ཨ་རྒྱའི་དམག་འཁྲུག་མི་རྒྱག བརྒྱབ་ཚེ་རྒྱ་ནག་ཕམ་ངེས།

Screen Shot 2016-09-18 at 10.32.32.png
ཨ་རིའི་མཁའ་མཚོ་སྦྲགས་རྫིངས་ཀྱི་རུ།

ཨ་རིའི་རིག་མཛོད་རཱན་ཌི་ཞིབ་འཇུག་ཁང(RAND Corporation) གིས་སྤྱི་ཟླ ༧ ཚེས ༢༩ ཉིན་བཀྲམས་པའི་སྙན་ཐོའི་ནང་། རྒྱ་ནག་གི་དམག་དོན་ནུས་ཤུགས་ཇེ་ཆེར་ཕྱིན་པའི་འགྲོས་དང་མཉམ་དུ། གལ་སྲིད་ཨ་རི་དང་རྒྱ་ནག་བར་དམག་འཁྲུག་བྱུང་ཚེ། ཨ་རིར་དམག་འཁྲུག་དེ་རང་ཉིད་ཀྱི་བསམ་ཚུལ་དང་འཆར་གཞིའི་ཁ་ཕྱོགས་ལྟར་སྤེལ་ཐུབ་རྒྱུར་གདེང་ཚོད་མེད་པ་མ་ཟད། མཐའ་གཅིག་ཏུ་རྣམ་པར་རྒྱལ་ཐུབ་པའི་གདེང་ཚོད་ཀྱང་མེད། ཡིན་ན་ཡང་། སྙན་ཐོ་རུ་གལ་སྲིད་དམག་འཁྲུག་བྱུང་ཚེ། རྒྱལ་ཁབ་གཉིས་ཀ་དུས་ཡུན་རིང་ཞིང་ཚད་མཐོའི་དཀའ་ཚེགས་ཆེ་བའི་དམག་འཁྲུག་ནང་ལྷུང་ངེས་ཡིན་ལ། རྒྱ་ནག་ལ་ཐེབས་པའི་གྱོང་གུན་དེ་བས་ཀྱང་ཆེ་བའི་མ་ཚད། གྱོང་གུན་དེ་དམག་དོན་ཁོ་ན་ཙམ་མིན་པར། དཔལ་འབྱོར་དང་ཆབ་སྲིད་ཀྱི་ཆའང་ཡོད། ཅེས་བཀོད་འདུག

དམག་འཁྲུག་བྱུང་སྲིད་པ།

རཱན་ཌི་ཞིབ་འཇུག་ཁང་ནི་ཨ་རིའི་དམག་དོན་གཙོ་བོ་ཡིན་པའི་སྣ་མང་འཐབ་ཇུས་ལ་ཞིབ་འཇུག་བྱེད་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཚད་མར་འཛིན་པའི་ཞིབ་འཇུག་སྡེ་ཚན་ཞིག་ཡིན། རཱན་ཌི་ཞིབ་འཇུག་ཁང་གིས་བཏོན་པའི་ཁ་བྱང་ལ༼རྒྱ་ནག་དང་དམག་འཁྲུག བསམ་ཡང་མི་ཕོད་པའི་དོན་དག༽ཅེས་པའི་སྙན་ཐོ་དེའི་ནང་། ཨ་རི་དང་རྒྱ་ནག་གི་ནང་ཏུ་དམག་འཁྲུག་ལ་དཔག་པའི་ཇུས་ངན་ལྐོག་སྒྲིག་རིགས་ཡོད་མི་སྲིད་མོད། འོན་ཀྱང་། གལ་ཏེ་ཉེན་ཁའི་རིགས་ཐག་གཅོད་ཡག་པོ་མ་བྱུང་ན། རྒྱལ་ཁབ་གཉིས་བར་ཕན་ཚུན་དགྲ་འཛིན་གྱི་བསམ་བློ་ཇེ་ཆེ་ཇེ་དྲག་ཏུ་འགྲོ་ངེས་ཡིན་པས། དེར་མཐོང་ཆུང་རྩ་བ་ཉིད་ནས་བྱེད་མི་རུང་། ཞེས་དང་།

ཡང་སྙན་ཐོའི་ནང་། རྒྱ་ནག་གི་དམག་དོན་ནུས་ཤུགས། ལྷག་པར་དུ“ནང་ཞུགས་འགོག་པ/ས་ཁུལ་འགོག་རྒོལ(A2AD)”གྱི་ནུས་པ་མངོན་པར་གྱུར་བའི་འགྲོས་དང་མཉམ་དུ། གལ་ཏེ་དམག་འཁྲུག་དངོས་སུ་བྱུང་ཚེ། ཨ་རི་ལ་བཀོལ་སྤྱོད་ཐད་གཅིག་བགྱིས་ན་བཏང་འཛིན་གྱི་དབང་ཤེད་ཐོབ་མིན་ལ་ངེས་པ་མེད། དེ་འདྲ་ཡིན་མོད་ཀྱང་། རྒྱ་ནག་གི་འགོག་སྲུང་རྩ་གཏོར་བྱེད་སྲིད་པ་དང་། དེ་ནས་རྣམ་པར་རྒྱལ་ངེས་ཡིན། ཞེས་བཀོད་འདུག

ཡང་སྙན་ཐོས། རྒྱལ་ཁབ་གཉིས་ཀས་དམག་འཁྲུག་རྒྱག་རྒྱུར་མོས་པ་མེད་མོད། འོན་ཀྱང་རྒྱལ་ཁབ་གཉིས་ཀའི་དམག་ཕྱོགས་ནས་བྱུང་སྲིད་པའི་དམག་འཁྲུག་ལ་འཆར་གཞི་གཏན་འབེབས་བྱས་ཡོད་པ་རེད། ཅེས་བཀོད་འདུག

ས་ཁུལ་རང་བཞིན་གྱི་རྒྱུན་གཏན་དམག་འཁྲུག

སྙན་ཐོར་གཞིགས་ན། གལ་སྲིད་ཨ་རྒྱའི་བར་དམག་འཁྲུག་བྱུང་ཚེ། ངོ་བོ་ནི་ས་ཁུལ་གྱི་རྒྱུན་གཏན་དམག་འཁྲུག་ཡིན་དགོས། དེ་ཡང་མཚོ་ཐོག་དང་མཚོ་འོག་གྲུ་གཟེངས་ཀྱི་འཐབ་འཁྲུག་གཙོ་བོ་ཡིན་ཞིང་། དེ་དང་མཉམ་དུ་གནམ་གྲུ་དང་འཕུར་མདའ་སྣ་ཚོགས་ཀྱི་རབ་འདེགས་བཅས་ཡིན་སྲིད། དེ་མིན་གཞན། སྲུང་སྐར་ལ་དམིགས་པའི་བར་སྣང་དམག་འཁྲུག་དང་གློག་ཀླད་མ་ལག་ལ་དམིགས་པའི་དྲྭ་རྒྱའི་དམག་འཁྲུག་ཀྱང་གཡོལ་ཐབས་མེད། གཡུལ་ས་དེ་ཤར་ཨེ་ཞི་ཡ་ཡིན་དགོས་ལ། ཁུལ་དེ་ནས་དམག་འཁྲུག་མ་རྫོགས་པར་དུ་ལྷག་སྲིད། དམག་འཁྲུག་གཏིང་ཇེ་ཟབ་ལ་ཕྱིན་པའི་འགྲོས་དང་མཉམ་དུ། ཞི་བདེ་རྒྱ་མཚོ་ནུབ་མའི་ས་ཁུལ་ཡང་གཡུལ་ས་རུ་གྱུར་སྲིད་པ་དང་། དམག་འཁྲུག་དང་མཉམ་དུ་དཔལ་འབྱོར་ལ་གོད་ཆག་ཆེན་པོ་བྱུང་རྒྱུ་གདོན་མི་ཟ།

རྡུལ་ཕྲན་མཚོན་ཆའི་ཚབས་ཆེའི་མཇུག་འབྲས་ལ་གཞིགས་ནས། རྒྱལ་ཁབ་གཉིས་ཀ་སུ་ཞིག་གིས་ཀྱང་ལག་གང་སྔས་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་མི་བྱེད། དྲྭ་རྒྱའི་དམག་འཁྲུག་ལས་གཞན་རྒྱ་ནག་གིས་ཨ་རིའི་ས་ཐོག་ལ་གཏོར་བཅོམ་བྱེད་མི་ཐུབ། འོན་ཀྱང་། ཨ་རིས་རྒྱ་ནག་གི་དམག་དོན་ལ་དམིགས་པའི་རྒྱུན་གཏན་གཏོར་བཅོམ་གཞི་རྒྱ་དེ་བས་ཀྱང་ཆེ་ཞེས་སྙན་ཐོའི་ནང་བཀོད་འདུག

སྙན་ཐོའི་རྩོམ་པ་པོས་ཞིབ་འཇུག་དུས་ཡུན ༢༠༡༥ ནས ༢༠༢༥ བར་གཏན་ཁེལ་བྱས་འདུག

སྲིད་པའི་དམག་འཁྲུག་གནས་སྟངས་རིགས་བཞི།

སྙན་ཐོས་དམག་འཁྲུག་གི་ཛ་དྲག་གི་ཚད་དང་རྒྱུན་མཐུད་དུས་ཡུན་གྱི་ཚད་ལ་གཞིགས་ནས་ཚད་འགྱུར་གཉིས་དབྱེ་ནས། ཨ་རྒྱའི་བར་བྱུང་སྲིད་པའི་ལྟར་སྣང་གི་དམག་འཁྲུག་རྣམ་པ་བཞི་རུ་དབྱེ་ཞིབ་བྱས་ཡོད་པ་དང་། དེ་དག་ནི། འཕྲལ་མ་དྲག་ཧྲག་གི་དམག་འཁྲུག ཡུན་རིང་དྲག་ཧྲག་གི་དམག་འཁྲུག ཡུན་ཐུང་དྲག་ཧྲག་འབྲིང་མའི་དམག་འཁྲུག ཡུན་རིང་དྲག་ཧྲག་འབྲིང་མའི་དམག་འཁྲུག་བཅས་བཞིའོ།

དམག་འཁྲུག་གི་དྲག་ཧྲག་གི་ཚད་དེ་སོ་སོའི་དབུ་ཁྲིད་དང་རག་ལས་ཡོད་ཅིང་། དེ་ཡང་རང་རེའི་དམག་དཔུང་གིས་ཕ་རོལ་དགྲ་བོའི་སྟོབས་ཤུགས་ལ་འཛེམ་བག་སྤུ་ཙམ་ཡང་མེད་པར་རྒོལ་རྡུང་ནན་མོ་བྱེད་རྒྱུའི་བཀའ་ཕབ་ནུས་མིན་ལ་རག་ལས་ཡོད། རྒྱལ་ཁབ་གཉིས་ཀར་དུས་ཡུན་རིང་པོའི་དམག་འཁྲུག་རྒྱག་རྒྱུའི་ཐོན་ཁུངས་ཡོད་པའི་གནས་སྟངས་ལ་གཞིགས་ན། དམག་འཁྲུག་གི་རྒྱུན་མཐུད་ཀྱི་དུས་ཡུན་དེ་ཕྱོགས་གཅིག་གིས་དམག་འཁྲུག་མུ་མཐུད་ནས་བྱེད་རྒྱུར་འདོད་པ་ཡོད་མེད་དང་། དེ་ལྟར་སོང་ཚེ་ཁེ་ཆུང་གྱོང་ཆེའི་ཕྱིན་ཅི་ལོག་པའི་འབྲས་བུ་ལས་མེད་པ་ངེས་པ་ཟིན་མིན་ལ་རག་ལས་ཡོད།

འཕྲལ་མ་དྲག་ཧྲག་གི་གནས་སྟངས་འོག ཕྱོགས་གཉིས་ཀའི་དབུ་ཁྲིད་ཚོས་ཕལ་རོལ་དགྲ་བོར་འཕྲལ་མར་རྒོལ་རྡུང་བྱོས་ཞེས་བཀའ་ཕབ་ཚེ། དམག་འཁྲུག་ལངས་པ་རེད། ༢༠༡༥ ལོའི་གནས་སྟངས་འོག ཨ་རི་ལ་རེག་སྲིད་པའི་གྱོང་གུན་ཁྲོད་ས་ཐོག་དང་། མཁའ་དམག མཚོ་དམག་གི་སྟོབས་ཤུགས། ད་དུང་མཁའ་མཚོ་སྦྲགས་རྫིངས་དང་ཨེ་ཞི་ཡ་ཞི་བདེ་རྒྱ་མཚོ་ཁུལ་དུ་ཡོད་པའི་དམག་དོན་རྟེན་གནས་ཁག་ཐེ་ཡོད། རྒྱ་ནག་ལ་དེ་ལས་མི་ཚད་པའི་གྱོང་གུན་རེག་སྲིད་ཅིང་། དེ་ཡང“ནང་ཞུགས་འགོག་པ/ས་ཁུལ་འགོག་རྒོལ(A2AD)”མ་ལག་ལ་གཏོར་བརླག་ཚབས་ཆེན་ཐེབས་ངེས་ཡིན། ཡིན་ན་ཡང་། སྤྱི་ལོ ༢༠༢༥ ལོར་སླེབས་ཚེ། རྒྱ་ནག་གི“ནང་ཞུགས་འགོག་པ/ས་ཁུལ་འགོག་རྒོལ(A2AD)”གྱི་ནུས་ཤུགས་ཇེ་ཆེར་ཕྱིན་པའི་དབང་གིས། ཨ་རིའི་གྱོང་གུན་ཇེ་ཆེར་འགྲོ་སྲིད་མོད། འོན་ཀྱང་། རྒྱ་ནག་གི་གྱོང་གུན་ད་དུང་ཡང་ཧ་ཅང་ཆེན་པོ་ཡིན།

དཔལ་འབྱོར་གྱི་ཐད་ནས་བཤད་ན། འཕྲལ་མའི་དྲག་ཧྲག་གི་ཕར་རྒོལ་གྱིས་རྒྱ་ནག་གི་གོ་ལ་ཧྲིལ་བོའི་ཚོང་དོན་ལ་ཤུགས་རྐྱེན་ཐེབས་ངེས་ཡིན་ཞིང་། རྒྱུ་མཚན་ནི་རྒྱ་ནག་གི་ཚོང་དོན་མང་ཆེ་བ་ཞི་བདེ་རྒྱ་མཚོ་ནུབ་མར་བརྒྱུད་ཀྱིན་ཡོད་པས་ཡིན། ཨ་རི་ལ་མཚོན་ན། ཚོང་དོན་ཐད་ཀྱི་གྱོང་ཆག་གཙོ་བོ་ཨ་རི་དང་རྒྱ་ནག་བར་གྱི་ཚོང་དོན་ཙམ་ཡིན།

ཡུན་རིང་འཕྲལ་མའི་དྲག་ཧྲག་དམག་འཁྲུག་ཁྲོད། ༢༠༡༥ལོའི་གནས་སྟངས་ལྟར་ན། དམག་འཐབ་ཀྱི་འཁྲུག་ཡུན་ག་ཚོད་དུ་འགྱངས་ན།  རྒྱ་ནག་ལ་ཐེབས་པའི་ཤུགས་རྐྱེན་དེ་ཚོད་ཀྱིས་ཇེ་ཆེ་ཡིན། ༢༠༢༥ལོའི་སྐབས། ཨ་རི་ལ་དམག་འཁྲུག་ཁྲོད་རྣམ་པར་རྒྱལ་རྒྱུའི་གདེང་ཚོད་དེ་ཙམ་གྱི་དམའ་ཡང་། རྒྱ་ནག་དམག་འཁྲུག་ལས་རྣམ་པར་རྒྱལ་འགྲོ་བའི་མི་ཁྱབ། དེ་ལས་ལྡོག་སྟེ། དམག་འཐབ་འཁྲུག་ཡུན་འགྱངས་པ་དང་མཉམ་དུ། ཞི་བདེ་རྒྱ་མཚོ་ནུབ་མའི་ས་ཁུལ་མང་ཆེ་བ་སྟེ། མཚོ་སེར་པོ་ནས་ལྷོ་རྒྱ་ནག་རྒྱ་མཚོ་བཅས་སུ་མཁའ་དང་མཚོ་གཉིས་ཀའི་ཚོང་ལས་བསྐྱེལ་འདྲེན་རིགས་ཧ་ཅང་གི་ཉེན་ཁ་ཆེ་བར་གྱུར་ངེས་ཡིན། ཚོང་དོན་འཕྲལ་མར་མར་ཆག་པ་དེས་རྒྱ་ནག་གི་དཔལ་འབྱོར་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་སྲིད་པ་མ་ཟད། འཁྲུག་ཡུན་མུ་ནས་མུ་རུ་འགྱངས་པ་དང་དྲག་ཧྲག་གི་གཏིང་ཇེ་ཟབ་ཏུ་ཕྱིན་པ་ལ་སོགས་པའི་དབང་གིས། རྒྱལ་ཁབ་གཞན་དག་དང་། སྤྱིར་ན་ཨ་རིའི་མནའ་འབྲེལ་རྒྱལ་ཁབ་ཚོ་དམག་འཁྲུག་ནང་ཞུགས་སྲིད་ལ། ནང་སྒོས་སུ་ཉི་ཧོང་དམག་འཁྲུག་ནང་ཞུགས་སྲིད་པ་རེད།

འཕྲལ་མའི་དྲག་ཧྲག་བར་མའི་དམག་འཁྲུག་ཅེས་པ་ནི། ཚད་རིམ་ཅུང་དམའ་བ་དང་། རེ་ཟུང་། ཆ་ཤས་དམག་འཁྲུག་ལ་ཟེར་ཞིང་། དམག་འཁྲུག་འདིའི་རིགས་ལ་གོད་ཆག་ཆེན་པོ་མེད། སྙན་ཐོའི་ནང་། འདི་ལྟ་བུའི་གནས་སྟངས་འོག རྒྱལ་ཁབ་གཉིས་ཀའི་དབུ་ཁྲིད་ལ་འོས་མིན་བསྟུན་ཐབས་བྱེད་རྒྱུའི་ནུས་པ་དང་འདོད་པ་ཡོད། དེར་བརྟེན། དམག་འཁྲུག་འདིའི་རིགས་དཔལ་འབྱོར་ལ་གོད་ཆག་མ་ཕོག་གོང་། རྒྱལ་ཁབ་ནང་གི་ཆབ་སྲིད་དང་རྒྱལ་སྤྱིའི་བརྟན་བརླིང་ལ་ཤུགས་རྐྱེན་མ་ཐེབས་གོང་མཚམས་འཇོག་སྲིད་པ་རེད།

དེ་བཞིན་དུ་སྙན་ཐོའི་ནང་། འོས་མིན་བསྟུན་ཐབས་གཡོལ་བ་ལས་བྱུང་བའི་ཆབ་སྲིད་མ་རྩ་ཡིས། རྒྱལ་ཁབ་གཉིས་ཀ་འཁྲུག་ཡུན་འབྲིང་གི་འཐབ་འཁྲུག་ནང་ཁྲིད་སྲིད་པ་དང་། འདི་ལྟ་བུའི་གནས་ཚུལ་བྱུང་ཚེ། རྒྱ་ནག་གི་དཔལ་འབྱོར་ལ་གོད་ཆག་ཆེན་པོ་ཕོག་ངེས་ཡིན་ཞེས་བཀོད་འདུག

དམག་འཁྲུག་མཇུག་འགྲིལ་བ།

འོན་ཀྱང་། དམག་འཁྲུག་རིགས་ནམ་རྒྱུན་དམག་དོན་མ་ཡིན་པའི་རྒྱུ་མཚན་ལ་བསྟུན་ནས་མཇུག་འགྲིལ་སྲོལ་ཡོད། དམག་དོན་མ་ཡིན་པའི་རྒྱུ་རྐྱེན་དེ་དག དུས་དེ་རིང་དང་ཡང་ན་མ་འོངས་པ་གང་ལ་གཞིག་ཀྱང་ཨ་རི་ལ་ཁེ་ལས་གྱོང་མེད།

སྙན་ཐོའི་ནང་འདི་ལྟར་བཀོད་འདུག དམག་འཁྲུག་གིས་རྒྱལ་ཁབ་གཉིས་ཀའི་དཔལ་འབྱོར་ལ་གྱོང་གུན་བཟོ་སྲིད་མོད་ཀྱང་། ཨ་རི་ལ་ཐེབས་པ་ནི་རྒྱལ་དམངས་ཐོན་སྐྱེད་སྤྱིའི་བསྡོམས་གྲངས་ཀྱི ༥% ནས ༡༠% ཡིན། རྒྱ་ནག་ལ ༢༥% ནས ༣༥% ཐེབས་སྲིད་པ་རེད།

རྒྱལ་ཁབ་ནང་ཁུལ་གྱི་ཆབ་སྲིད་ཐད་ནས་བཤད་ན། འདི་ལྟ་བུའི་དཔལ་འབྱོར་གྱོང་གུན་གྱིས་རྒྱ་ནག་གི་ཆབ་སྲིད་ལ་མི་བརྟན་གཡོ་ཟོལ་གྱི་སྣ་འདྲེན་སྲིད་པ་མ་ཟད། རྒྱ་ནག་ནང་གི“ཁ་བྲལ་རིང་ལུགས་པར”སྐུལ་སློང་གི་ནུས་པ་ཐོན་སྲིད་པ་རེད། ཨ་རིར་མཚོན་ན། དམག་འཁྲུག་གིས་ཆབ་སྲིད་ཚོགས་པ་ཆེ་ཁག་གཉིས་པར་འགལ་བ་དང་མི་མཐུན་པའི་རིགས་བྱུང་སྲིད་ཀྱང་། རྒྱལ་ཁབ་བརྟན་བརླིང་ཡིན།

རྒྱལ་སྤྱིའི་ཤུགས་རྐྱེན་ཐད་ནས་གཞིགས་ན། ཡུན་རིང་འཕྲལ་མའི་དྲག་ཧྲག་གི་འཐབ་འཁྲུག་བྱས་ན་ཨ་རི་ལ་མཚོན་ན་དགེ་མཚན་ཆེ་བ་ཡོད། ཨ་རིའི་ཨེ་ཞི་ཡའི་མནའ་འབྲེལ་རྒྱལ་ཁབ་ཚོས་རྒྱ་ནག་གི་དམག་དོན་རྨོངས་རྒྱུགས་ཕམ་པར་རྒྱག་ངེས་ཡིན། ཨུ་རུ་སུ་དང་། རྒྱ་གར། བྱང་མཚོ་ཆེན་མོ་དམག་དོན་ཆིངས་སྒྲིག་བཅས་ཀྱི་ཤུགས་རྐྱེན་ལ་ཚད་ངེས་ཅན་ཞིག་ཡོད། བྱང་མཚོ་ཆེན་མོ་དམག་དོན་ཆིངས་སྒྲིག་གིས་ཨུ་རུ་སུ་ཡིས་ཡོ་རོབ་ཏུ་སྤེལ་འདོད་ཡོད་པའི་བྱ་འགུལ་རིགས་འགོག་ཐུབ། ༢༠༢༥ ལོའི་ཉི་ཧོང་གི་མཉམ་ཞུགས་ཀྱིས་དམག་འཁྲུག་གི་ཁ་ཕྱོགས་ལ་འགྱུར་བ་ཐེབས་རྒྱུ་མ་ཟད་དམག་འཁྲུག་གི་འབྲས་བུ་ལའང་ཤུགས་རྐྱེན་ཐེབས་ངེས་ཡིན། དཀྱིལ་ཤར་གྱི་མི་བརྟན་མི་བརླིང་གི་གནས་སྟངས་ཀྱིས་ཨ་རྒྱའི་ཁེ་ཕན་ལ་གནོད་ལས་དགེ་མེད།

སྙན་ཐོའི་མཇུག་ཏུ། གལ་སྲིད་ཨ་རྒྱའི་བར་དམག་འཁྲུག་བྱུང་ཚེ། མཇུག་འབྲས་ཤིན་ཏུ་ནས་ཚབས་ཆེན་ཡིན་པ་སྨོས་མ་དགོས།  རྒྱུ་མཚན་དེར་གཞིགས་ནས། རྒྱལ་ཁབ་གཉིས་ཀས་དམག་འཁྲུག་མི་བྱུང་རྒྱུ་དེ་སྲིད་ཇུས་ཀྱི་ཡང་ཏིག་སྙིང་པོ་བྱེད་དགོས། དམག་འཁྲུག་ལ་དཔོག་དཀའ་བའི་འགྲོ་གྲོན་དགོས་པས། དམག་འཁྲུག་ཆེད་ངན་ཇུས་སྔོན་དུ་འགོད་མི་སྲིད། ཡིན་ན་ཡང་། རྒྱལ་ཁབ་གཉིས་ཀར་གཞི་རྒྱ་ཆེ་ཞིང་སྟོབས་དང་ལྡན་པའི་ཉེན་སེལ་དོ་དམ་ལས་ཁུངས་དང་དམག་ཕྱོགས་བཏང་འཛིན་བྱེད་པའི་དམག་ཕྱོགས་མིན་པའི་བཏང་འཛིན་སྟོབས་ཤུགས་དགོས་པ་རེད།

སྙན་ཐོའི་རྩོམ་པ་པོས་གལ་པོ་ཆེ་ལ་ནན་གྱིས་ཚུལ་དུ། སྙན་ཐོ་འདིའི་ཨ་རི་གཞུང་ལ་དམིགས་ནས་དབྱེ་ཞིབ་བྱས་ཀྱང་། རྒྱ་ནག་གི་དབུ་ཁྲིད་ཚོས་ཀྱང་སྔ་ས་ནས་དམག་འཁྲུག་གི་མཇུག་འབྲས་ལ་བསམ་མནོ་གཏོང་རྒྱུའི་རེ་བ་ཡོད་ཅེས་བསྐུལ་འདུག

Advertisements