ཧྲིང་ཏ་ཝེ:ཨ་རིའི་དབུ་ཁྲིད་ཚོས་ངེས་པར་དུ་དུས་ཚོད་གཏན་ཁེལ་བྱས་ཏེ་ཡོངས་ཁྱབ་ངང་རྒྱ་ནག་གི་མི་ཐོབ་གནད་དོན་ཐད་གླེང་སློང་བྱེད་དགོས།

shambaugh-david-220
ཧྲིང་ཏ་ཝེ།

རྒྱ་ནག་ཤེས་མཁན་ཞེས་གྲགས་པའི་ཨ་རིའི་སྐད་གྲགས་ཆེ་བའི་རྒྱ་ནག་གི་གནད་དོན་ཆེད་མཁས་པ་རྒྱའི་སྐད་དུ་མིང་ལ་ཧྲིང་ཏ་ཝེ་ཟེར་ཞིང་། མིང་དངོས་ལ་ཌ་ཝེ་ཌི ཞམ་བྷོ་(David Shambaugh) ཟེར་བ་ཁོང་གིས་ཨ་མེ་རི་ཀས་ངེས་པར་དུ་གཞུང་གི་དབུ་ཁྲིད་མཐོ་གྲས་ཀྱི་རིམ་པས་དུས་ཚོད་གཏན་ཁེལ་བྱས་ནས་མངོན་སུམ་འཛེམས་བག་མེད་པར་རྒྱ་ནག་གི་མི་ཐོབ་གནད་དོན་ཐད་སེམས་ཁུར་ཡོད་པའི་རྣམ་འགྱུར་འདོན་དགོས། ཞེས་སྤྱི་ཚེས ༨ ཉིན་བསྐོངས་པའི་མི་ཐོབ་སྒྲིག་འཛུགས ༼  རང་དབང་གི་གནས་ཚང༽  ཞེས་པས་གོ་སྒྲིག་བྱས་པའི་བགྲོ་གླེང་ཚོགས་འདུ་ཞིག་གི་སྟེང་བསམ་འཆར་དེ་བཏོན་འདུག

སྐུ་ཞབས་ཧྲིང་ཏ་ཝེ་ལགས་ཀྱིས། ཨ་རི་གཞུང་གིས་ངེས་པར་དུ་སྲིད་འཛིན་ཐེ་བའི་དབུ་ཁྲིད་མཐོ་གྲས་ཀྱི་རིམ་པས་ཡོངས་ཁྱབ་ངང་དུས་ཚོད་གཏན་ཁེལ་བྱས་ནས་རྒྱ་ནག་ནང་ཁུལ་གྱི་གནས་ཚུལ་དང་གཉའ་གནོན་ལ་སེམས་ཁུར་ཡོད་པའི་རྣམ་འགྱུར་དང་ལྟ་ཚུལ་འདོན་དགོས། དེ་ལྟར་བྱས་པས་གཅིག་བགྱིས་ན་མི་ཐོབ་ཀྱི་གནས་སྟངས་ལ་འགྱུར་བ་གཏོང་མི་ནུས་ཀྱང་། འཛམ་གླིང་ཁྱོན་ཡོངས་སུ་རྒྱ་ནག་དང་འབྲེལ་ཡོད་གླེང་གཞིའི་རྣམ་པར་འགྱུར་བ་ཐེབས་ངེས་ཡིན།

རྒྱ་ནག་གཞུང་གིས་འཛམ་གླིང་སྟེང་མིང་སྣ་ངན་པ་ཞིག་མི་ཡོང་རྒྱུར་དོ་སྣང་ཆེན་པོ་བྱས་དང་བྱེད་ཀྱིན་པར་གཞིགས་ན། ཁོང་ཚོར་ཞན་སོབ་ཀྱི་སེམས་ཁམས་ཤིག་ཡོད་པ་གདོན་མི་ཟ་ཞེས་དང་། ཡང་ཁོང་གིས། རྒྱ་ནག་གི་ད་ལྟའི་བྱ་སྤྱོད་འགའ་སྟེ། དཔེར་ན་གང་ཐུབ་ཅི་ཐུབ་ཀྱིས་རྒྱ་ནག་དང་འབྲེལ་ཡོད་སྨྲ་བརྗོད་ཀྱི་དབང་ཆ་འཛིན་འདོད་ཡོད་པ་དང་། དེ་དང་ཆབས་ཅིག་རྒྱལ་ཁབ་ནང་ཁུལ་གྱི་དྲག་རྡུང་དང་རྒྱལ་ཁབ་ཕྱི་རོལ་གྱི་ཞིབ་དཔྱད་ཐད་ཤེད་ཤུགས་ཇེ་ཆེར་བཏང་ཡོད་པས། འདི་ཐམས་ཅན་གྱིས་རྒྱ་ནག་སྲིད་དབང་ལ་རང་རྟོན་མེད་པ་དང་། བདེ་འཇགས་མིན་པའི་ཚོར་བ་ཡོད་པ་མཚོན་ཡོད། རང་རྟོན་ཅན་དང་བདེ་འཇགས་ཡིན་པའི་ཚོར་བ་ཅན་གྱིས་གཉའ་གནོན་བྱེད་མི་སྲིད་ལ། གཉའ་གནོན་ནི་བདེ་འཇགས་མིན་པའི་མཚོན་རྟགས་ཡིན་ཞེས་བརྗོད་འདུག

དེ་བཞིན་དུ་སྲིད་ཇུས་རིམ་པར་ཁོང་གིས། གཞི་རྩའི་ཆ་ནས་ཨ་རི་གཞུང་གིས་གྲོས་མོལ་མང་པོ་བྱེད་རྒྱུ་དེ་གལ་ཆེན་གནད་ཆེན་དུ་འཇོག་མི་རུང་། རྒྱ་ནག་གཞུང་ལ་གང་ཐུབ་ཐུབ་ཀྱིས་རྩོད་པ་ཅན་གྱི་གནད་དོན་ཡོད་ཚད་སྒོ་བརྒྱབ་ནས་ཕྱོགས་གཉིས་ཁོ་ནའི་གྲོས་མོལ་བྱེད་འདོད་ཡོད། ཡིན་ན་ཡང་ངས་བལྟས་ན། དེ་ཨ་རིའི་ཁེ་ཕན་དང་མི་མཐུན་པ་མ་ཟད། ཨ་རིའི་མི་ཐོབ་ཀྱི་གནད་དོན་ཐད་རྒྱ་ནག་ལ་གནོན་ཤུགས་སྤྲོད་འདོད་ཀྱི་དམིགས་ཡུལ་ལ་གྲུབ་འབྲས་ཕྲན་བུ་ལས་འབྱུང་མི་སྲིད། ཨ་རི་དང་རྒྱ་ནག་བར་ལོ་ངོ་བཅུ་གྲངས་རིང་བསྐྱངས་པའི་གྲོས་མོལ་རིགས། ནང་སྒོས་སུ་དཔལ་འབྱོར་འཐབ་ཇུས་གྲོས་མོལ་ཟེར་བ་ད་ལྟ་མཚམས་བཞག་ནས། ཁུལ་ཆེན་པོ་གསུམ་ལ་གྲོས་མོལ་བྱ་དགོས་ཤིང་། དེ་དག་ནི་འགོག་སྲུང་ལས་དོན་དང་། མི་ཐོབ། ཚོང་ལས་བཅས་ཡིན།

རྒྱ་ནག་གི་མི་ཐོབ་ལ་ཤུགས་རྐྱེན་སྤྲོད་རྒྱུ་དང་ཇེ་ལེགས་ཇེ་བཟང་དུ་ཡོང་ཐབས་སུ་ཨ་རིས་འགོ་ཁྲིད་ཀྱི་ནུས་པ་ཐོན་དགོས། ཨ་རིས་ཕྱོགས་དང་སྣ་མང་པོ་ནས་ད་དུང་ཡང་མུ་མཐུད་ནས་ཧུར་བརྩོན་བྱེད་དགོས་པ་བདེན་ཡང་། ཡོ་རོབ་དང་འཛམ་གླིང་ཡུལ་གྲུ་གཞན་དག་ནས་སྔར་སྲོལ་བཞིན་མུ་མཐུད་ནས་རྒྱབ་སྐྱོར་འཚོལ་དགོས། འོན་ཀྱང་། རྒྱ་ནག་གིས་དཔལ་འབྱོར་གྱི་ཐབས་ལམ་བཀོལ་ནས་ཡོ་རོབ་ཀྱི་རྒྱལ་ཁབ་འགས་རྒྱ་ནག་གི་མི་ཐོབ་གནད་དོན་ཐད་ཉུང་ཉུང་བཤད་རྒྱུ་དང་ཡང་ན་རྦད་དེ་མི་གླེང་རྒྱུར་བཏང་ཡོད་པ་རེད། དེའི་སྟབས་ཀྱིས། ཨ་རིས་ཡོ་རོབ་ཀྱི་རྒྱལ་ཁབ་ཚང་མ་དང་མཉམ་དུ་རྒྱ་ནག་གི་མི་ཐོབ་གནད་དོན་ལ་འཐབ་ཕྱོགས་གཅིག་གྱུར་འཛིན་རྒྱུར་རེ་བ་ཆེར་མེད། ཅེས་ཁོང་གི་ལྟ་བ་དང་བསམ་ཚུལ་བཏོན་ཡོད་པ་རེད།

ཡིན་ན་ཡང་། ཨ་རི་དང་རྒྱ་ནག་གི་འབྲེལ་བའི་ཐད་ཨ་རི་གཞུང་གིས་མི་ཐོབ་ཀྱི་གནད་དོན་དང་གནད་དོན་གཞན་དག་ངོ་བོ་གཅིག་དུ་སྦྲེལ་ཐུབ་མིན་ཐད་ཆེད་མཁས་པ་སྐོར་ཞིག་གིས་ཐེ་ཚོམ་ཟས་ཡོད་པ་རེད། གོང་ཞུས་བགྲོ་གླེང་ཚོགས་འདུ་དེའི་ནང་ཞུགས་མཁན་རྒྱ་ནག་གི་གནད་དོན་ཆེད་མཁས་པ་རྒྱའི་སྐད་དུ་མིང་ལ་ལེ་ཨན་ཡུག་གམ་ཨན་ཌི་འོ ནཱ་ལྟན(Andrew Nathan)ལགས་ཀྱིས། ཨ་རིའི་ཆབ་སྲིད་སྒྲིག་གཞི་ལ་དེ་ལྟ་བུའི་འབྲེལ་བ་གྲུབ་རྒྱུའི་ནུས་པ་མི་ལྡན་ཞིང་། གལ་ཏེ་དེ་ལྟར་བྱས་པ་ཡིན་ཚེ། ཨ་རིའི་གདམ་དམངས་ཁྲོད་ཀྱི་ཚོང་ལས་ལས་དོན་མི་སྣ་ཚོས་དེ་ལ་དགག་བྱ་བྱེད་པ་མ་ཟད། དེ་ལས་ལྡོག་དེ་ཨ་རིས་རྒྱ་ནག་གཞུང་དང་གྲོས་མོལ་བྱེད་སྐབས་མི་ཐོབ་ཀྱི་གནད་དོན་ཉུང་ཉུང་གླེང་སློང་བྱ་རྒྱུར་སྐུལ་འདེད་བྱེད་ངེས་ཡིན་ཞེས་བརྗོད་ཡོད་པ་རེད།

རྒྱ་ནག་གཞུང་གིས་གནའ་ནས་ད་བར་དུ་ནུབ་ཕྱོགས་རྒྱལ་ཁབ་དང་གཞུང་། དེ་བཞིན་གསར་འགྱུར་སྨྱན་བྱད་རིགས་ཀྱིས་རྒྱ་ནག་གི་མི་ཐོབ་གནད་དོན་བསྟུད་མར་གླེང་སློང་བྱས་དང་བྱེད་ཀྱིན་པར་མ་དགའ་བར་ངོ་རྒོལ་མཐའ་གཅིག་དུ་བྱེད་ཀྱིན་ཡོད་ལ། ད་དུང་རྒྱ་ནག་གཞུང་གིས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཅིག་གིས་མི་ཐོབ་ཀྱི་གནད་དོན་ཟེར་བ་ལག་ཆ་བྱས་ནས། གཞི་གཅིག་ཚད་གཉིས་ཀྱི་བྱེད་ཐབས་ལག་བསྟར་བྱེད་ཀྱིན་ཡོད་ཅེས་སྐྱོན་བརྗོད་བྱེད་ཀྱིན་ཡོད། དེ་མིན་རྒྱ་ནག་གཞུང་གིས་རང་ཉིད་ཀྱི་མི་ཐོབ་གནད་དོན་ཚབས་ཆེན་ཡིན་པ་ངོས་ལེན་རྩ་བ་ནས་བྱས་མེད་པ་མ་ཟད། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་དང་མཉམ་དུ་ཡུལ་མི་དུང་ཕྱུར་འགའ་དབུལ་ཕོངས་ལས་ཐར་ཡོད་པས། དེ་ནི་མི་ཐོབ་ལ་སྲུང་སྐྱོབ་དང་ལེགས་བཅོས་ཀྱི་མཚོན་རྟགས་ཡིན་ཞེས་ཡང་དང་བསྐྱར་དུ་བསྒྲགས་ཀྱིན་ཡོད་པ་རེད།

མཆན: མི་ཐོབ - འགྲོ་བ་མིའི་ཐོབ་ཐང་།