རྩོམ་པ་པོ་སྟག་འབུམ་རྒྱལ་ལགས་ལ་རྟ་མཆོག་རྟགས་མའི་བྱ་དགའ་ཐོབ་པ།

20160804155035_995
རྩོམ་པ་པོ་སྟག་འབུམ་རྒྱལ་ལགས།

བོད་རིགས་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་སྟག་འབུམ་རྒྱལ་ལགས་ལ་སྒྲུང་ཐུང་དང་སྒྲུང་འབྲིང་གི་རྟ་མཆོག་རྟགས་མའི་བྱ་དགའ་དང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་མི་རིགས་རྩོམ་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ། འབུམ་རམས་པའི་དགེ་རྒན་ཆེན་པོ་འཇམ་དཔལ་རྒྱ་མཚོ་ལགས་ལ་སྙན་ཞུ་རྩོམ་རིག་གི་རྟ་མཆོག་རྟགས་མའི་བྱ་དགའ་ཐོབ་འདུག

སྤྱི་ཟླ ༩ བའི་ཚེས ༢༧ ཉིན་གྱི་དགོང་མོ། རྒྱ་ནག་རྒྱལ་ཡོངས་མི་རིགས་གྲངས་ཉུང་གི་རྩོམ་རིག་གསར་རྩོམ་གྱི་རྟ་མཆོག་རྟགས་མའི་བྱ་དགའི་མཛད་སྒོ་སྐབས་བཅུ་གཅིག་པ་དེ་པེ་ཅིང་ཀྲུང་གོའི་དེང་རབས་རྩོམ་རིག་ཁང་དུ་བསྐོངས་ཡོད་ཅིང་། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་དང་དམག་ཤོག་དྲུང་ཆེ་སོགས་ཚོགས་ཐོག་ཏུ་ཕེབས་ནས་ཤིས་ཚིག་ཕུལ་འདུག

རྒྱ་ནག་རྒྱལ་ཡོངས་མི་རིགས་གྲངས་ཉུང་གི་རྩོམ་རིག་གསར་རྩོམ་གྱི་རྟ་མཆོག་རྟགས་མའི་བྱ་དགའ་ནི་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་དང་། རྒྱལ་ཁབ་མི་རིགས་དོན་གཅོད་ལྷན་ཁང་གཉིས་ཀྱིས་མཉམ་དུ་གཙོ་སྒྲུབ་གནང་བའི་རྒྱལ་ཁབ་རིམ་པའི་རྩོམ་རིག་བྱ་དགའ་ཞིག་རེད། བརྗོད་བྱ་གཙོ་བོ་སྤྱིར་ན་རྒྱ་ནག་གི་སྲིད་ཇུས་དང་། བྱེ་བྲག་རིག་རྩལ་སྲིད་ཇུས་དང་མི་རིགས་གྲངས་ཉུང་གི་རྩོམ་རིག་བྱ་གཞག་སོགས་རྩོམ་རིག་གི་ཐད་ནས་མི་རིགས་ཕན་ཚུན་བར་སྤེལ་རེས་དང་མཉམ་བསྲེས་ཐད་སྐུལ་འདེད། ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་མོར་སྐུལ་སྤེལ་བཅས་ལ་དམིགས་པའི་རྒྱ་ནག་གི་རྩོམ་རིག་བྱ་དགའ་ཆེ་གྲས་ཤིག་རེད།

ཐེངས་འདིའི་རྟ་མཆོག་རྟགས་མའི་བྱ་དགའ་དཔྱད་འདེམ་ནང་རྩོམ་རིག་བརྩམས་ཆོས ༢༤ དང་ལོ་ཙཱ་བ་གསུམ་བཅས་ལ་གཟེངས་རྟགས་ཐོབ་ཡོད་པ་དང་། དེའི་ནང་མདོ་སྨད་མཚོ་སྔོན་གྱི་བོད་རིགས་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་སྟག་འབུམ་རྒྱལ་ལགས་ལ་སྒྲུང་ཐུང་དང་སྒྲུང་འབྲིང་གི་རྟ་མཆོག་རྟགས་མའི་བྱ་དགའ་ཐོབ་ཡོད་པ་དང་། དེ་མིན་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་མི་རིགས་རྩོམ་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ། འབུམ་རམས་པའི་དགེ་རྒན་ཆེན་པོ་འཇམ་དཔལ་རྒྱ་མཚོ་ལགས་ལ་སྙན་ཞུ་རྩོམ་རིག་གི་རྟ་མཆོག་རྟགས་མའི་བྱ་དགའ་ཐོབ་འདུག

དེང་རབས་བོད་ཀྱི་རྩོམ་པ་པོ་གྲགས་ཅན་སྟག་འབུམ་རྒྱལ་གྱིས ༡༩༨༧ ལོ་ནས་ད་ལྟའི་བར་དུ་བོད་ནང་གི་དུས་དེབ་དང་ཚགས་པར་གྲགས་ཅན་ཁག་ཏུ་སྒྲུང་གཏམ་རིང་འབྲིང་ཐུང་གསུམ ༧༠ ལྷག་སྤེལ་ཡོད་པ་དང་། དེ་དག་ལས་བརྩམས་ཆོས་མང་པོ་ཞིག་རྒྱ་ཡིག་ཏུ་བསྒྱུར་ཡོད་ལ།  སྒྲུང་གཏམ་སྐོར་ཞིག་བོད་ཁུལ་གྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་དེབ་ཏུ་བདམས་པར་མ་ཟད། དབྱིན་ཇི་དང་འཇར་མན། ཉི་ཧོང་སོགས་ཀྱི་ཡི་གེར་བསྒྱུར་ཡོད་པ་རེད། དེ་བཞིན་སྔ་གཞུག་ཏུ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་བྱ་དགའ་མང་པོ་ཞིག་ཐོབ་ཡོད་པ་རེད།

རྩོམ་པ་པོ་གྲགས་ཅན་སྐུ་ཞབས་སྟག་འབུམ་རྒྱལ་ལགས་ནི། སྤྱི་ལོ ༡༩༦༦ ལོར་མདོ་སྨད་མཚོ་སྔོན་པོའི་མང་རྫོང་བན་ཤུལ་སྡེ་བར་སྐྱེས་ཤིང་། ༡༩༨༦ ལོར་མཚོ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ་ནས་མཐར་ཕྱིན་པ་དང་། ལོ་དེར་སློབ་གསོའི་ལས་ལ་ཞུགས་འདུག

Advertisements