད་དོན་གློག་བརྙན་རིང་གྲས་བཅས་དམིགས་སུ་བཟུང་བའི་རྟིང་རྩོད་རང་བཞིན་ཅན་གྱི་གློག་བརྙན་དུས་སྟོན་ཞིག་རེད།

གཞན་ཡང་། བོད་རིགས་གློག་བརྙན་འཁྲབ་ཁྲིད་པ་གྲགས་པདྨ་ཚེ་བརྟན་ལགས་ཀྱི་འཁྲབ་ཁྲིད་གནང་བའི ༼  ཐར་ལོ  ༽  ཞེས་པའི་གློག་བརྙན་ལ་ལོ་སྔོན་མའི་སྤྱི་ཟླ ༡༡ པར་སྤེལ་པའི་སྐབས ༥༢ པའི་ཐེ་ཝན་གློག་བརྙན་གསེར་གྱི་གྱི་ལིང་རྟགས་མའི་མཛད་སྒོའི་ཁྲོད། ཐེ་ཝན་གྱི་གསེར་གྱི་གྱི་ལིང་རྟགས་མའི་འཁྲབ་གཞུང་བཅོས་སྒྲིག་རྩེ་གྲའི་བྱ་དགའ་ཐོབ་པ་དང་། ལོ་སྔོན་མའི་ལོ་མཇུག་ཏུ་ཨོ་སི་ཊི་རེ་ལེ་ཡའི་བྷི་རི་སི་བྷན་དུ་སྤེལ་བའི་ཨེ་ཞི་ཡ་ཞི་བདེ་རྒྱ་མཚོ་གློག་བརྙན་དུས་སྟོན་སྐབས། དམིགས་བསལ་བརྙན་ཕབ་རྩེ་གྲའི་བྱ་དགའ་དང་།  ཉི་ཧོང་གི་རྒྱལ་ས་ཐའོ་ཁེའོ་རུ་སྤེལ་བའི་སྐབས ༡༦ པའི་ཐའོ་ཁེའོ FILMeX གློག་བརྙན་དུས་སྟོན་ཁྲོད་གློག་བརྙན་རྩེ་གྲ་དང་སློབ་མའི་དཔྱད་བསྡུར་ཚོགས་སྡེའི་བྱ་དགའ་བཅས་གཟེངས་རྟགས་མང་མོ་ཐོབ་ཡོད་པ་རེད།

བོད་རིགས་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་སྐུ་ཞབས་པདྨ་ཚེ་བརྟན་ལགས་ནི་མདོ་སྨད་མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་གི་ཡིན་ཞིང་། ད་ལྟ་རྒྱ་ནག་འཁྲབ་ཁྲིད་པའི་མཐུན་ཚོགས་ཀྱི་ཚོགས་མི་དང་། རྒྱ་ནག་གློག་བརྙན་མཐུན་ཚོགས་ཀྱི་ཚོགས་མི། རྒྱ་ནག་གློག་བརྙན་རྩོམ་རིག་ཚོགས་པའི་ཚོགས་མི་བཅས་ཡིན་ཞིང་། སྔ་རྗེས་སུ་ནུབ་བྱང་མི་རིགས་སློབ་ཆེན་དང་། པེ་ཅིང་གློག་བརྙན་སློབ་གླིང་སོགས་སུ་སློབ་སྦྱོང་གནང་མྱོང་ཡོད། སྤྱི་ལོ ༡༩༩༡ལོ་ནས་བཟུང་པདྨ་ཚེ་བརྟན་ལགས་ཀྱི་རྩོམ་རིགས་བརྩམས་ཆོས་སྤེལ་མགོ་བརྩམས་ནས། ད་བར་དུ་བོད་ཡིག་དང་རྒྱ་ཡིག་གཉིས་ཀའི་ལམ་ནས་སྒྲུང་རྩོམ་ཐུང་འབྲིང་བཞི་བཅུ་ལྷག་དང་། འགྱུར་རྩོམ་ཉི་ཤུ་ལྷག་བརྩམས་ཡོད་པ་མ་ཟད། བརྩམས་ཆོས་མང་པོ་ཞིག་ལ་ཕུལ་བྱུང་བྱ་དགའ་ཐོབ་ཡོད། སྤྱི་ལོ ༢༠༠༢ལོ་ནས་བཟུང་། པདྨ་ཚེ་བརྟན་ལགས་གློག་བརྙན་འཁྲབ་ཁྲིད་ཀྱི་ལས་ལ་ཞུགས་པ་དང་། ༼    ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ ༽  ནི་ཁོང་གི་གློག་བརྙན་ཐོག་མ་རེད།