སྲོག་ཤིང་ལམ་ལུགས་ནི་མི་གཅིག་གིས་ཅི་བཤད་དེར་ཉན་རེད།

8d94b68e-96f6-41db-9ec6-601b71234e0f
ཞི་སྲོད་ཤིང་ལ་མོས་མཐུན་ཡོད་ན་ཕྱག་གཡས་པ་་ཡར་ཁྱོགས།

རྒྱ་ནག་དེང་གཞུང་གི་སྐབས ༡༨ པའི་ཚང་འཛོམས་ཚོགས་ཆེན་ཐེངས ༦ མཇུག་སྒྲིལ་རྗེས་སྤེལ་བའི་ཚོགས་འདུའི་སྤྱི་བསྒྲགས་སུ། ཐོག་དང་པོར“ཞི་སྲོག་ཤིང་”ཞེས་གོ་ས་མཚོན་པའི་ཐ་སྙད་དེ་བཏོན་ཡོད་པས། རྒྱ་ནག་ཕྱི་ནང་གི་མི་རྣམས་པས་དེ་ལ་དོ་སྣང་ཆེན་པོ་བྱས་ཡོད་པ་རེད། རྒྱ་ནག་དམར་ཤོག་དྲུང་ཆེ་ཟུར་པ་ཀྲོ་ཙི་ཡང་གི་དྲུང་ཡིག་སྐུ་ཞབས་པའོ་ཐོང་གིས “སྲོག་ཤིང་ལམ་ལུགས་ནི་མི་གཅིག་གིས་ཅི་བཤད་དེར་ཉན་རེད”། ཐུན་མོང་དབུ་ཁྲིད་ཟེར་བ་དེ་ནི་ལུག་མགོ་བཀལ་ནས་ཁྱི་ཤ་འཚོང་པའི་ར་གན་གསེར་རྫུ་རེད། ཅེས་ངོས་འཛིན་བྱས་འདུག

རྒྱ་ནག་དེང་གཞུང་གི་སྐབས ༡༨ པའི་ཚང་འཛོམས་ཚོགས་ཆེན་ཐེངས ༦ དེ་སྤྱི་ཟླ ༡༠ ཚེས ༢༧ རེས་གཟའ་ཕུར་བུའི་ཉིན་མཇུག་སྒྲིལ་བ་དང་། ཚོགས་འདུའི་སྤྱི་བསྒྲགས་སུ། ཚིག་གསལ་དོན་གསལ་གྱིས “བློ་མཐུན་ཞི་ཅིན་ཕེང་སྲོག་ཤིང་ཡིན་པའི་དབུས་དམར་ཤོག་ཚོགས་པའི་མཐའ་འཁོར”ཞེས་བཏོན་ནས། འཆར་ལོའི་ཚོགས་ཆེན ༡༩ པའི་སྔོན་དུ་ཞི་ཅིན་ཕེང་གི་དབང་ཆའི་གོ་ས་ཡང་ཐེངས་ཤིག་ལ་ཇེ་བརྟན་ཇེ་ཡངས་སུ་བཏང་འདུག

རྒྱ་དམར་ཚང་གི་དབུ་ཁྲིད་ཟུར་པ་ཧུའུ་ཅིན་ཐོ་ལ “སྲོག་ཤིང་”ཅེས་པའི་མིང་ཐོབ་དེ་བཏགས་མེད་སྟབས། ད་ཐེངས་ཞི་ཅིན་ཕེང་ལ “ཅོད་པན”གསར་པ་དེ་གནང་བར་ཕྱི་རོལ་ཡུལ་གྱི་དོ་སྣང་ཆེན་པོ་བྱས་འདུག

“ཅི་བཤད་དེར་ཉན”།

“སྔོན་ཆད་མའོ་ཙེ་ཏུང་སྲོག་ཤིང་ཡིན། མའོ་ཙེ་ཏུང་གིས་ཅི་བཤད་དེ་ལ་ཉན་དགོས། མའོ་ཙེ་ཏུང་སྐུ་གཤེགས་རྗེས་ང་སྲོག་ཤིང་ཡིན། ངས་ཅི་བཤད་དེ་ལ་ཉན་དགོས། མ་འོངས་པར་ཁྱོད་ཅང་ཙེ་མེན་སྲོག་ཤིང་ཡིན། གལ་ཏེ་ཁྱོད་ཀྱིས་ཅི་བཤད་དེ་ལ་ཉན་ཚེ། ང་བློ་བདེ་བོ་ཡིན།” རྒྱ་ནག་དམར་ཤོག་དྲུང་ཆེ་ཟུར་པ་ཀྲོ་ཙི་ཡང་གི་དྲུང་ཡིག་སྐུ་ཞབས་པའོ་ཐོང་གིས་ཞི་ཅིན་ཕེང་སྲོག་ཤིང་ཞེས་པའི་ཐ་སྙད་དེའི་གོ་བ་ལེན་སྟངས་ལ་འགྲེལ་བརྗོད་སྐབས། གོང་ཞུས་ཏེང་ཞོ་ཕེང་གིས ༡༩༨༩ ལོར་ཅང་ཙེ་མེན་ལ་བཤད་པའི་སྐད་ཆའི་ཚན་པ་དེ་ལུངས་དྲངས་པ་རེད།

སྐུ་ཞབས་པའོ་ཐོང་ལགས་ཀྱིས་མུ་མཐུད་ནས་བརྗོད་དོན། “སྲོག་ཤིང་”ཟེར་བའི་བཤད་སྲོལ་དེ་དམར་ཤོག་ཚོགས་པའི་སྒྲིག་སྲོལ་དུ་མེད། འོན་ཀྱང་། ཁྲིམས་ལུགས་ལྟར་གཏན་འབེབས་བྱས་པ་ནང་བཞིན་གྱི་ནུས་པ་ལྡན་ཞིང་།  རྒྱ་ནག་དམར་ཤོག་ཚོགས་པས་ངོས་ལེན་ཡོད་པ། ད་དུང་ཡིག་ཐོག་ན་མཐོང་རྒྱུ་ཡོད་པ་ཁོ་ན་དེ་ཏེང་ཞོ་ཕེང་གིས་བཤད་པའི་སྐད་ཆ་ཚན་པ་དེ་ཡིན། སྐད་ཆ་དེ་ཏེང་ཞོ་ཕེང་གསུང་བཏུས་ནང་བཀོད་ཡོད། ཏེང་ཞོ་ཕེང་ནི་སྲོག་ཤིང་གི་ཇུས་བཀོད་པ་ཡིན། ཁོང་གི་སྲོག་ཤིང་གསུམ་བཀོད་ཡོད། མའོ་ཙེ་ཏུང་དང་། ཁོང་རང་ཉིད། ཅང་ཙེ་མེད་ཡིན། གལ་སྲིད་རྒྱ་ནག་དམར་ཤོག་ཚོགས་པ་ཏེང་ཞོ་ཕེང་གིས་གཏན་འབེབས་བྱས་པའི་སྲོག་ཤིང་ལམ་ལུགས་ལ་ཞུགས་འདོད་ཡོད་ཚེ། དེ་ནི་མི་གཅིག་གིས་ཅི་བཤད་དེར་ཉན་གྱི་ལམ་ལུགས་ཤིག་ཡིན་ཞེས་བརྗོད་འདུག

རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་རྒྱུན་ལས་ཀྱི་དྲུང་ཡིག་ཆེན་མོ་དེས་མུ་མཐུད་ནས་བརྗོད་དོན། ལམ་ལུགས་དེས་དེ་སྔ་ནུས་པ་བཏོན་ཡོད་ལ། ད་ལྟའང་ནུས་པ་འདོན་སྲིད། དེའི་སྟབས་ཀྱིས། ཐེངས་འདིའི་ཚོགས་ཐེངས་དྲུག་པའི་སྐབས་ཡང་བསྐྱར་སྲོག་ཤིང་ཞེས་པའི་ཐ་སྙད་དེ་གླེང་པ་རེད།

ཅི་བཤད་དེར་ཉན་དང་ཐུན་མོང་འགོ་ཁྲིད།

ཞི་སྲོག་ཤིང་ཞེས་པའི་ཐ་སྙད་དེ་བཏོན་པ་དང་ཆབས་ཅིག སྤྱི་བསྒྲགས་སུ་ཐུན་མོང་འགོ་ཁྲིད་ཀྱི་གལ་ཆེའི་རང་བཞིན་ཡང་ནན་གྱིས་གླེང་ཡོད་ཅིང་། དེ་ཡང་ཐུན་མོང་འགོ་ཁྲིད་གྱི་ལམ་ལུགས་རྒྱུན་འཁྱོངས་བྱེད་དགོས། ……. མི་སྒེར་དང་སྒྲིག་འཛུགས་སུ་གང་གིས་ཀྱང་གནས་སྟངས་ཅི་འདྲ་ཞིག་གི་འོག་ཡིན་ཡང་རྒྱུ་མཚན་ཅི་ཞིག་ཡོད་ཀྱང་ལམ་སྲོལ་འདི་དང་འགལ་མི་ཆོག་ཅེས་ནན་གྱིས་བཀོད་ཡོད།

“སྲོག་ཤིང་” དང་“ཐུན་མོང་འགོ་ཁྲིད”གཉིས་འགལ་ཟླ་ཡིན་མིན་ཐད་སྐུ་ཞབས་པའོ་ཐོང་ལགས་ཀྱིས། ངས་བསམ་བློ་བཏང་ན། རྒྱ་ནག་དམར་ཤོག་ཚོགས་པའི་བཤད་པའི་སྐད་ཆ་ནམ་རྒྱུན་འགལ་ཟླ་ཡིན། དཔེར་ན“མི་དམངས་དམངས་གཙོའི་སྲིད་དབང་སྒེར་གཅོད”ལྟ་བུ་ལ་མཚོན་ན། མི་དམངས་ཡང་ཡིན། དམངས་གཙོ་ཡང་ཡིན། སྲིད་དབང་སྒེར་གཅོད་ཡང་ཡིན། དམར་ཤོག་ཚོགས་པའི་འགོ་ཁྲིད་ཀྱང་ཡིན། ཁོང་ཚོས་དེ་ལ་རྩོད་སྒྲུབ་ཀྱི་གཅིག་གྱུར་ཟེར་མོད། བཤད་སྟངས་གཞན་ཞིག་གིས་བཤད་ན་བཤད་མི་ཤེས་གེ་སར་གྱི་སྒྲུང་འདྲ་འདྲ་དང་། བཤིག་མི་ཤེས་གོས་སྐུད་ཀྱི་དཀྱིས (དཀྲིས)  འདྲ་འདྲ་ཏག་ཏག་ཅིག་ཡིན། ཡིན་ན་ཡང་། གལ་ཏེ་སྐད་ཆ་གཉིས་འགལ་ཟླ་ཡིན་ཚེ། སྐད་ཆ་དེའི་ནང་གི་གཅིག་ལ་ནུས་པ་མེད། ནུས་པ་ཅན་དེ་ངོ་མ་དེ་ཡིན། ནུས་པ་མེད་པ་དེའི་ནུས་པ་ནི་འགེབས་སྲུང་གི་ནུས་པ་ཡིན།

དེ་མིན་ཡང་ཁོང་གིས། ཐུན་མོང་འགོ་ཁྲིད་ཟེར་བ་དེ་འགེབས་སྲུང་ཁོ་ནར་དམིགས་པ་ཤ་སྟག་རེད། ནུས་པ་ཡོད་མཁན་དེ “ཅི་བཤད་དེར་ཉན”ཞེས་པ་དེ་རེད་ལ། ཁོང་ཚོའི་བཤད་སྟངས་ལྟར་ན “སྲོག་ཤིང་”ལམ་ལུགས་ཟེར་བ་དེ་རེད། ཙུན་ཡེ(遵义)ཚོགས་འདུའི་རྗེས་ནས་ཏེང་ཞོ་ཕེང་གི་སྐད་ཆ་དེའི་བར་དུ། མི་གཉིས་ཀྱིས་ཅི་བཤད་དེ་ལ་ཉན་དགོས་པ་རེད། མི་དེ་གཉིས་ནི་མའོ་ཙེ་ཏུང་དང་ཏེང་ཞོ་ཕེང་རེད། …….ཏེང་ཞོ་ཕེང་གིས་ཅང་ཙེ་མེན་ལ་བཏོན་པའི་རེ་བའང་མ་འོངས་པར་ཅི་བཤད་དེ་ལ་ཉན་ཚེ་བློ་བདེ་སོང་ཞེས་པ་ལས“ཐུན་མོང་འགོ་ཁྲིད་ལམ་ལུགས”ཞེས་བཤད་མེད། དེ་ལས་མཐོང་ཐུབ་པ་ཞིག་ནི། དོན་ངོ་མའི་ནུས་པ་ཐོན་མཁན་དེ “ཅི་བཤད་དེར་ཉན”གྱི་ལམ་ལུགས་དེ་རེད། ཐུན་མོང་དབུ་ཁྲིད་ཟེར་བ་དེ་ནི་ལུག་མགོ་བཀལ་ནས་ཁྱི་ཤ་འཚོང་པའི་ར་གན་གསེར་རྫུ་རེད།  འགེབས་སྲུང་གི་སླད་དུ་རེད། ཅིའི་ཕྱིར་དུ་མིང་དེ་འདྲ་ཞིག་འདོགས་དགོས་པ་རེད་ཅེ་ན། “བརྒྱ་ཁ་གཅིག་གཅོད” དང་“སྒེར་སྡོམ”ལ་སོགས་ཀྱི་བཤད་སྟངས་དེ་རྣ་ལ་མི་སྙན་པས་རེད།  དེ་དག་ལས“ཅི་བཤད་དེར་ཉན”ཅུང་འཇམ་པོ་སྙན་པོ་རྣ་བར་བདེ་བ་ཞིག་ཡིན། ཡིན་ན་ཡང་། “སྲོག་ཤིང་གི་ནུས་པ”དེ་ཚན་རིག་ཞིག་ལས་དཔེ་གཞན་མེད། ཅེས་འགྲེལ་བརྗོད་གནང་འདུག

“སྲོག་ཤིང་”ལ་དགའ་བཀུར་དད་བརྩི།

མའོ་ཙེ་ཏུང་གི་དུས་རབས་སུ། རྒྱ་ནག་མི་དམངས་ཀྱིས“རླབས་ཆེ་བའི་འགོ་ཁྲིད”ལ་དགའ་བཀུར་དད་བརྩི་ལས་བྱུང་བའི་གང་ཟག་སྒེར་ལ་དད་བཀུར་བྱེད་པའི་ཚད་དེ་ཛ་དྲག་གི་གནས་སུ་བསླེབས་པ་རེད། འདས་པའི་ལོ་ངོ་བཅུ་ཕྲག་འགའི་རིང་དབུ་ཁྲིད་གང་ཟག་སྒེར་ལ་དད་བཀུར་གྱི་ཚད་དེ་ཅུང་མར་ཆག་ཡོད་མོད། འོན་ཀྱང་། ཞི་ཅིན་ཕེང་རྒྱ་ནག་གི་དབུ་ཁྲིད་ཀྱི་གོ་སར་བསླེབས་པ་ནས་བཟུང་། ཡོད་ཚད་རོ་ལངས་རྒྱག་སྲིད་པའི་བཟོ་ལྟ་ཤར་བ་རེད།

རྒྱ་ནག་གི་སྤྱི་ཚོགས་འབྲེལ་འདྲིས་སྨྱན་བྱད་ཁག“ཞི་ཏཱ་ཏཱ”༼ཏཱ་ཏཱ་ཞེས་པ་དེ་རྒྱ་ནག་བྱང་ཕྱོགས་ཁུལ་དུ་ཨ་ཕ་ལ་ཏཱ་ཏཱ་ཟེར་བས། ཞི་ཏཱ་ཏཱ་ནི་ཞི་ཨ་ཕ། ཡང་ན་ཞི་ཕ་ལགས་ཞེས་པའི་དོན་རེད།༽ལ་བསྟོད་བསྔགས་ཀྱི་སྙན་ཚིག་གིས་ཡོངས་སུ་ཁེངས་ཡོད་པ་དང་། རྒྱ་རིགས་ཤིག་གིས “ཞི་ཏཱ་ཏཱ་སྲོག་ཤིང་ཡིན་པའི་འགོ་ཁྲོད་འོག རྒྱ་ནག་གི་རྨི་ལམ་མངོན་པར་གྱུར་ངེས་ཡིན”ཞེས་དང་། དེ་མིན་ཡང་མི་གཞན་ཞིག་གིས “ཞི་ཅིན་ཕེང་གིས་དབུ་ཁྲིད་གཞན་དག་གིས་སྒྲུབ་མ་ནུས་པ་དེ་བསྒྲུབས་ཡོད་ལ། ཞི་ཏཱ་ཏཱས་མིང་དོན་མཚུངས་པའི་རུལ་སུངས་ལ་རྡུང་རྡེག་བྱས་པ་རེད”ཅེས་དང་། ཡང་བུད་མེད་ཅིག་གིས “པོ་རྒོད་པོ་ཟེར་ན་ཞི་ཏཱ་ཏཱ། ཕོ་རྫིག་པོ་ཟེར་ན་ཞི་ཏཱ་ཏཱ། ཁོང་ལ་སྐྱེས་པ་ཕོ་ཡི་ཡིད་དབང་འཕྲོག་པའི་གཟི་བརྗིད་ལྡན་པས། མི་རྣམས་རང་དབང་མེད་པར་དྲངས་འགྲོ”ལ་སོགས་བསྟོད་བསྔགས་མང་པོ་བརྗོད་འདུག

རྒྱ་ནག་གཞུང་འབྲེལ ༼   གོ་ལའི་དུས་བབ ༽   ཀྱིས་སྤྱི་ཚེས ༢༨ ཉིན་དཔྱད་བརྗོད་སྤེལ་ནས། མི་རྣམས་པའི་ཡིད་སེམས་དང་ངག་སྒོ་ན་གཏན་དུ་གནས་པ་ནི“ཞི་སྲོག་ཤིང་”ཡིན་ལ། རྒྱ་ནག་དམར་ཤོག་ཚོགས་པས་འདི་ལྟ་བུའི་ཡངས་ཤིང་ཆེ་བའི་འཕོ་འགྱུར་གྱི་ཕྱོགས་ངོས་ལ་ཁ་ལོ་སྒྱུར་བཞིན་ཡོད་པ་མ་ཟད། རྒྱལ་ཁབ་དེ་སྲ་ཞིང་བརྟན་པའི་ངང་འཕེལ་དང་གནས་ཡོད་པས། འཛམ་གླིང་ཧྲིལ་བོ་ཧང་སང་ཧོན་འཐོར་ནས་ཡོད། བླ་ན་མ་མཆིས་པའི་བྱས་རྗེས་དེ་དག་ཡོད་ཚད “ཞི་སྲོག་ཤིང་”ལས་གཞན་སུ་ཞིག་ཡོད་དམ། ཞེས་སོགས་བཀོད་འདུག

“སྲོག་ཤིང་”ལ་དུས་ཚོད་ཀྱི་ཚད་བཀག་མེད།

འདི་ལྟ་བུའི་རྒྱབ་ལྗོངས་འོག གནད་དོན་དབྱེ་ཞིབ་པ་ལ་ལས། ཞི་ཅིན་ཕེང་གིས་གཅིག་བགྱིས་ན་ལོ་བཅུའི་སྲིད་འཛིན་དུས་ཡུན་ལས་བརྒལ་ནས་དབང་ཆ་འཛིན་རྒྱུར་བསམ་བློ་འཁོར་གྱིན་པར་ཚོད་དཔག་བྱས་འདུག

ཧོང་ཀོང་གི་ཆབ་སྲིད་དབྱེ་ཞིབ་པ་ཞིག་གིས། “སྲོག་ཤིང་”ཟེར་སྲོལ་དེ་གལ་འགངས་ཆེན་པོ་ཞེ་དྲག་རེད། རྒྱ་ནག་གི་ཆབ་སྲིད་དབྱེ་ཁོངས་ལ་གཞིགས་ན། སྲོལ་རྒྱུན་ལྟར་ན“སྲོག་ཤིང་”ཞེས་པ་དེ་དུས་ཚོད་ཀྱི་ཚད་བཀག་མེད་པའི་གང་ཟག་སྒེར་བའི་དབང་ཆ་མཚོན་ཡོད། སྲོག་ཤིང་གིས་མུ་མཐུད་ནས་འགོ་ཁྲིད་བྱས་ཆོག་པ་དང་། དེ་ཡིས་ཡུན་ཚད་དང་ལས་འཁྱུར་ངལ་གསོའི་ལོ་ན་སོགས་ལ་བསམ་བློ་གཏོང་མི་དགོས་ཟེར།

ཡིན་ན་ཡང་། དབྱེ་ཞིབ་པ་སྐོར་ཞིག་གིས་བསམ་ཚུལ་ལྟར་ན། ཞི་ཅིན་ཕེང་གིས་ཡུན་ཚད་གཉིས་ཀྱི་ཚད་བཀད་དེ་མེད་པར་གཏོང་མི་སྲིད། གལ་ཏེ་དེ་ལྟར་བྱས་ཚེ། རྒྱ་ནག་ནང་ཁུལ་གྱི་ཆབ་སྲིད་མཐོ་རིམ་ཁྲོད་ཧ་ཅང་ཛ་དྲག་གི་གནས་སྟངས་བྱུང་སྲིད་པས་ཡིན། ཡིན་ན་ཡང་། ལོ་རྗེས་མར་ཞི་ཅིན་ཕེང་གིས་ཁོང་གི་རྒྱུད་འཛིན་པ་གཅིག་ནས་གཉིས་གོ་སྒྲིག་བྱ་སྲིད། འོན་ཀྱང་། གལ་སྲིད་དཔལ་འབྱོར་དང་བདེ་འཇགས་ཐད་ཛ་དྲག་གི་གནས་ཚུལ་བྱུང་ཚེ། ཞི་ཅིན་ཕེང་གིས་གཅིག་བགྱིས་ན་ཛ་དྲག་གི་གནས་སྟངས་དེ་དང་སྟབས་བསྟུན་ནས་ཡུན་ཚད་གསུམ་པར་སྙེག་མི་སྲིད་པ་མིན།

ལོ་རྗེས་མར་བསྐོང་རྒྱུའི་དམར་ཤོག་ཚོགས་པའི་ཚོགས་ཆེན་སྐབས ༡༩ པའི་སྟེང་། གལ་གནད་ཆེ་བའི་གོ་ས་མང་པོ་ཞིག་ཡང་བསྐྱར་འདེམས་སྒྲུག་བྱེད་དགོས་པ་དང་། དེའི་ཁྲོད་ད་ལྟའི་ཆབ་སྲིད་རྒྱུན་ལས་ལྔ་ཐེ་ཡོད།