ཊོམ་ཕུར་རྒྱལ་ཁ་ཐོབ་པ་དེ་ནུབ་ཕྱོགས་དམངས་གཙོའི་མ་དཔེར་ཐེབས་པའི་རྡུང་རྡེག་ཅིག་ཡིན་ནམ།

150811084058-donald-trump-debate-file-super-169.jpg
བདམས་ཐོན་སྲིད་འཛིན་སྐུ་ཞབས་ཊོམ་ཕུ་ལགས།

དབྱིན་ཇིས་མང་པ་ཉུང་ལེན་གྱི་དམངས་གཙོའི་འོས་བསྡུའི་ལམ་ལུགས་ལྟར་ཡོ་རོབ་མཐུན་ཚོགས་ལས་བུད་རྗེས། སྐུ་ཞབས་ཊོམ་ཕུ་ལགས་སྲིད་འཛིན་གདམ་རྩོད་ཁྲོད་རྣམ་པར་རྒྱལ་བ་དེས་རང་དབང་རིང་ལུགས་རྒྱལ་སྤྱིའི་སྒྲིག་ལམ་ལ་གཏོར་སྐྱོན་ཆེན་པོ་ཐེབས་པར་ངོས་འཛིན་བྱས་ཡོད།

སྐུ་ཞབས་ཊོམ་ཕུ་སྲིད་འཛིན་གདམ་རྩོད་ཁྲོད་རྣམ་པར་རྒྱལ་བ་དེས་དངོས་ཡོད་གནས་སྟངས་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་མགོ་རྟིང་སློག་ཡོད། འཛམ་གླིང་ས་ཡི་གོ་ལ་ཧྲིལ་བོའི་སྟེང་གི་སྟོབས་འབྱོར་མངའ་ཐང་ལ་འགྲན་ཟླ་བྲལ་བའི་རྒྱལ་ཁབ་ཨ་མེ་རི་ཀས་ས་ཁང་གི་ཚོང་པ་ཞིག་སྲིད་འཛིན་དུ་བདམས་པ་རེད། རང་རློམ་ཆེ་བའི་མི་དྲག་དེར་ཆབ་སྲིད་འཛིན་སྐྱོང་གི་ཉམས་མྱོང་མེད་པ་མ་ཟད། ད་དུང་ཁོང་ནི་གནའ་འབྲེལ་རྒྱལ་ཁབ་དང་། གྲོས་མོལ་གྱི་ལམ་ནས་གནད་དོན་སེལ་རྒྱུ། དམངས་གཙོའི་སྒྲིག་སྲོལ་བཅས་ལ་སྣང་ཆུང་བྱེད་མཁན་ཞིག་ཀྱང་ཡིན། ཊོམ་ཕུའི་རང་གཤིས་ལ་འགྱུར་ལྡོག་ཐེབས་ན་མ་གཏོགས། ཁོང་གདམ་རྩོད་ལས་རྣམ་པར་རྒྱལ་བ་དེ་ནུབ་ཕྱོགས་དམངས་གཙོའི་མ་དཔེར་འགྲན་སློང་པ་ཞིག་ཅི་ལ་མིན།

སྐུ་ཞབས་ཊོམ་ཕུ་ལགས་ལ་ཐོབ་པའི་ཐེངས་འདིའི་སྲིད་འཛིན་གདམ་རྩོད་ཁྲོད་ཀྱི་རྒྱལ་ཁ་དེར་དུས་རབས ༢༠ པའི་ཨ་རིའི་དམངས་མོས་རིང་ལུགས་པ་ཧུའེ ལོང་དང་ཇོར་ཇི ཝ་ལ་སི་ཡིས་འགྲན་ག་ལ་ནུས། ཕོ་བྲང་དཀར་པོའི་སྲིད་དབང་འགྲན་རྩོད་ཀྱི་འཐབ་ལམ་དུ། ཊོམ་ཕུ་ཡིས་སྲིད་འཛིན་གདམ་རྩོད་ཀྱི་སྒྲིག་ལམ་གསར་བ་ཞིག་བཞེངས་སྐྲུན་གནང་ཡོད། དང་ཐོག་ཁོང་གིས་ཨ་རིའི་སྲིད་དོན་ཚོགས་པ་ཆེ་ཤོས་གཉིས་ཀྱི་ཡ་གྱལ་སྤྱི་མཐུན་ཚོགས་པ་ནང་ཁུལ་གྱི་གདམ་རྩོད་ཁྲོད། ཆེ་ཆེ་དྲག་དྲག་གི་འགྲན་ཡ ༡༦ ཕམ་པར་བརྒྱབས་པ་དང་། ཁོང་ཚོའི་ཁྲོད་སྤྱི་ཚོགས་ཀྱི་བདེན་དཔང་ཐོབ་པའི་སྲིད་དོན་ཉམས་མྱོང་ཅན་ཡང་སྐོར་ཞིག་ཡོད་པ་རེད། མཐར་མཇུག སྲིད་ཇུས་དང་ལྟ་བ་ལས་སྡིགས་ར་དང་འཕྱ་སྨོད་མང་པའི་སྲིད་འཛིན་རྩོད་གླེང་གསུམ་གྱི་རྗེས་སུ། མཐའ་མའི་རྟིང་རྩོད་ཁྲོད་མི་རྣམས་པས་ཚོད་དཔག་ལས་ལྡོག་ཏེ། བློ་ཡུལ་ལས་འདས་ཏེ། བྱུང་མི་སྲིད་པའི་རྣམ་པས་རྩོད་ཡ་ལྕམ་ཧེ་ལེ་རེ ཁི་ལེན་ཊོན་ལས་རྣམ་པར་རྒྱལ་ཡོད།

༢༠༡༦ལོར། དེ་སྔ་ལྕམ་སྐུ་དང་པོ་གནང་མྱོང་ཞིང་། ནིའུ་ཡོག་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་གནང་པ། ཨ་རི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གནང་མྱོང་བའི་སྲིད་འཛིན་འོས་མི་ཞིག་ལས།  ཨ་རི་བ་ཚོས“རླབས་ཆེན་གྱི་ཨ་མེ་རི་ཀ་སླར་གསོ”ཞེས་པའི་ཁ་གཡང་སྒྲོག་པའི་སྲིད་དོན་པ་གསར་བ་ཞིག་ལ་དགའ་མོས་མང་ཙམ་བྱས་འདུག དམངས་གཙོ་ཚོགས་པས་ཁོང་ཚོའི་ཕམ་ཁ་དེ་ལྕམ་ཧེ་ལེ་རེ་ཡི་མི་སེམས་འགུག་པའི་ནུས་པ་དང་མི་ལྡན་པའི་གདམ་རྩོད་ལ་ངོས་འཛིན་བྱས་ཡོད་པ་དང་། དེ་མིན་ཨ་རིའི་གསང་བའི་ལས་ཁང FBIཡིས་འོས་ཤོག་འཕེན་ཁ་ཏག་ཏག་དེར་ཡང་བསྐྱར་ཧེ་ལེ་རེ་སྒེར་བའི་གློག་འཕྲིན་གྱོད་དོན་ལ་བརྟག་ཞིབ་བྱས་པའི་དོན་རྐྱེན་དེ་ཁོང་མོའི་གདམ་རྩོད་ལ་མཚོན་ན་ཤི་གསོན་རྒྱལ་ཕམ་དང་འབྲེལ་བའི་རྡུང་རྡེག་ཐེངས་ཤིག་ཐེབས་པ་རེད།

དམངས་གཙོ་ཚོགས་པའི་ཕམ་ཁ་ཡོད་ཚད་ལྕམ་ཧེ་ལེ་རེ་གཅིག་པུར་བཀལ་ན་ལས་སླ་བོར་ཚོར་ཐུབ་པའི་དངོས་ཡོད་གནས་ཚུལ་ཞིག་སྣང་མེད་དུ་བཞག་པ་རེད། ཟླ ༡༡ ཚེས ༨ ཉིན་གྱི་འོས་འདེམས་སྐབས་གདམ་བྱ་གཙོ་བོ་སྲིད་འཛིན་ཡིན་ཡང་། དེ་དང་མཉམ་དུ་གྲོས་ཚོགས་གོང་འོག་གི་འཐུས་མིའང་མང་པོ་ཞིག་བདམས་ཡོད་པས། འོས་བསྡུའི་མཇུག་འབྲས་ལ་གཞིགས་ན། ཕོ་བྲང་དཀར་པོ་སྤྱི་མཐུན་ཚོགས་པར་ཐོབ་པའི་མ་ཚད། གྲོས་ཚོགས་གོང་འོག་གཉིས་ཀའི་གདན་ཁྲི་མང་ཤོས་ཀྱང་སྤྱི་མཐུན་ཚོགས་པར་ཐོབ་ཡོད་པས། དེ་ནི་ལྕམ་ཧེ་ལེ་རེའི་ཕམ་ཁ་ཞིག་ཡིན་པ་སྨོས་མ་དགོས་ལ། དམངས་གཙོ་ཚོགས་པའི་ཕམ་ཁ་ཞིག་ཀྱང་ཡིན།

སྐུ་ཞབས་ཊོམ་ཕུ་ལགས་ཉམས་ཞིབ་པ་དང་། གསར་འགྱུར་སྨྱན་བྱད་ཁག མི་མང་གི་བློ་ཡུལ་བཅས་ནས་རྦད་དེ་འདས་ནས་རྒྱལ་ཁ་ཐོབ་རྗེས། ད་ལྟ་མི་རྣམས་པའི་མདུན་དུ་ལྷག་པའི་དྲི་བ་ནི་ཁོང་སྲིད་འཛིན་གྱི་བགྲོད་ལམ་དུ་ཇི་ལྟར་འགྲོ་རྒྱུ་དེ་རེད།

སྐུ་ཞབས་ཊོམ་ཕུ་ཡི་གདམ་རྩོད་སྐབས། རང་ས་རིང་ལུགས་དང་། ཁེར་རྐྱང་རིང་ལུགས། སྲུང་སྐྱོབ་རིང་ལུགས་བཅས་ནི་ཁོང་གི་གཏམ་བཤད་ཀྱི་འབུར་དུ་ཐོན་པའི་ཆ་ཤོས་གཙོ་གྲས་ཡིན། གདམ་རྩོད་སྐབས་སྐུ་ཞབས་ཊོམ་ཕུ་ལགས་ཀྱིས་བྱེས་ཡོང་ཡུལ་མི་ལ་སྡིགས་ར་འཐེན་ནས། ཨ་རི་དང་ཁྱིམ་མཚེས་རྒྱལ་ཁབ་མེ་ཁི་སི་ཀོ་བར་གྱང་ཆེན་ཞིག་བརྡུང་ནས་གཞི་སྤོས་ཡུལ་མི་འགོག་ཐབས་བྱ་རྒྱུ་ཡིན་ལུགས་དང་། དེ་མིན་ད་ལྟ་ཨ་རི་ན་ཡོད་པའི་ཁྲིམས་འགལ་གཞི་སྤོས་ཡུལ་མི ༡༡༠༠༠༠༠༠ ཡོད་རྣམས་གང་ནས་ཡོང་ན་ཕྱིར་དེར་མངག་རྒྱུ་ཡིན་ཚུལ་དམ་བཅའ་ཡོད་པ་མ་ཟད། མེ་ཁི་སི་ཀོ་གཞུང་གིས་བར་གྱང་འཛུགས་སྐྲུན་གྱི་འགྲོ་གྲོན་གཏོང་རོགས་བྱེད་དགོས་པའི་དགོས་འདུན་ཡང་བཏོན་ཡོད་པ་རེད།  དེ་མིན་ཁོང་གིས་ཡོ་རོབ་དང་ཨེ་ཞི་ཡའི་ཨ་རིའི་མནའ་འབྲེལ་རྒྱལ་ཁབ་ཚོར་སྐྱོན་བརྗོད་དྲག་པོ་བྱས་ཏེ། ལོ་ངོ་བཅུ་ཕྲག་དུ་མའི་རིང་གི་ཕྱི་སྲིད་ལམ་ལུགས་དང་རྩ་དོན་འདོར་རྒྱུ་དང་། ཉི་ཧོང་དང་ལྷོ་ཀོ་རེ་ཡས་རང་རང་གིས་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་བྱས་ནས་རྒྱ་ནག་གི་འཇིགས་སྐུལ་ལ་གདོང་ལེན་བྱེད་དགོས་ལུགས་ཁ་མ་གསལ་བའི་ལམ་ནས་བརྡ་ལན་སྤྲད་ཡོད་པ་རེད། ད་དུང་ཁོང་གིས་ཨ་རིའི་སྲོལ་རྒྱུན་གྱི་དགྲ་ཡ་ཨུ་རུ་སུའི་སྲིད་འཛིན་ཕུ་ཊེན་ལ་བཟང་ཕྱོགས་ཀྱི་རྣམ་འགྱུར་བསྟན་ཡོད་ལ། དེ་མིན་ད་དུང་ཁོང་གིས་བྱང་ཨ་མེ་རི་ཀའི་རང་དབང་ཚོང་ལས་གྲོས་མཐུན་དང་། ཞི་བདེ་རྒྱ་མཚོ་ཆེན་པོའི་མཐུན་གྲོགས་ཀྱི་འབྲེལ་བའི་གྲོས་མཐུན་སོགས་ཚོང་ལས་གྲོས་མཐུན་མང་པོ་རྩིས་མེད་དུ་བཏང་ནས། ཨ་རིའི་བཟོ་སྐྲུན་ལས་རིགས་ལ་སྲུང་སྐྱོབ་དང་ཆབས་ཅིག ལས་གནས་སླར་གསོ་བྱེད་རྒྱུ་ཡིན་ལུགས་བཤད་ཡོད་པ་རེད།

སྐུ་ཞབས་ཊོམ་ཕུའི་འོལ་སྤྱི་ཙམ་གྱི་ཧམ་བཤད་དང་བཙན་དབང་གི་རང་བཞིན་ཅན་གྱི་སྐད་ཆས། གོ་ལ་གཅིག་གྱུར་ལས་ཟུར་ཕུད་བཏང་བར་རློམ་པའི་ཨ་རི་བ་ཁྲི་ཕྲག་མང་པོའི་འདོད་ཚུལ་དང་མ་གྲོས་རང་མཐུན་དུ་སོང་ཡོད། མ་རྩ་དང་། ཚོང་ཟོག ངལ་རྩོལ་སྟོབས་ཤུགས། ཞབས་ཞུ་བཅས་ནི་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་ཀྱི་རླབས་ན་མ་མཆིས་པའི་གྲུབ་འབྲས་ཡིན། གོ་ལ་གཅིག་གྱུར་གྱི་དགེ་མཚན་ལ་བསྟུན་ནས་མི་མང་དུང་ཕྱུར་མང་པོ་དབུལ་ཕོངས་ལས་ཐར་ཡོད། ལྷག་པར་ཨེ་ཞི་ཡ་རྒྱལ་ཁབ་དག་ན།  ཊོམ་ཕུ་ཡི་བཤད་སྲོལ་ལྟར་ན། གོ་ལ་གཅིག་གྱུར་དང་རང་དབང་ཚོང་ལས་གྱི་ཁེ་བཟང་དེ་དམིགས་བསལ་དབང་ཚད་ཅན་གྱི་གྲལ་རིམ་ལ་མ་གཏོགས་མང་ཚོགས་དཀྱུས་མར་རེག་མེད་པར་ངོས་འཛིན་བྱས་འདུག

འོ་ན། སྐུ་ཞབས་ཊོམ་ཕུ་ཡི་སྲིད་འཛིན་དུས་ཡུན་ལ་མདུན་ལྗོངས་ཅི་ཞིག་ཡོད་དམ་ཞེ་ན། ལྟ་ཡངས་རེ་བཅོལ་གྱི་ལྟ་ཚུལ་ནི། ཁོག་རྒྱ་དོག་ཅིང་ཨེ་སི་ལམ་ཁ་ཆེ་ལ་འཇིགས་སྐྲག་ཅན་གྱི་བདམས་ཐོན་སྲིད་འཛིན་གསར་བ་འདི་ཕོ་བྲང་དཀར་པོའི་བདག་པོར་གྱུར་རྗེས་ཁོང་གི་ད་ལྟའི་བཤད་སྟངས་དང་ལྟ་སྟངས་མང་པོ་ཞིག་ལ་རང་དབང་མེད་པར་གྱུར་བ་འགྲོ་ངེས་པར་ཡིད་ཆེས་བྱས་ཡོད། ཡིན་ན་ཡང་། ད་ལྟའི་དུས་ཡུན་འདི་ལ་དེ་ལྟ་བའི་གྱུར་བ་བྱུང་མི་སྲིད། བྱུང་མི་སྲིད་པ་ཁོང་གི་གཤིས་རྒྱུད་དང་ཉམས་འགྱུར་གྱིས་ཁག་ཐེག་བྱས་ཡོད། དེའི་མ་ཚད་ཁོང་གིས་ད་དུང་སྤོབས་པ་ཆེན་པོས་གདམ་རྩོད་སྐབས་ངས་འཐབ་ཇུས་ཅི་ཞིག་བཀོལ་སྤྱོད་བཏང་ཡང་། ང་གདམ་ཡ་ལས་རྣམ་པར་རྒྱལ་དེ་སྲིད་འཛིན་དུ་བདམས་པ་རེད་ཅེས་ཁ་ཕོ་ཆེན་པོས་བཤད་མི་སྲིད་པ་མིན།

སྲིད་འཛིན་ཟེར་བ་དེ་སྤྱིར་ན་ཐོབ་དང་གོ་ས་ཞིག་དང་།  ཆེས་མཐོའི་དབང་ཆ་ཞིག་ཀྱང་ཡིན་པ་བདེན་མོད། འོན་ཀྱང་སྲིད་འཛིན་ལ་གཞོལ་ཐབས་མེད་པའི་འོས་འགན་ཡང་ཆེན་པོ་ཞིག་ཡོད། དེ་བས་ན་སྐུ་ཞབས་ཊོམ་ཕུ་ལགས་ལ་དངོས་སུ་གོ་ས་དེ་ཐོབ་པ་དེ་གོ་སྐབས་ཞིག་ཀྱང་ཡིན་པ་ཁོང་གིས་ཚོར་ཡོད་སྲིད། ཁོང་གིས་ངེས་པར་དུ་བློ་རིག་དང་ཉམས་མྱོང་གིས་ཕྱུག་པའི་བློ་འདོན་ཚོགས་ཆུང་ཞིག་བཙུགས་ནས་ཁོང་གི་འཆར་བཀོད་དག་སྤེལ་དགོས། དེ་མིན་ཁོང་གིས་ངེས་པར་དུ་གྲོས་ཚོགས་དང་མཉམ་ལས་བྱེད་དགོས་ལ། ལྷག་པར་དུ་ཁོང་གིས་ནམ་རྒྱུན་འཕྱ་སྨོད་བྱེད་ཡུལ་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས Paul Ryan དང་སྒྲིག་མཐུན་མཉམ་ལས་བྱེད་དགོས། སྐུ་ཞབས་ཊོམ་ཕུ་རང་གིས་གང་ཉིད་ནི་བརྗེ་ཚོང་གི་སྒྱུ་རྩལ་ལ་མཁས་པའི་གང་ཟག་ཅིག་ཡིན་པར་སྤོབས་པ་སྐྱེད་ཀྱིན་ཡོད། ཁོང་གིས་ངེས་པར་དུ་ཤེས་དགོས་པ་ཞིག་ནི། གཞུང་གི་ལས་དོན་ཐམས་ཅད་ལ་མི་སྒེར་གྱི་འཁོན་སེམས་ཀྱི་ཤུགས་རྐྱེན་ཐེབས་མི་རུང་བ་དང་། དམངས་གཙོའི་སྲིད་ལུགས་ཁྲོད། ཆབ་སྲིད་ནི་འོས་མིན་བསྟུན་ཐབས་ལས་བྱུང་བའི་སྒྱུ་རྩལ་ཞིག་ཡིན།

གོ་ལ་ཧྲིལ་བོས་སྐུ་ཞབས་ཊོམ་ཕུ་ཡི་གོམ་པ་དང་པོ་དེ་ཇི་ལྟར་སྤོ་རྒྱུར་དངངས་འཚབ་ངང་བལྟས་བསྡད་ཡོད།  འདི་ནི་ཧ་ཅང་ཧ་ཅང་ཉེན་ཁ་ཆེ་བའི་དུས་སྐབས་ཤིག་ཡིན། དབྱིན་ཇི་རྒྱལ་ཁབ་ཀྱིས་ཡོབས་ཁྱབ་འོས་ཤོག་གི་ལམ་ནས་ཡོ་རོབ་མཐུན་ཚོགས་ལས་ཐོན་རྒྱུ་ཐག་གཅོད་བྱས་རྗེས། ཚོང་གི་ཉམས་མྱོང་ལས་སྲིད་ཀྱི་ཉམས་མྱོང་མེད་པའི་སྐུ་ཞབས་ཊོམ་ཕུ་ལགས་སྲིད་འཛིན་གདམ་རྩོད་ལས་རྣམ་པར་རྒྱལ་བ་དེ་གཅིག་བགྱིས་ན་རང་དབང་རིང་ལུགས་རྒྱལ་སྤྱིའི་ལམ་ལུགས་ལ་ཐེབས་པའི་རྡུང་རྡེག་ཚབས་ཆེན་ཞིག་ཡིན་ཡང་སྲིད། སྐུ་ཞབས་ཊོམ་ཕུ་ལགས་ཀྱིས་ངེས་པར་དུ་ཁོང་ལ་བསམ་བཞིན་དུ་སྒྲིག་ལམ་དེ་ལ་བདག་སྐྱོང་བྱེད་རྒྱུ་ལས་གཏོར་འདོད་པ་རང་ཉིད་ཀྱི་བྱ་བ་སྤྱོད་པས་བདེན་དཔང་བྱེད་དགོས། གལ་སྲིད་ནུབ་ཕྱོགས་རང་དབང་རིང་ལུགས་ཀྱི་སྒྲོམ་གཞི་དེ་ལ་གནོད་སྐྱོན་ཕོག་ཚེ། ནུབ་ཕྱོགས་ཡུལ་གྲུས་དེའི་ཆེད་དུ་གཞལ་དཀའ་པའི་རིན་དོད་འདོན་དགོས་པ་འདོན་མི་ཟ།