
ཁཱ་ན་ཌ་ལ་ཁའུ་པེ་ཁི(Quebec) ཡི་གནད་དོན་ཡོད་། སི་པན་ལ་ཁཱ་ཐ་ལན་སི (Catalans) ཡི་གནད་དོན་ཡོད། དབྱིན་ཇི་ལ་སི་ཀ་ལནྡི་ (Scltland) ཡི་གནད་དོན་ཡོད། རྒྱ་ནག་ལ་ཐེ་ཝན་གྱི་གནད་དོན་ཡོད་ལ། བོད་ཀྱི་གནད་དོན་དང་ཡུ་གུར་གྱི་གནད་དོན་ཡོད་མུས་སུ་ཡིན་པའི་ཁར། ད་ལྟ་ཧོང་ཀོང་གི་གནད་དོན་ཟེར་བ་ཞིག་གསར་དུ་བསྣན་ཡོད།
ལོ་གཅིག་གི་སྔོན་ཙམ་ནས་བཟུང་། རྒྱ་ནག་པེ་ཅིང་གཞུང་རང་ལུགས་ཀྱི་དམངས་གཙོའི་འོས་འདེམས་ལས་བྱུང་པའི་རང་སའི་ལས་འགུལ་ལ་གདོང་ལེན་བྱེད་དགོས་པའི་གནད་དོན་གསར་བ་དེར་ཐུག་ཡོད།
སྤྱི་ཟླ ༩ ཚེས ༤ ཉིན་སྤེལ་པའི་ཧོང་ཀོང་གྲོས་ཚོགས་འཐུས་མིའི་འོས་འདེམས་ཆེན་མོའི་འབྲས་བར་གཞིགས་ན། རང་སའི་ལས་འགུལ་གྱི་གཉོམ་ལག་རྒྱས་ཏེ་སྟོབས་དང་ཤེད་འཛོམས་ནས། དེང་སང་ཆབ་སྲིད་ཀྱི་དབང་ཤེད་ལྡན་སའི་སྟེགས་བུར་བསླེབས་ཡོད་པ་དང་། ཟིལ་ཤུགས་ཀྱིས་འབར་བའི་རྒྱ་ནག་རྒྱལ་ཁབ་ན། ཧོང་ཀོང་ནི་དེ་ལྟ་བུའི་ཆབ་སྲིད་ཀྱི་གྲུབ་འབྲས་བྱུང་སྲིད་པའི་ས་ཁུལ་ཁོ་ན་དེ་ཡིན།
ཉེ་ཆར་སྤེལ་བའི་ཧོང་ཀོང་གྲོས་ཚོགས་འཐུས་མི་འོས་འདེམས་ཁྲོད། ལོ་ན ༤༠འི་འོག་གི་ན་གཞོན་དྲུག་ཧོང་ཀོང་ཁྲིམས་བཟོ་ལྷན་ཁང་གི་འཐུས་མིར་བདམས་ཡོད་པ་དང་། ཁོང་ཚོས་གདམ་རྩོད་སྐབས་ཧོང་ཀོང་པ་ས་ཡ་བདུན་དང་འབུམ་ལྔ་ཡིས་རང་ཉིད་ཀྱི་ལས་དབང་རང་གིས་ཐག་གཅོད་དགོས་ཞེས་སྐུལ་མ་བྱས་ཡོད།
མི་རབས་གཅིག་གི་ཡར་སྔོན་དུ། དབྱིན་ཇི་དང་རྒྱ་ནག་གཞུང་གཉིས་ཀས་ཕྱོགས་གཉིས་ཁོ་ནའི་གྲོས་མོལ་བརྒྱུད། ཧོང་ཀོང་མི་དམངས་ཀྱི་སྐུ་ཚབ་ཀྱི་ངོ་བོས་དབང་ཡོད་ཐག་གཅོད་བྱས་ནས། དེ་སྔོན་དབྱིན་ཇིའི་མི་སེར་སྤེལ་ཡུལ་ཡིན་པའི་ཧོང་ཀོང་དེ་རྒྱ་ནག་དམར་ཤོག་ཚོགས་པའི་དབང་བསྒྱུར་འོག་བཅུག་པ་རེད།
གསར་བྱུང་གི་འཐུས་མི་གསར་པ་དེ་དག པེ་ཅིང་དང་ཧོང་ཀོང་གི་ནང་ཁུལ་གནས་ཚུལ་ལ་བྱང་ཆུབ་པའི་ཞི་ཞིང་འཇམ་པའི་དམངས་གཙོར་ཕྱོགས་པའི་ཁྲིམས་བཟོ་མཁན་དེ་དག་དང་རྦད་དེ་ཁ་ཁ་ཡིན། ཕྱི་མ་དེ་ཚོས་འདས་པའི་ལོ་ངོ་བཅུ་གྲངས་སུ། ཐད་ཀར་འོས་འདེམས་གྱི་ལས་དོན་ལ་གཞོག་འདེགས་དང་ཆབས་ཅིག པེ་ཅིང་གཞུང་དང་མཉམ་ལས་བྱེད་འདོད་ཆེན་པོ་ཡོད།
འཐུས་མི་གསར་བ་དེ་ཚོ། ཁོང་ཚོའི་བསམ་དོན་བཞིན་བདམས་ཐོན་བྱུང་པ་ལས། མ་མཐའ “དཀྱིལ་ཁུལ་བཙན་འཛིན” ཟེར་བའི་ལས་འགུལ་གྱི་རྗེས་ནས་བཟུང་། མི་དམངས་ཀྱི་བློ་ཁ་པེ་ཅིང་ལ་ཕྱོགས་མེད་པ་གསལ་བོར་མཚོན་ཡོད། ཧོང་ཀོང་མི་དམངས་ཀྱིས་ལོ་རྗེས་མར་སྤེལ་རྒྱུའི་དམིགས་བསལ་འཛིན་སྐྱོང་གི་འོས་འདེམས་ཁྲོད་ཆ་ཤས་མང་ཙམ་ལེན་རྒྱུའི་རེ་འདུན་བཏོན་ཡོད་ཀྱང་། པེ་ཅིང་ལ་རེ་འདུན་དེ་དང་བསྟུན་འདོད་རྩ་བ་ནས་མེད།
ཧོང་ཀོང་ལས་གཞན། རྒྱ་ནག་གཞུང་གིས་བཙན་ཐབས་བཀོལ་ནས་རང་བཙན་གྱི་འདུ་ཤེས་ཅན་གྱི་གྲངས་ཉུང་མི་རིགས་ཚོའི་རེ་འདུན་བཅོམ་རྐྱང་བྱས་དང་བྱེད་ཀྱིན་ཡོད། དཔེར་ན། ཐེ་ཝན་ལ་མཚོན་ན། རྒྱ་དམར་དེང་གཞུང་གིས་རང་མགོ་རང་གིས་གཡོག་པའི་བཤད་སྟངས་ཤིག་མ་གཏོགས། ཐེ་ཝན་ནི་དོན་གྱིས་རྒྱལ་ཁབ་ཞིག་གི་ངོ་བོས་གནའ་ནས་ད་བར་དུ་གནས་ཡོད་ལ། རྒྱ་དམར་གྱི་དབང་བསྒྱུར་འོག་མེད་སྟབས། བྱེད་ཐབས་བྲལ་ཡོད། བོད་དང་ཡུ་གུར་མི་རིགས་ཀྱིས་མིང་དོན་མཚུངས་པའི་རང་སྐྱོང་ངོ་མ་ཞིག་དང་ཡང་ན་རང་བཙན་ངོ་མ་ཞིག་རེག་སླད་དུ་འདས་པའི་ལོ་མང་རིང་ལས་འགུལ་སྤེལ་ཡོད་པ་རེད། ཡིན་ན་ཡང་། ཧོང་ཀོང་དུ་ཆབ་སྲིད་ཀྱི་དབང་ཆ་དེ་རྩ་ཁྲིམས་ཆུང་ཆུང་ཞིག་གིས་སྲུང་སྐྱོབ་བྱས་ཡོད་ལ། སྤྱི་ལོ ༡༩༩༧ ལོར་ཧོང་ཀོང་གི་བདག་དབང་དེ་པེ་ཅིང་ལ་རྩིས་སྤྲོད་སྐབས། པེ་ཅིང་དེང་གཞུང་གིས་རྩ་ཁྲིམས་ཆུང་བ་དེ་སྤྱི་ལོ ༢༠༤༧ ལོའི་བར་དུ་ངོས་ལེན་དང་རྩི་སྲུང་བྱ་རྒྱུ་ཡིན་ལུགས་ཁས་བླངས་ཡོད་པ་རེད།
རྒྱ་ནག་དབུས་གཞུང་གིས་གསར་དུ་བདམས་པའི་འཐུས་མི་དེ་དག་ལ་གདོང་ལེན་ཇི་ལྟར་བྱེད་རྒྱུ་ད་དུང་རྟོག་དཔྱོད་ཀྱི་ཡུལ་ཡིན་ཞིང་། འཐུས་མི་གསར་བ་དེ་དག་གིས་འབྱུང་འགྱུར་ལོ་ངོ་བཅུ་གྲངས་འགར་ཆབ་སྲིད་ཀྱི་གར་སྟེགས་སྟེང་མི་ཁོམ་གཞི་བདག་གི་བརྟུལ་ཞུགས་འཛིན་ངེས་ཡིན། ཁོང་ཚོའི་ཁྲོད་ལོ་ན་ཆུང་ཤོས་དེ་ལོ ༢༣ རེད།
ཧོང་ཀོང་གི་འོས་འདེམས་ལྷན་ཁང་གིས་འོས་མི་ལྔ་འོས་འདེམས་ནང་ཞུགས་རྒྱུ་བཀག་འགོག་བྱས་པ་དེས་གཅིག་བགྱིས་ན་ནུས་པ་ལྡོག་ཕྱོགས་ནས་ཐོན་ཡོད་པ་འདྲ། གང་ལྟར་སྤྱི་ཟླ ༩ ཚེས ༤ ཉིན་སྤེལ་པའི་འོས་འདེམས་ཆེན་མོའི་སྐབས། འོས་ཤོག་འཕེན་མཁན་གྱི་གྲངས་ཀས་ཟིན་ཐོ་གསར་བ་ཞིག་བཀོད་ཡོད་པ་དང་། ས་གཤིས་ལྟར་ཆ་བགོས་བྱས་པའི་གདམ་ཁུལ ༣༥འི་འཐུས་མིའི་ཁྲོད། འོས་ཤོག་མང་ཤོས་ཐོབ་མཁན་ནི་གསར་དུ་བདམས་པའི་འཐུས་མི་སྐུ་ཞབས་ཀྲུའུ་ཁེ་ཏེ(Eddie Chu) རེད།
ཧོང་ཀོང་ལེན་ནན་སློབ་ཆེན་གྱི་ཆབ་སྲིད་རིག་པའི་སློབ་དཔོན་ཀྲང་པོ་ཧྭས་ཀྱིས་བཤད་པ་ཇི་བཞིན། དེ་ནི་པེ་ཅིང་དེང་གཞུང་གི་འཐབ་ཇུས་ཕམ་ཉེས་ཤིག་ཡིན་པ་གདོན་མི་ཟ། ན་ནིང་གི་སྲང་མགོའི་ལམ་སྣེའི་ལས་འགུལ་དེ་ཚོ། དེ་རིང་ཆབ་སྲིད་སྒྲོམ་གཞིའི་ནང་དངོས་སུ་ཞུགས་ཐུབ་ཡོད་པས། ཁོང་ཚོས་འབྱུང་འགྱུར་ཀྱི་ལོ་ཟླའི་ཁྲོད་པེ་ཅིང་བདེ་བོར་མི་འཇོག་ཁག་ཐེག་ཡིན།
དེ་རིང་། པེ་ཅིང་གཞུང་གིས་གསར་བྱུང་གི་མི་རབས་འདིའི་ཆབ་སྲིད་སྟོབས་ཤུགས་ལ་གདོང་ལེན་ཇི་ལྟར་བྱེད་རྒྱུ་དཔོག་དཀའ་ཡང་། དེ་ཡི་ཤུགས་རྐྱེན་ད་ལོའི་སྤྱི་ཟླ ༧ པར་སྤེལ་བའི་མི་དམངས་ཀྱི་འདོད་བློའི་བརྟག་དཔྱད་ཞིག་ལས་གསལ་བོར་བཏོན་ཡོད་ལ། ལོ་ན ༡༤ ནས ༢༤ ཅན་གྱི་ཧོང་ཀོང་བའི་ཁྲོད ༤༠ %ཡིས་སྤྱི་ལོ ༢༠༤༧ ལོའི་རྗེས་སུ་ཧོང་ཀོང་རང་བཙན་བྱ་རྒྱུར་བློ་ཁ་བཅངས་ཡོད་པ་རེད། ལོ་ན ༢༤འི་འོག་གི་གཞོན་སྐྱེས་དེ་དག་ནི་ཧོང་ཀོང་གི་མ་འོངས་པའི་བདག་པོ་ཡིན་པས། འགལ་མཐུན་འདུ་བྲལ་གྱི་ཐག་གཅོད་མཁན་དེ་ཚོ་ལས་གཞན་མེད།
རྒྱ་ནག་གཞུང་འབྲེལ་སྨྱན་བྱད་ཞིན་ཧྭ་གསར་ལས་ཁང་གིས་པེ་ཅིང་གི་མཐོ་རིམ་དཔོན་རིགས་ཞིག་གི་སྐད་ཆ་ལུང་དྲངས་ནས། ཧོང་ཀོང་རང་བཙན་གྱི་སྨྲ་བརྗོད་དེ་རྒྱ་ནག་གི་རྩ་ཁྲིམས་དང་འགལ་འཛོལ་ཡིན་ལུགས་དང་། དེ་ཡིས་ཧོང་ཀོང་གི་དར་རྒྱས་འཕེལ་རིམ་ལ་གནོད་རབ་སོགས་སྐྱོན་འཛུགས་བྱས་ཡོད་པ་རེད།
ཡིན་ན་ཡང་། རང་སའི་ལས་འགུལ་དར་ཞིང་རྒྱས་པ་དེ། པེ་ཅིང་གི་རང་ཉིད་དང་ཧོང་ཀོང་གི་འབྲེལ་བ་དོ་དམ་བྱེད་ཕྱོགས་ཀྱི་འབྲས་བུ་ཡིན་པ་དང་ཀུན་ནས་མཚུངས་ཤིང་། ཧོང་ཀོང་ལ་རང་ཉིད་ཀྱི་ཆབ་སྲིད་དང་ཁྲིམས་སྲོལ་ལམ་ལུགས་ཡོད་པ་མ་ཟད། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཞེས་པའི་མིང་བྱང་འོག་རྒྱ་ནག་དང་མཉམ་གནས་མཉམ་འཚོ་བྱེད་ཀྱིན་ཡོད། དེ་འདྲའི་གནས་སྟངས་ཡིན་མོད་ཀྱང་། ཧོང་ཀོང་གི་ལས་དོན་གལ་གནད་ཅན་གྱི་ཐད་པེ་ཅིང་གི་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱིན་ཡོད་ལ། དེ་ལྟ་བུའི་དབང་ཆའི་རིགས་མིང་ལ༼ གཞི་རྩའི་ཁྲིམས་སྲོལ༽ ཞེས་པའི་རྩ་ཁྲིམས་ཆུང་བའི་ནང་བཀོད་ཡོད་པ་རེད།
དཔེ་མཚོན་གཅིག་དྲངས་ན། ༢༠༡༤ལོའི་ཟླ ༨ར། རྒྱ་ནག་རང་གི་འགྱིག་གི་ཐམ་ཀ་སྟེ་ཁྲིམས་བཟོ་ལྷན་ཁང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཟེར་བས་ཧོང་ཀོང་གི་དམིགས་བསལ་འཛིན་སྐྱོང་གི་འོས་འདེམས་བྱེད་ཕྱོགས་ལ་སྒྲིག་ལམ་གཏན་འབེབས་བྱས་ནས། ཕལ་ཆེར་པེ་ཅིང་གིས་མིང་བཏོན་པའི་འོས་མི་ཞིག་མ་གཏོགས་འོས་ཤོག་སྟེང་མིང་གཞན་ཐོན་མི་ཆོག་པ་འདྲ་བོ་བཟོས་ཡོད་པ་ལྟ་བུ་རེད།
པེ་ཅིང་གི་བློ་ཡུལ་ལས་འདས་པ་ཞིག་ལ། གཏན་འབེབས་དེས་གཞི་རྒྱ་ཆེ་ཞིང་གཏིང་རིང་པའི་སྲང་མགོ་ལམ་སྣེའི་ངོ་རྒོལ་ལས་འགུལ་བསླངས་ཤིང་། ༢༠༡༤ ལོའི་ཟླ ༩ པར་ཧོང་ཀོང་དུ “དཀྱིལ་ཁུལ་བཙན་འཛིན”ཟེར་བའི་ལས་འགུལ་ལངས་ནས་འགྲིམ་འགྲུལ་ལམ་ཆེན་གཙོ་བོ་འགའ་ཟླ་གཉིས་དང་ཕྱེད་ཀའི་རིང་བཀག་པ་རེད། ད་ལོའི་གསར་དུ་བདམས་པའི་ཁྲིམས་བཟོ་ལྷན་ཁང་གི་འཐུས་མི་དྲུག་པོ་རྣམ་པ་འདྲ་མིན་གྱི་ངོ་བོས་ལས་འགུལ་དེའི་ནང་ཞུགས་ཡོད་པ་དང་། དེའི་ནང་ནས་ལོའུ་ཀུན་ཙོང(Nathan law) ནི་ངོ་རྒོལ་ལས་འགུལ་དེའི་དབུ་ཁྲིད་ཀྱི་གྲས་ན་ཡོད།
མི་རྣམས་པས“ཆར་གདུགས་ལས་འགུལ”དུ་འབོད་པའི་ངོ་རྒོལ་ལས་འགུལ་དེའི་སྔོན་དུ། རང་ཐག་རང་གཅོད་ཀྱི་བཤད་སྲོལ་དེ་གྲོས་མོལ་གྱི་གླེང་བྱའི་ཁོངས་ན་ཡང་མེད་མོད། ཆར་གདུགས་ལས་འགུལ་ལ་ཕམ་ཉེས་བྱུང་ཞིང་། དེའི་ཁར་པེ་ཅིང་དེང་གཞུང་གིས་ཧོང་ཀོང་གི་རང་ཐག་རང་གཅོད་ཀྱི་དབང་ཆ་ཉམས་དམས་སུ་གཏོང་བའི་རྗེས་མཐུད་ཀྱི་བྱ་སྤྱོད་རིགས། དེ་མིན་ཧོང་ཀོང་གི་དཔེ་ཆའི་ཚོང་པ་ལྔ་རྒྱ་ནག་སྐམ་ས་ཆེན་མོའི་ཉེན་རྟོག་པས་ས་མཚམས་བརྒལ་ནས་བཙན་ཁྲིད་བྱས་པའི་དོན་རྐྱེན་བཅས་ཀྱིས། ཧོང་ཀོང་མི་དམངས་གི་སེམས་སུ་པེ་ཅིང་གཞུང་ལ་ཡིད་ཆེས་བྱེད་དཀའ་བའི་བློ་ཁ་ཤར་བ་དང་མཉམ་དུ། ཧོང་ཀོང་གི་མ་འོངས་གནས་སྟངས་ལ་སེམས་ཁུར་མི་བྱེད་རང་བྱེད་དུ་གྱུར་པ་རེད།
ཧོང་ཀོང་མི་དམངས་ཀྱིས “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཟེར་པར་ཡིད་ཐང་གཏིང་ནས་ཆད་ཡོད་པ་འོས་ཤོག་གི་ལམ་ནས་བསྟན་ཡོད། མདོར་བསྡུས་ན། དེ་རིང་གི་ཧོང་ཀོང་མི་དམངས་ལ་རང་བཙན་ལས་གཞན་འགྲོ་སའི་ལམ་ཁ་ཞིག་མེད་པའི་ཚོར་བ་ཤེད་ཆེན་པོས་སྐྱེས་འདུག
ལོ་ན་གཞོན་པའི་འཐུས་མི་གསར་བ་དེ་དྲུག་པོར་ཐོབ་པའི་གདན་ཁྲི་ཡིས་ཁྲིམས་བཟོ་ལྷན་ཁང་གི་གདན་ཁྲིའི ༡༠ % མ་གཏོགས་ཟིན་མེད་ལ། པེ་ཅིང་ལ་ཕྱོགས་པའི་ཚོགས་པ་ཁག་གིས་ཁྲིམས་བཟོ་ལྷན་ཁང་གི་གདན་ཁྲི་མང་ཆེ་ཤོས་བཟུང་ཡོད་པ་དང་། རྒྱུ་མཚན་ནི་འཐུས་མི་ཕྱེད་ཀ་ལས་མང་པ་ལས་རིགས་དང་སྤྱི་ཚོགས་ཚོ་ཤོག་གིས་གྲུབ་ཡོད་པས། དེའི་ནང་ཡུལ་སྐོར་སྤྲོ་གསེང་ལས་རིགས་དང་ཁག་ཐེག་ཁེ་པ་སོགས་ཡིན་པས། དེའི་རིགས་ཀྱི་འཐུས་མིའི་ཁྲོད་པེ་ཅིང་ལ་ཕྱོགས་མཁན་མང་པོ་ཡོད།
ཧོང་ཀོང་གི་བདག་དབང་རྒྱ་ནག་ལ་རྩིས་སྤྲོད་མིན་གྱི་ཆོག་མཆན་ཧོང་ཀོང་མི་དམངས་ལ་ཞུས་མྱོང་མེད་ལ་ཧོང་ཀོང་མི་དམངས་ཀྱིས་དེར་མོས་མཐུན་ཡང་རྩ་བ་ཉིད་ནས་གནང་མྱོང་མེད། རྩ་ཁྲིམས་འོག་གི ༼ གཞི་རྩའི་ཁྲིམས་སྲོལ༽ ཡིན་པའི་ཆ་ནས་བཤད་ན་ཡང་། མི་དམངས་ཀྱི་ཆོག་མཆན་རེག་མེད། དེ་ནི་དབྱིན་ཇི་དང་རྒྱ་ནག་གཞུང་བར་གྱི་གཡོ་ཚོང་ཞིག་རེད། དེང་ཐོག་ནས་ཧོང་ཀོང་མི་དམངས་ཀྱི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དང་དབང་ཆ་ཡོད་ཚད་བཙན་འཕྲོག་དང་རྡོག་རོལ་བཏང་ཡོད་པས། རྒྱ་ནག་པེ་ཅིང་གཞུང་གིས་ཧོང་ཀོང་ལ་དབང་བསྒྱུར་བྱས་པ་དེ་རྩ་བའི་ཆ་ནས་ཁྲིམས་འགལ་ཡིན།
འདས་པའི་མི་རབས་དེ་དག་གི་ཁྲོད། དམངས་གཙོར་ཕྱོགས་པའི་འཐུས་མི་ཕལ་མོ་ཆེས་ཧོང་ཀོང་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པའི་བཤད་སྲོལ་ལ་ངོས་ལེན་བྱས་ཡོད་པ་རེད། ཁོང་ཚོས ༼ གཞི་རྩའི་ཁྲིམས་སྲོལ༽ ཞེས་པའི་སྒྲོམ་གཞིའི་འོག ཧོང་ཀོང་གཞུང་དེ་ཅུང་ཡངས་པའི་དམངས་གཙོའི་ལམ་ལུགས་ཤིག་ལ་ཕྱོགས་རྒྱུར་ཧུར་བརྩོན་གནང་པ་རེད། ཡིན་ན་ཡང་། གསར་བྱུང་གི་མི་རབས་གསར་པའི་འཐུས་མི་དེ་དག་ཁོང་ཚོའི་སྔོན་གྱི་འཐུས་མི་དག་གི་བསམ་ཕྱོགས་དང་རྦད་དེ་ཁ་ཁ་སོ་སོ་ཡིན་པ་རེད།