ཞི་སྲོག་ཤིང་གིས་ཏང་ནང་ཁུལ་གྱི་ཧམ་སེམས་ཅན་ལ་ཉེན་བརྡ་བཏང་བ།

image.jpgསྤྱི་ཟླ ༡༡ ཚེས ༢ ཀྱི་མཚན་གུང་། རྒྱ་ནག་གཞུང་འབྲེལ་སྨྱན་བྱད་ཞིན་ཧྭ་གསར་ལས་ཁང་གིས་ཞི་ཅིན་ཕེང་གི་ཚོགས་ཆེན་ཐེངས་དྲུག་པའི་སྟེང་གཏན་ལ་ཕབ་པའི་གལ་ཆེའི་ཡིག་ཆ་གཉིས་བཀྲམས་པའི་བརྒྱུད་རིམ་དང་འབྲེལ་བའི་གལ་གནད་ཆེ་བའི་རྩོམ་ཡིག་རིང་པོ་ཞིག་བརྒྱུད་སྤེལ་བྱས་ཡོད་པ་དང་། རྩོམ་ཡིག་གི་ནང་དུ་ཞི་ཅིན་ཕེང་གིས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་གནད་དོན་འགར་ཚིག་སྦྱོར་དྲག་པོས་སྐྱོན་བརྗོད་གནང་འདུག

རྒྱ་ནག་གཞུང་འབྲེལ་སྨྱན་བྱད་ཞིན་ཧྭ་གསར་ལས་ཁང་གིས་སྤྱི་ཚེས ༣ རེས་གཟའ་ལྷག་པའི་ཉིན་ཞི་ཅིན་ཕེང་གི་རྩོམ་རིང་དེ་སྤེལ་ནས། ཉེ་ལམ་མཇུག་བསྒྲིལ་བའི་ཚོགས་ཆེན་ཐེངས་དྲུག་པའི་སྟེང་བཏོན་པའི་ཡིག་ཆ་གཉིས་ལ་འགྲེལ་བཤད་བྱས་ཡོད་པ་དང་། དེ་ཡང་ཡིག་ཆ་དེ་གཉིས་ནི ༼   དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག༽   དང ༼   ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག༽      བཅས་ཡིན་ཞིང་། ཞི་ཅིན་ཕེང་གིས་རྩོམ་ཡིག་ནང་། རྒྱ་ནག་དམར་ཤོག་ཚོགས་པ་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ནང་ཁུལ་ན་ཚབས་ཆེ་བའི་གནད་དོན་འགའ་རེ་ཡོད་པ་དང་། ལྷག་པར་དུ་མཐོ་རིམ་ལས་བྱེད་ཁྲོད་ཆབ་སྲིད་ཧམ་སེམས་ཅན་དང་། དབང་ཆས་བསླད་པའི་མི་སྐོར་ཤིན་ཞིག་ཡོད་ལ། དེ་ཚོས་ངོ་ལྐོག་གཡོ་ལྷད་འཁྲབ་པ་དང་། ཤོག་ཁག་བསྒྲིགས་ནས་སྒེར་དོན་གཉེར་བ། གཡོ་ཐབས་ཀྱིས་དབང་ཆ་འཕྲོག་འདོད་སོགས་ཆབ་སྲིད་ལྐོག་གཡོའི་བྱ་སྤྱོད་སྤེལ་གྱིན་ཡོད། ཅེས་ཚིག་གི་སྦྱོར་བ་རྩུབ་མོས་སྐྱོན་འཛུགས་བྱས་འདུག

སྐད་ཆ་དེའི་ནང་གི་ཆབ་སྲིད་ཧམ་སེམས་ཅན་དང་། ངོ་ལྐོག་གཡོ་ལྷད། གཡོ་ཐབས་ཀྱིས་དབང་ཆ་འཕྲོག་འདོད་སོགས་སྐད་ཆར་དུས་རབས་ཀྱི་ཁྱད་ཆོས་དྲག་པོ་ལྡན་ཞིང་། རིག་གནས་གསར་བརྗེའི་རྗེས་ཀྱི་རྒྱ་ནག་གི་སྲིད་སྟེགས་སུ་དེའི་རིགས་ཀྱི་སྐད་ཆ་གོ་རྒྱུ་ཧ་ཅང་ཉུང་ཉུང་རེད། པེ་ཅིན་གྱི་སྐབས་དོན་དང་ཆབ་སྲིད་དཔྱད་བརྗོད་པ་སྐུ་ཞབས་ཀྲང་ལེ་ཧྥན་ལགས་ཀྱིས་རིག་གསར་གྱི་སྐད་ཆ་དེ་དག་ཡོང་དོན་ཐད་དཔྱད་བརྗོད་སྐབས། ཁོང་གིས་ཚིག་སྦྱོར་གྱི་ཆ་ལ་ཡ་མཚར་སྐྱེས་མ་བྱུང་། དེ་ནི་རིག་གནས་གསར་བརྗེ་ཆེན་མོས་ང་ཚོའི་མི་རབས་འདིར་བཞག་པའི་རྟགས་ཐམ་ཡིན།  དཔེར་ན་ད་ལྟ་ཆིན་ཁྲིན་བཙོན་ཁང་ན་ཡོད་པའི་པོའོ་ཞི་ལེ་ཡིས་ཀྱང་དེ་སྔོན་རིག་གསར་སྐབས་ཀྱི་སྙན་ངག་དང་གླུ་གཞས་སོགས་ལུང་འདྲེན་དང་བཀོད་སྤྱོད་མང་པོ་བྱས་པ་རེད། ཐ་སྙད་དེ་དག་གིས་བཀོད་སྤྱོད་པ་དག་འཚར་ལུངས་བྱུང་པའི་བརྒྱུད་རིམ་དང་། སློབ་གསོའི་རྒྱབ་ལྗོངས། ཤེས་བྱའི་གྲུབ་ཚུལ་སོགས་མཚོན་ཡོད། ཡིན་ན་ཡང་། ཞི་ཅིན་ཕེང་གིས་ཀྲུག་ཡོན་ཁང་དང་། པོའོ་ཞི་ལེ། ཞི་ཚེ་ཧུག ཀོའུ་པོ་ཞོན། ལེན་ཇུས་ཧྭ་སོགས་སྟག་རྒན་ཤི་རོ་དག་གི་མིང་དངོས་སུ་བཏོན་ཡོད་ཀྱང་། ཚིག་སྦྱོར་རྩུབ་ཅིང་དྲག་པོའི་སྐད་ཆའི་མདའ་མོ་དེ་ད་དུང་ཆིན་ཁྲིན་བཙོན་ཁང་ནང་བཅུག་མེད་པའི་མི་དང་། ཡང་ན་ད་དུང་ཡང་ཐོབ་དང་གོ་ས་མཐོ་པའི་ལས་བྱེད་དག་མིན་ནམ་སྙམ།  དེའི་སྟབས་ཀྱིས་ང་ཚོས་ཚོགས་ཆེན་ཐེངས་དྲུག་པའི་གྲོས་ཆོད་ལ་ལྟ་སྐབས། དེ་ཡིས་ནན་གྱིས་བརྗོད་པའི་ཡུལ་ཉན་ས་མནའ་མ་དེ་ལས་བྱེད་གཙོ་གྲས་དང་། དབུས་ཆབ་སྲིད་རྒྱུན་ལས་དང་དབུས་རྒྱུན་ལས་དག་ཡིན་ཞིང་། ནམ་རྒྱུན་བཤད་སྲོལ་ལྟར་གྱི་གལ་ཆེའི་མི་སྣ་ཚོ་རེད། དེ་ཙ་ན། དེ་ནི་ད་གཟོད་ཞི་ཅན་ཕེང་གིས་དོགས་ཟོན་བྱེད་ཡུལ་རེད་བསམ་བྱུང་། དེ་ཡི་མཚོན་པ་ནི་ཏང་ནང་ཁུལ་ནས་ཁོང་གི་སྲིད་དབང་མགོ་རྟིག་སློག་སྲིད་པའི་སེམས་ཁུར་ཡོད་སྟབས། དེ་ལྟ་བུའི་ཚིག་སྦྱོར་དྲག་པོས་དེ་ཚོ་འབུར་བཅོམ་བྱེད་ཀྱིན་པ་རེད་ཟེར།

ཞི་ཅིན་ཕེང་གིས་འདས་པའི་ལོ་བཞིའི་རིང་གཞི་རྒྱ་རྔམ་ཟིལ་ཆེ་བའི་རུལ་སུངས་ལ་རྡུང་རྡེག་གི་ལས་འགུལ་ཞིག་ཚ་ཚ་འུར་འུར་དུ་སྤེལ་པ་རེད། ཞི་ཅན་ཕེང་གིས་རུལ་སུངས་ཚབས་ཆེ་དྲགས་ནས་དམར་ཤོག་ཚོགས་པའི་ཆགས་འཇིག་ལ་ཐུག་ཡོད་པར་ངོས་འཛིན་བྱས་ནས། ལས་འགུལ་དེ་སྤེལ་ནས་ད་བར་དུ་དམར་ཤོག་ཚོགས་པའི་མཐོ་རིམ་དང་། སྲིད་གཞུང་། དམག་ཁུལ། དེ་བཞིན་རྒྱལ་གཉེར་ཁེ་ལས་སོགས་ཀྱི་མཐོ་རིམ་འགོ་ཁྲིད་བརྒྱ་ཕྲག་མང་པོ་གོ་ས་ནས་བཙོན་སར་བསྐྱལ་ཡོད་པ་རེད།

ཞི་ཅིན་ཕེང་གིས་རྩོམ་ཡིག་ནང་མིང་ནས་བཟུང་དེ་སྟག་རྒན་ཤི་རོ་ཀྲུག་ཡོན་ཁང་དང་། པོའོ་ཞི་ལེ། ཀུའུ་པོ་ཞོན། ཞི་ཚེ་ཧུག ལེན་ཇུས་ཧྭ་སོགས་ཀྱིས་འགྲིག་ལམ་དང་འགལ་ལུགས་ཁྲིམས་ལུགས་དང་འགལ་ལུགས་སྐྱོན་བརྗོད་དང་སུན་འབྱིན་དྲག་པོ་བྱས་འདུག དོན་དངོས་སུ་གནས་ཚུལ་མང་པོའི་ནང་མི་འདི་དག་གིས་ཞི་ཅིན་ཕེང་གིས་ཆེས་མཐོའི་དབང་ཆ་འཛིན་རྒྱུན་དགག་བྱ་བྱས་ཚུལ་བཀོད་ཡོད་པ་རེད།

ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་ཅེས་པ་དེ་དོན་དངོས་སུ་བྱེད་ཐབས་ཤིག་རེད། ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གི་ལས་འགུལ་བརྒྱུད་དེ་དབང་ཆའི་འཐབ་རྩོད་ཁྲོད་རྣམ་པར་རྒྱལ་རྒྱུ་ནི་མཐའ་མའི་དམིགས་ཡུལ་དེ་ཡིན། ལྐོག་ཟ་གོམས་སྲོལ་དུ་གྱུར་ཞིང་རུལ་སུངས་ཀྱིས་ཡོངས་སུ་ཁེངས་པའི་ལམ་ལུགས་ཤིག་ཏུ། ཕ་རོལ་བ་ཕམ་པར་རྒྱག་ཐབས་ལས་སླ་ཤོས་དེ་ནི་དེ་ཡི་རུལ་སུངས་ཀྱི་ཉག་ས་ནས་འཛིན་རྒྱུ་ལས་མ་འདས། མའོ་ཙེ་ཏུང་གི་དུས་སྐབས་སུ། གྲལ་རིམ་འཐབ་རྩོད་བཟུང་བ་ཙམ་གྱིས་འགྲིག་འགྲོ་ཞེས་པ་ནང་བཞིན། དུས་དེ་རིང་། རུལ་སུངས་ཀྱི་ཉག་ས་ནས་བཟུང་བ་ཙམ་གྱིས་འགྲིག་འགྲོ།  རྒྱུ་མཚན་ནི་རྒྱ་ནག་གི་དབུ་ཁྲོད་ཡོད་དོ་ཅོག་ལ་དེ་ལྟ་བུའི་ཉག་ས་ཡོད་པས་ཡིན། ཀྲུག་ཡོན་ཁང་དང་ཞི་ཚེ་ཧུག་སོགས་ལ་རུལ་སུངས་ཀྱི་ཉེས་དཔང་ཁུངས་བཙན་པོ་རི་བོའི་གཏོས་འདྲ་བོ་ཞིག་ཡོད་པ་བདེན་མོད། འོན་ཀྱང་། ཆབ་སྲིད་འཐབ་རྩོད་ཀྱི་ཤུལ་རྗེས་ཀྱང་ཧ་ཅང་གིས་གསལ་བོ་གསལ་རྐྱང་རེད། སྐྱེས་བོ་ཀུན་པོས་ཤེས་གསལ་ལྟར། བྱེས་ངོགས་ཀྱི་ཁེ་གཉེར་ལས་ཁང་ཡོད་པའི་དབུ་ཁྲིད་ཟུར་པ་ཝིན་ཇ་པའོ་སོགས་ཁྱིམ་རྒྱུད་དག ཞི་ཅིན་ཕེང་གི་སྟག་དང་སྦྲང་མ་མཉམ་གསོད་ཀྱི་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གི་ལས་འགུལ་ཁྲོད་ཁྱོམ་མ་ཐེབས་པར་བརྟན་ཞིང་བདེ་བའི་ངང་གནས་ཡོད། དེ་ཡིས་ཞི་ཅིན་ཕེང་གི་ལྐོག་ཟ་རུལ་སུངས་ཀྱི་ལས་འགུལ་དེ་འདམ་ཀ་ཅན་ཞིག་རེད་ཅེས་བཤད་ན་གཞི་གྲུབ་པ་ཞིག་ཡིན་པས། ཆབ་སྲིད་འགྲན་ཡར་ཆེད་དུ་དམིགས་ནས་སྤེལ་བའི་ལས་འགུལ་ཞིག་ཏུ་རང་བཞིན་དུ་གྱུར་ཡོད་པ་རེད།

གཟའ་སྔོན་མར་མཇུག་བསྒྲིལ་པའི་ཚོགས་ཆེན་ཐེངས་དྲུག་པའི་སྟེང་། ཞིན་ཅིན་ཕེང་མི་རྣམས་པའི་ཚོད་དཔག་ཇི་བཞིན་དུ “བློ་མཐུན་ཞི་ཅིན་ཕེང་སྲོག་ཤིང་ཡིན་པའི་ཏང་གི་མཐའ་འཁོར་དུ ” ཞེས་ཞི་ཅིན་ཕེང་དམར་ཤོག་ཚོགས་པའི་དབུ་ཁྲིད་སྲོག་ཤིང་དུ་གྱུར་པ་རེད། གནད་དོན་དབྱེ་ཞིབ་པ་ཕལ་པོ་ཆེས་དེ་ནི་ཞི་ཅིན་ཕེང་གི་ཆབ་སྲིད་གོ་ས་གོམ་གང་མདུན་སྤོས་ཀྱིས་ཇེ་བརྟན་ཇེ་མཐོ་རུ་ཕྱིན་པའི་མཚོན་རྟགས་སུ་ངོས་འཛིན་བྱས་ཡོད།

༡༩༨༠ ལོར། རྒྱ་ནག་དམར་ཤོག་ཚོགས་པ་ནང་ཁུལ་དུའང   ༼    ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི ༽  ཞེས་པ་གཏན་འབེབས་དང་འགྲེམས་སྤེལ་བྱས་ཡོད་པ་མ་ཟད། དེ་དང་ཆབས་ཅིག  ཐུན་མོང་འགོ་ཁྲིད་ཀྱི་གལ་ཆེའི་རང་བཞིན་ཡང་ནན་མོས་གླེང་ཡོད། འོ་ན། སྲོག་ཤིང་དང་ཐུན་མོང་འགོ་ཁྲིད་གཉིས་འགལ་ཟླ་མ་ཡིན་ཡིན་ནམ་ཞེ་ན། དེ་གཉིས་རྩ་བའི་ཆ་ནས་འགལ་བ་ཡིན། འོན་ཀྱང་། དེ་རིང་གི་དུས་འདི་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅིའི་སྐབས་དང་བསྡུར་ཐབས་མེད། དེ་དུས་ལོ་བཅུའི་རིང་གི་གོད་ཆག་ཆེན་མོ་རིག་གནས་གསར་བརྗེ་ཆེན་པོ་མཇུག་རྫོགས་ཙམ་ཡིན་ཞིང་། མི་རྣམས་པའི་སེམས་སུ་གང་ཟག་སྒེར་པའི་སྲིད་དབང་སྒེར་གཅོད་ལས་བསླངས་པའི་དངངས་སྐྲག་དེ་ད་དུང་ཡང་ཚ་ལམ་ལམ་དུ་གནས་ཡོད་པས། ཐུན་མོང་འགོ་ཁྲིད་དགོས་པའི་རེ་འདུན་བཏོན་པ་རེད། ཉེ་ལམ་འཚོགས་པའི་ཚོགས་ཆེན་ཐེངས་དྲུག་པའི་སྐབས་ཀྱང་ཐུན་མོང་འགོ་ཁྲིད་གླེང་སློང་བྱས་ཡོད་མོད། འོན་ཀྱང་དབང་ཆ་གཅིག་བསྡུ་མང་ཙམ་གླེང་ཡོད་པ་རེད།

རྒྱ་ནག་དམར་ཤོག་ཚོགས་པས་དུས་དང་རྣམ་པ་ཀུན་ཏུ་ཚོགས་པའང་ཏང་ནང་ཁུལ་གྱི་དམངས་གཙོ་གླེང་གིན་ཡོད། ཡིན་ན་ཡང་། ཡིག་ཐོག་དང་ངག་ཐོག་ན་ཡོད་ཙམ་དང་དངོས་ཡོད་ལག་ལེན་བར་སྟོང་ཆ་ངེས་ཅན་ཞིག་ལྷག་ཡོད། ཐེངས་འདིའི་ཚོགས་ཆེན་སྟེང་གཙོ་བོ་གྲིམ་པར་ནུས་པའི་མཐུ་སྔགས་ཞིག་ཁར་སྣོན་བྱས་ཡོད། ཕྱོགས་གཅིག་ནས་ཧམ་སེམས་ཅན་ཡང་ན་ཧམ་སེམས་ཤོག་ཁག་ལ་དོགས་ཟོན་བྱེད་དགོས། དེ་ལས་གཞན། འདས་པའི་ལོ་བཞིའི་རིང་གི་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གི་ལས་འགུལ་ལས། རྒྱ་ནག་གུང་ཁྲན་ཏང་ལ་སྲི་ཞུ་བསྒྲུབས་དང་སྒྲུབ་ཀྱིན་པའི་རིམ་པ་སོ་སོའི་འགོ་ཁྲིད་ཚོར་དཔོན་པོ་བྱས་ཀྱང་རྒྱུ་འབྱོར་བ་མི་རེག་པའི་ཚོར་བ་སྐྱེས་ཡོད། དེའི་སྟབས་ཀྱིས། མགུ་མ་གང་སྟབས་མི་འདོད་པའི་སེམས་པ་ཡོངས་ཁྱབ་ཏུ་གནས་པ་ན། ད་ལྟ་དབུས་གཞུང་གི་དབང་གྲགས་ནན་གྱིས་བརྗོད་ནས། ཚང་མས་དམར་ཤོག་ཚགས་པར་བློ་དཀར་པོ་འཛིན་རྒྱུ་དང་དབུས་དམར་ཤོག་ཚོགས་པའི་དབུ་ཁྲིད་དང་ལེན་བྱེད་དགོས་པའི་རེ་འདུན་བཏོན་པ་རེད།