
ད་ལྟའི་ཧྥི་ལི་པིན་གྱི་སྲིད་འཛིན་གྱི་ཐོལ་བྱུང་གློ་བུར་བའི་བྱ་སྤྱོད་དེས། ཤར་ལྷོ་ཨེ་ཞི་ཡའི་བདེ་འཇགས་ཀྱི་སྒྲོམ་གཞིའི་མགོ་རྟིང་བསློགས་ཡོད། ཨ་མེ་རི་ཀར་མཚོན་ན། དེ་ནི་བློ་ཡུལ་ལས་འདས་པའི་རྡུང་རྡེག་ཐེངས་ཤིག་ཡིན་མོད། འོན་ཀྱང་ཧྥི་ལི་པིན་རང་ཉིད་ལ་མཚོན་ན་ཡང་དེ་ཡག་རྟགས་ཤིག་མིན་པ་མ་ཟད། ཉེན་ཁ་ཚ་བའི་བྱ་སྤྱོད་ཅིག་ཡིན།
མི་རྣམས་པས་དེ་རིང་བློ་ཐག་བཅད་ནས་བཤད་ཐུབ་པ་ཞིག་ནི། ཧྥི་ལི་པིན་གྱི་སྲིད་འཛིན་ཏུ་ཊེར་ཊི་ཡིས་དེ་སྔ་ཁོང་གི་བཤད་པ་ནང་བཞིན་ལག་ལེན་དུ་བསྟར་ཡོད་པ་དེ་རེད།
ཧྥི་ལི་པིན་གྱི་སྲིད་འཛིན་གྱིས་ལོ་རྒྱས་སུ་བྱུང་མ་མྱོང་པའི་གདུང་ལེན་ཕོག་ཐུག་གི་བྱ་ཐབས་བཀོལ་ནས། ཉེན་ཁ་དང་མཇུག་འབྲས་ཅི་ཡོད་སྣང་མེད་དུ་བཞག་ནས་མིག་བཙུམ་གཡང་མཆོང་གིས། དུས་ཡུན་རིང་པོའི་མགོན་སྐྱབས་ཨ་མེ་རི་ཀ་དང “ཁ་བྲལ”རྒྱུ་ཡིན་ཞེས་ཡོབས་ཁྱབ་གསལ་བསྒྲགས་སྤེལ་པ་དང་ཆབས་ཅིག ཧྥི་ལི་པིན་དང་རྒྱ་ནག་གི་འབྲེལ་བ་དེ་སྐྱེས་སྟོབས་ཀྱི་དཔལ་རབ་ཏུ་འབར་པའི“དཔྱིད་ཀ”ཡི་དུས་ལ་སླེབས་ཡོད་ལུགས་བརྗོད་ཡོད་པ་རེད།
ཧྥི་ལི་པིན་གྱི་སྲིད་འཛིན་རྒྱ་ནག་ཏུ་རྒྱལ་དོན་འཚམས་གཟིགས་སུ་ཕེབས་པའི་སྐབས། རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་དུ་སྤེལ་བའི་རིགས་གཅིག་རྐང་འཛིན་ཆེད་མཁས་པའི་དཔལ་འབྱོར་གླེང་སྟེགས་ཤིག་ཏུ། འདས་པའི་ལོ་ངོ་བཅུ་ཕྲག་འགའི་རིང་གི་ཨ་མེ་རི་ཀ་དང་འབྲེལ་བ་ད་ལྟ་ལོ་རྒྱུས་སུ་གྱུར་ཚུལ་གསལ་བསྒྲགས་བྱས་ཡོད་ཅིང་། དེ་ཡང་ཁོང་གིས། འདས་པའི་ལོ་མང་རིང་། ཨ་རིས་རང་ཉིད་ཀྱི་ཁེ་ཕན་གྱི་སླད་དུ་ཧྥི་ལི་པིན་དང་འབྲེལ་འདྲིས་བྱས་པ་རེད། དེའི་སྟབས་ཀྱིས། ད་ལྟའི་ཆ་འདི་ནི“ཨ་ཕོ་ཨ་རི”དང “གཞང་འཚོང་མའི་བུ་ཨོ་བྷ་མ”ལ་བདེ་མོ་འཇོག་པའི་དུས་ལ་བབ་ཡོད་ཅེས་ཚིག་རྩུབ་ཀྱིས་བརྗོད་ཡོད་པ་རེད།
སྔོན་སྲོལ་དང་མ་འདྲ་བའི་འགྱུར་ལྡོག་ཅི་ཞིག་བྱུང་སོང་ཞེ་ན། ཨ་རི་དང་ཧྥི་ལི་པིན་ཕྱོགས་གཉིས་ཀའི་འབྲེལ་ལམ་ལ་དུས་དང་དུས་མ་ཡིན་པར་ཛ་དྲག་གི་དུས་སྐབས་བྱུང་མྱོང་བ་བདེན་མོད། འོན་ཀྱང་། འདས་པའི་མི་ལོ ༣༠འི་རིང་། འབྲེལ་ཡོད་ས་ཁུལ་ལ་ལ་དང་། ལྷག་དོན་ལྷོ་ཤར་རྒྱ་ནག་རྒྱ་མཚོའི་ཁུལ་དུ། ཧྥི་ལི་པིན་ནི་ཨ་མེ་རི་ཀའི་ཉི་ཧོང་གི་རྗེས་ན་ཡོད་པའི་གལ་གནད་ཆེ་བའི་མནའ་གྲོགས་རྒྱལ་ཁབ་ཡིན། དེ་འདྲའི་འབྲེལ་བའི་ཁྲོད་ཨ་རི་རང་ཉིད་ཀྱི་ཁེ་ཕན་གྱི་དགོས་དབང་སླད་ཡིན་པའང་སྨོས་མ་དགོས། རྒྱལ་ཁབ་སྟོབས་ཆེན་ཞིག་གི་མགོན་སྐྱབས་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས། ཧྥི་ལི་པིན་གྱིས་ཨ་རིའི་དེང་རབས་མཚོ་དམག་གི་དཔུང་རོགས་དང་མགོན་སྐྱབས་འོག་རང་གི་རྒྱལ་སྲུང་ཆེད་དེང་རབས་ཅན་གྱི་མཚོ་དམག་ཅིག་རྩ་འཛུགས་བྱེད་དགོས་བྱུང་མེད། དེ་འདྲ་སོང་ཙང་། ཧྥི་ལི་པིན་གྱི་དྲག་ཆས་སྟོབས་ཤུགས་ལ་ད་གཟོད་རྒྱལ་ཁབ་ནང་ཁུལ་གྱི་ངོ་ལོག་སྒྲིག་འཛུགས་དང་སྤྱི་ཚོགས་གནད་དོན་སོགས་ལ་གདུང་ལེན་དང་ཚར་གཅོད་བྱེད་རྒྱུའི་བསྐལ་བ་དང་འབྱོར་བ་ལྡན་པ་རེད། མི་རྣམས་པས་ཧྥི་ལི་པིན་གྱི་ཞིག་འཐོར་དུ་སོང་བའི་མཚོ་དམག་ལ་ལོ་མང་རིང་རྒྱལ་ཁབ་བདག་དབང་ལ་ཕྱིའི་དགྲ་ཡའི་འཇིགས་སྐུལ་འགོག་ཐུབ་པའི་ནུས་པ་ཡོད་མེད་ཐད་དོགས་པ་ཟས་ཆོག
དེ་འདྲ་ཡིན་མོད་ཀྱང་། ད་ལྟ། ཨ་རིའི་ཡང་བསྐྱར་ཨེ་ཞི་ཡར་ལོག་པ་ཞེས་པའི་འཐབ་ཇུས་ལ་གཅིག་བགྱིས་ན་ཕམ་ཁ་རེག་སྲིད་པ་རེད། འཐབ་ཇུས་དེའི་དམིགས་ཡུལ་གཙོ་བོ་ཞིག་ནི་རྒྱ་ནག་གི་རྒྱ་བསྐྱེད་སྲིད་ཇུས་འགོག་རྒྱུ་དེ་ཡིན། ཨ་རིར་མཚོན་ན། གནས་སྟངས་ཀྱི་འགྱུར་བ་འདི་དུས་ཚད་འོས་འཚམ་ཞིག་ལ་ཡོང་མེད། སྲིད་སྐྱོང་དུས་ཡུན་རྫོགས་ལ་ཉེ་བའི་སྲིད་འཛིན་ཨོ་བྷ་མ་ཁོང་གི་སྲིད་འཛིན་ལས་རིམ་གཉིས་པ་ནས “ངང་པ་རྐང་ལོ”རུ་གྱུར་ཡོད་པས། ལས་དོན་མང་པོ་ཞིག་ཁོང་གི་བསམ་བཞིན་དུ་ལག་ལེན་དུ་བསྟར་ཐབས་མེད། ད་ལོའི་སྤྱི་ཟླ ༡༡ པའི་ནང་སྤེལ་རྒྱུའི་ཨ་རིའི་སྲིད་འཛིན་འོས་བསྡུ་ཆེན་མོའི་རྗེས་སུ། རྒྱ་ནག་གཙོ་བོ་ཡིན་པའི་ཤར་ལྷོ་ཨེ་ཞི་ཡའི་སྲིད་ཇུས་བཅོས་བསྒྱུར་འདེམས་སྒྲུག་བྱ་རྒྱུར་ཨ་རི་ལ་དུས་ཡུན་ངེས་ཅན་ཞིག་དགོས།
དེ་ལས་ལྡོག་ཏེ། རྒྱ་ནག་རྒྱལ་ཁའི་དཔལ་ལ་རོལ་ཆོག་ལ། ཧྥི་ལི་པིན་གྱི་སྲིད་འཛིན་གྱི་ཨ་རི་ལ་བློ་ལོག་ནས་རྒྱ་ནག་ལ་རེ་ཐེན་པའི་རྣམ་འགྱུར་དེ་རྒྱ་ནག་ལ་མཚོན་ན་མ་བསམ་ས་ནས་གནམ་ནས་ལྷུང་པའི་ལག་སྐྱེས་ཤིག་གམ་རྒྱལ་ཁ་ཆེན་པོ་ཞིག་ཅི་ལ་མིན། ཟླ་ཤས་སྔོན་དུ། རྒྱ་ནག་དང་ཧྥི་ལི་པིན་གཉིས་རྒྱལ་སྤྱིའི་ཁྲིམས་ལ་ཐུག་པའི་གྱོད་པ་དང་གྱོད་ཡ་ཡིན། རྩོད་གཞི་གཙོ་བོ་དེ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་མཚོ་འོག་བྲག་རྡོ་དང་བྱེ་འབུར། བདག་མེད་གླིང་ཚོམ་འགའི་བདག་དབང་གི་གནད་དོན་ཡིན། ལྷག་པར་དུ། ད་ལོའི་སྤྱི་ཟླ ༧ པའི་ནང་། རྒྱལ་སྤྱིའི་འདུམ་འགྲིག་ཁྲིམས་ཁང་གིས་ཧྥི་ལི་པིན་དང་རྒྱ་ནག་གི་མངའ་ཁོངས་བདག་དབང་གི་རྩོད་པའི་གྱོད་དོན་ཐད། རྒྱ་ནག་གི་བཤད་སྲོལ་དེ་ཁུངས་མེད་ལུགས་མེད། རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་ཟླ་ཡིན་པའི་ཁྲུན་ཐག་བཅད་ནས། ཁྲིམས་གཏུག་གྱོད་དོན་ཁྲོད་ཧྥི་ལི་པིན་རྣམ་པར་རྒྱལ་བ་དང་། རྒྱ་ནག་ལ་ཕམ་ཁ་ཆེན་པོ་རེག་པ་རེད། ཡིན་ན་ཡང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ཁང་གི་བཅད་ཁྲ་ལ་ངོས་ལེན་རྩ་བ་ནས་བྱས་མེད། དུས་དེ་རིང་། རྒྱ་ནག་གཞུང་གིས་རྒྱུ་ཤུགས་ལ་བསྟེན་ནས་རྒྱ་ནག་ལ་ཤིན་ཏུ་མཁོ་བ་དེ་རེག་པ་རེད། རྒྱ་ནག་གི་འདོད་པ་ནི་རྒྱལ་ཁབ་དང་རྒྱལ་ཁབ་ཕྱོགས་གཉིས་ཁོ་ན་གདོང་དང་གདོང་ཐུག་ནས་གྲོས་བསྡུར་བྱེད་རྒྱུ་ལས། རྒྱལ་ཁབ་གསུམ་པ་དང་ཡང་ན་སྣེ་མང་པོར་ཐུག་འདོད་མེད། ཧྥི་ལི་པིན་གྱི་སྲིད་འཛིན་གྱི་ཨ་རི་བརྒྱབ་ལ་གཡུག་ནས་རྒྱ་ནག་ལ་འཁྱུད་པའི་བྱ་སྤྱོད་དེ་ཞི་ཅིན་ཕེང་གི་འདོད་ཐོག་ཏུ་རྟ་རྒྱུགས་པ་རེད།
རྒྱ་ནག་དང་ཧྥི་ལི་པིན་གྱི་ཐེངས་འདིའི་འབྲེལ་འདྲིས་དེ་ནི་རྩ་བའི་ཆ་ནས་བརྗེ་རེས་ཤིག་ཡིན་པའི་ཆ་ནས། རྒྱ་ནག་གཞུང་གི་ཧྥི་ལི་པིན་ལ་ཨ་སྒོར་དུང་ཕྱུར ༩༠ བུ་ལོན་དམའ་མོའི་ཐོག་གཡར་རྒྱུ་ཁས་བླངས་པའི་མ་ཚད། བཟོ་ཚོང་དང་རྨང་གཞི་སྒྲིག་བཀོད་རོགས་རམ་གྱི་རྣམ་གྲངས་སོགས་གྲོས་ཆོད ༡༣ ལ་ཁས་ལེན་རྟགས་བཙུགས་པ་རེད།
ཧྥི་ལི་པིན་གྱི་སྲིད་འཛིན་གྱིས “རང་དབང་ཕྱི་འབྲེལ”གྱི་ཕྱོགས་སུ་བསྐྱོད་ལུགས་འགྲེལ་བཤད་གནང་ཡོད་པའི་མ་ཚད། གྲུབ་འབྲས་རབ་ཏུ་ཆེ་བ་ཐོབ་པ་ཞིག་ལའང་ངོས་འཛིན་བྱས་འདུག འོན་ཀྱང་། ཁོང་གི་རྒྱལ་ཁབ་ལ་མཚོན་ན། དེ་ནི་ཧ་ཅང་ཧ་ཅང་གི་ཉེན་ཁ་ཞིག་ཡིན་དང་ཡིན། གཅིག་བགྱིས་ན་དུས་ཡུན་ཐུང་ངུ་ཞིག་གི་ནང་དུ་ཁོང་ལ་འགུལ་སྤྱོད་ཀྱི་བར་སྟོང་ཞིག་དང་འགུལ་སྤྱད་མ་རྩ་རེག་ནས། ནང་སྲིད་དང་དཔལ་འབྱོར་གནས་ཁོངས་སུ་རྒྱབ་སྐྱོར་ཅུང་ཞིག་ཐོབ་སྲིད་ཀྱང་། ཧྥི་ལི་པིན་གྱི་གནད་དོན་དབྱེ་ཞིབ་པ་མང་པོ་ཞིག་གིས། ཧྥི་ལི་པིན་ད་ལྟ་ལས་ཀྱང་ལྷག་པའི་རང་དབང་སྒེར་ཚུགས་ཅན་ཞིག་ཏུ་གྱུར་མི་སྲིད་ལ། གཞན་རྟེན་ཞིག་ནས་གཞན་རྟེན་གཞན་ཞིག་ལ་ཕྱོགས་པ་ཙམ་ལས་མ་འདས་ཞེས་ཉེན་བརྡ་བཏང་ཡོད་པ་རེད། ཡིན་ན་ཡང་། ཧྥི་ལི་པིན་གྱི་སྲིད་འཛིན་གྱིས་དེ་ལྟ་བུའི་ཉེན་བརྡ་དང་སེམས་ཁུར་རིགས་ལ་ཁ་ཡ་མི་བྱེད།
ཕྱི་འབྲེལ་གྱི་ཆ་ནས། ཁོང་ནི་སྡུག་པ་མིག་བཙུམ་མཁན་ཞིག་ཡིན། དོན་དངོས་སུ། གལ་ཏེ་ཁོང་གིས་ཁྱིམ་མཚེས་ཆེན་པོ་རྒྱ་ནག་གི་ཧྥི་ལི་པིན་ལ་ཐོབ་ཐང་དང་གནད་དོན་འདྲ་མཉམ་གྱི་མཐུན་གྲོགས་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་ཡོང་བར་ཡིད་ཆེས་བྱས་ཡོད་ཚེ། དེ་ནི་རང་གི་འདོད་པ་ཁོ་ན་ཙམ་ལས་མ་འདས་ལ། དེ་ནི་ནོར་འཁྲུལ་ནང་གི་ནོར་འཁྲུལ་ཞིག་ཡིན། དེ་ཙ་ན། ཧྥི་ལི་པིན་གྱི་སྲིད་འཛིན་ཏུ་ཊེར་ཊི་ཐེ་ཚོམ་མེད་པར་རྒྱུགས་ཐེངས་གཅིག་གིས་ཡངས་པར་ཕྱེས་པའི་པེ་ཅིང་གི་རྒྱ་སྒོའི་ནང་འཛུལ་པ་དང་ཆབས་ཅིག ཨ་རི་ཡོང་སའི་ལྟག་སྒོ་དེ་ཚིག་རྩུབ་དང་དམའ་འབེབས་ཀྱིས་གཏད་པ་རེད།