
བོད་ཀྱི་གློག་བརྙན་འཁྲབ་སྟོན་པ་སྦྱིན་པའམ་གེའུ་ལགས་ཐེ་ཝན་གསེར་གྱི་གྱི་ལིང་བྱ་དགའི་འོས་མིང་དུ་ཚུད་འདུག
སྤྱི་ཟླ ༡༠ པའི་ཚེས ༡ ཉིན། སྐབས་ང་གསུམ་པའི་གསེར་གྱི་གྱི་ལིང་རྟགས་མའི་འོས་མིང་གི་ཐོ་ཡིག་ཕྱི་རུ་བསྒྲགས་ཡོད་པ་དང་། འཁྲབ་ཁྲིད་པ་ཀྲང་དབྱང་གི་བརྩམས་ཆོས༼ རྒྱུན་བུའི་སྟེང་གི་རྣམ་ཤེས༽ ཀྱི་གཙོ་འཁྲབ་པ་ཡིན་པའི་ཆ་ནས་གློག་བརྙན་འཁྲབ་སྟོན་པ་གསར་བ་རྩེ་གྲའི་འོས་མིང་དུ་བོད་ཀྱི་ན་གཞོན་འཁྲབ་སྟོན་པ་སྦྱིན་པའམ་གེའུ་ལགས་ཚུད་འདུག སྦྱིན་པའམ་གེའུ་ལགས་ནི། བོད་མདོ་སྨད་མཛོད་དགེ་ཉིན་མའི་མི་ཡིན། ཁོང་ནི་གློག་བརྙན་འཁྲབ་སྟོན་གྱི་ལས་ལ་ཞུགས་ནས་དུས་ཡུན་རིང་པོ་ལོན་མེད་ནའང་འཁྲབ་རྩལ་འཛོམས་ཤིང་སྒྱུ་རྩལ་ལ་དགའ་ཞེན་མཆོག་ཏུ་ཆེ་བས་ཀུན་ཀྱི་དང་བ་འདྲེན་ནུས་པའི་དྲ་ལམ་གྱི་མི་སྣ་ཞིག་ཏུ་གྱུར་ཡོད།
སྦྱིན་པ་ལགས་ཀྱིས་དེ་སྔ་གློག་བརྙན་ཐུང་ངུ༼ ཤེས་རབ་ཀྱི་འཛུམ་མདངས༽ ཀྱི་གཙོ་འཁྲབ་པ་དང་། གློག་བརྙན༼ཐར་ལོའི ༽ འཁྲབ་རོགས་བྱས་མྱོང་། དེ་བཞིན་ཁོང་ནི་བོད་ཀྱི་དེང་རབས་སྙན་ངག་པ་ཞིག་ཀྱང་ཡིན། དེ་སྔ༼ ཆི་བ ༽ ཞེས་པའི་སྙན་དེབ་ཅིག་ཀྱང་པར་དུ་བསྐྲུན་མྱོང་།
དེ་བཞིན༼ རྒྱུན་བུའི་སྟེང་གི་རྣམ་ཤེས༽ ཞེས་པའི་གློག་བརྙན་ལ་འཁྲབ་གཞུང་བཅོས་སྒྲིག་གི་རྩེ་གྲ་དང་བརྙན་ཕབ་རྩེ་གྲ་སོགས་འོས་མིང་ལྔ་ཐོབ་ཡོད་པ་རེད།
ཐེངས་འདིའི་གློག་བརྙན་དུས་སྟོན་སྟེང་ཞུགས་པའི་གློག་བརྙན་བརྩམས་ཆོས ༥༣༤ ཡོད་ཅིང་། སྐབས་ང་གསུམ་པའི་ཐེ་ཝན་གྱི་གློག་བརྙན་གསེར་གྱི་གྱི་ལིང་རྟགས་མ་སྩོལ་བའི་མཛད་སྒོ་དེ་སྤྱི་ཟླ ༡༡ པའི་ཚེས ༢༦ ཉིན་ཐེ་ཝན་གྱི་ཐེ་པཱེ་གྲོང་ཁྱེར་དུ་བསྡུ་འཆར་ཡོད་པ་རེད།
བོད་རིགས་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་སྐུ་ཞབས་པདྨ་ཚེ་བརྟན་གྱིས་རང་ཉིད་ཀྱི་སྒྲུང་གཏམ་འཁྲབ་གཞུང་དུ་བཅོས་སྒྲིག་བྱས་པའི༼ ཐར་ལོ ༽ ཞེས་པའི་གློག་བརྙན་ལ་ལོ་སྔོན་མར་སྤེལ་བའི་སྐབས་ང་གཉིས་པའི་ཐེ་ཝན་གྱི་གསེར་གྱི་གྱི་ལིང་རྟགས་མའི་འཁྲབ་གཞུང་བཅོས་སྒྲིག་རྩེ་གྲའི་བྱ་དགའ་ཐོབ་པ་རེད།
ཡོངས་གྲགས་སུ༼ རྒྱའི་གློག་བརྙན་གྱི་ཨོ་སི་ཁཱ ༽ ཞེས་པའི༼ གསེར་གྱི་གྱི་ལིང་རྟགས་མ༽ ནི ༡༩༦༢ ལོར་ཐེ་ཝན་དུ་བཙུགས་པ་ཞིག་ཡིན་ལ། འདི་ནི་རྒྱའི་གློག་བརྙན་གླེང་སྟེགས་སུ་ལོ་རྒྱུས་ཆེས་རིང་བའི་གློག་བརྙན་བྱ་དགའི་སྡེ་ཚན་ཞིག་ཡིནཞིང་། རྒྱ་སྐད་གློག་བརྙན་གྱི་དུས་སྟོན་དང་བྱ་དགའི་རིམ་པ་མཐོ་ཤོས་སུ་ངོས་འཛིན་གནང་གིན་ཡོད།