ཨ་རིའི་དམངས་གཙོའི་སྣ་བྲག་ལ་ཐུག་པ་རེད་དམ།

vlcsnap-00005-1478676877
ཨ་རིའི་བདམས་ཐོན་སྲིད་འཛིན་ཊོམ་ཕུ་མཆོག

༢༠༡༦ ལོའི་ཨ་རིའི་སྲིད་འཛིན་འོས་བསྡུ་ཆེན་མོ་ད་གཟོད་རྟིང་ཐག་ཆོད་སོང་། ད་ཐེངས་ཀྱི་འོས་བསྡུ་འདི་ནི་ཨ་རིའི་ལོ་རྒྱུས་སུ་འགྱུར་ལོག་ཆེ་ཤོས་ཀྱི་འོས་བསྡུ་དེ་ཡིན་ལ། གདམ་རྩོད་སྐབས་རྐང་པ་འཐེང་འགྲོས་ཀྱི་ཡར་མཆོང་མར་ལྡིང་དང་། རྣ་ཚ་བའི་འཆལ་གཏམ་དང་སྣ་ཚ་བའི་དྲི་ངན་གྱི་འབགས་པའི་ཞབས་འདྲེན་གནས་ཚུལ་རིགས་རྒྱུན་མ་ཆད་པ་མ་ཟད། མཇུག་འབྲས་དེ་མི་རྣམས་པས་བློ་ཡུལ་ལས་རྦད་དེ་འདས་ཏེ་གོ་ལ་ཧྲིལ་བོ་ཧ་ལས་ཧང་སང་ཡོད།

ལོ་གཅིག་ལྷག་གི་ཨ་རིའི་སྲིད་འཛིན་འོས་བསྡུ་ཆེན་མོ་དེར་རྒྱ་ནག་གཞུང་དང་མི་དམངས་ཀྱིས་ཨ་རི་གཞུང་དང་མི་དམངས་ལས་ཀྱང་དོ་སྣང་ཆེ་བ་བྱས་ཡོད་ལ། ལྷག་པར་དུ་རྒྱ་ནག་གཞུང་འབྲེལ་གསར་འགྱུར་སྨྱན་བྱད་ཁག་གི་ནང་དུ་ཨ་རིའི་དམངས་གཙོ“གཡང་རོང་དུ་ལྷུང་བ”། “སྣ་བྲག་ལ་ཐུག་པ”། “སྒྲིག་འཆོལ་གྱི་ཁེངས་པ” སོགས་ཀྱིས་ཁེངས་འདུག དོན་དམ་པའི་ཨ་རིའི་ཐེངས་འདིའི་འོས་བསྡུ་དེས་དམངས་གཙོའི་ཞན་སྐྱོན་མཚོན་ཡོད་དམ་ཡང་ན་ཁྱད་འཕགས་མཚོན་ཡོད། བསམ་ཡུལ་ལས་འདས་པའི་འོས་བསྡུའི་གྲུབ་འབྲས་དེ་ནི་ཨ་རིའི་དམངས་གཙོའི་ཕམ་ཉེས་ཡིན་ནམ་ཡང་ན་ལེགས་བཅོས་ཡིན་ཞེ་ན། གང་ཡིན་གང་མིན་དངོས་ཡོད་གནས་ཚུལ་དང་བསྟུན་ནས་དཔྱད་བརྗོད་གང་འཚམས་ཤིག་བྱེད་འདོད་བྱུང་།

གདམ་རྩོད་ཀྱི་དུས་ཡུན་ལ་ཕྱི་མིག་ཅིག་བལྟས་ན། སྨྱན་བྱད་གཙོ་གྲས་དང་ཤེས་འཇོན་གཉིས་ལྡན་གྱི་གྲལ་རིམ་བཅས་ཀྱིས་ཕྱོགས་གཅིག་ཁོ་ནར་ལོག་ནས་ལྕམ་ཧེ་ལེ་རེ་ལ་རྒྱབ་སྐྱོར་བྱས་ཡོད་མོད། འོན་ཀྱང་། གདམ་དམངས་ཀྱིས་དེ་ལས་ལྡོག་སྟེ་སྐུ་ཞབས་ཊོམ་ཕུ་བདམས་པ་རེད།

འོ་ན་འོས་བསྡུའི་མཇུག་འབྲས་ལས་བརྡ་ཅི་ཞིག་བསྟན་ཡོད་དམ་ཞེ་ན། གཙོ་བོ་གཅིག་ནི་ཨ་རིའི་སྲོལ་རྒྱུན་གྱི་རིན་ཐང་གི་ལྟ་བ་དེ་མི་འཇིག་བྲག་རི་བཞིན་གནས་མུས་སུ་ཡོད་པ་བསྟན་ཡོད། ནམ་རྒྱུན་ང་ཚོའི་བཤད་ཀྱིན་པའི་དམངས་གཙོའི་ཀ་བ་གསུམ་ཞེས་པ་དེ་ནི་དམངས་གཙོའི་ཕྱིའི་སྒྲོམ་གཞི་ཡིན་ལ། ནང་གི་སྲོག་ཤིང་ནི་ཨ་རིའི་སྲོལ་རྒྱུན་གྱི་རིན་ཐང་གི་ལྟ་བ་སྟེ། “མི་མི་དམངས་ཀྱི་ཆེད་དུ། མི་དམངས་ཀྱིས་བཙུགས་པའི། མི་དམངས་ཀྱི་གཞུང། ” ༼     of the people ﹐by the people ﹐for the people ༽     ཞེས་པ་དེ་ཡིན། འདི་ནི་ད་གཟོད་ཨ་རི་མི་དམངས་ཀྱིས་འདོར་མི་སྲིད་པའི་བསམ་པའི་སྲིག་ཤིང་ཡིན། རྒྱབ་ལྗོངས་འདི་ལས་གྲུབ་པའི་ལྟ་བ་ལངས་ཕྱོགས་ཀྱི་ཁ་གཏད་ན་ཡོ་རོབ་བསམ་བློའི་ཤུགས་རྐྱེན་ཐེབས་པའི་དེང་རབས་ཕྱི་མའི་རིག་གནས་ཀྱི་དཔུང་ཁག་དེ་ཡོད། སྐུ་ཞབས་ཊོམ་ཕུ་རྣམ་པར་རྒྱལ་བ་ལས་སྲིད་གཞུང་ཆེན་པོ་སྤྱི་ཚོགས་ཆུང་ཆུང་གི་ལྟ་བ་འཛིན་པའི་ཡོ་རོབ་ཀྱི་རྣམ་པ་ཅན་གྱི་དེང་རབས་ཕྱི་མའི་རིག་གནས་ཀྱི་རྗེས་འབྲང་པ་ཤེས་འཇོན་གཉིས་ལྡན་གྱི་གྲལ་རིམ་དེ་ཨ་རིའི་སྤྱི་ཚོགས་ཀྱི་གཞི་རྟེན་མིན་པ་ར་སྤྲོད་བྱུང་ཡོད།

དེ་མིན་པའི་བརྡ་གཞན་ཞིག་ནི་ཨ་རིའི་གདམ་དམངས་ཀྱི་འགྱུར་ལྡོག་ཡིན། ཨ་རིའི་གཞི་རིམ་མང་ཚོགས་ཀྱིས་ད་ལྟའི་གནས་སྟངས་ལ་མ་མོས་པ་མ་ཟད། ངོས་ལེན་མེད་པའི་རྣམ་འགྱུར་གྱིས་སྲོལ་རྒྱུན་མ་ཡིན་པའི་ཆབ་སྲིད་པ་ཞིག་བདམས་པ་རེད། དེ་མིན་ད་ལྟའི་ཆབ་སྲིད་པ་དག་ལ་ཁ་སང་དེ་རིང་གི་ཨ་རིའི་ཕྱི་སྲིད་དང་ནང་སྲིད་གཉིས་ཀར་འཕྲད་དང་འཕྲད་ཀྱིན་པའི་ཛ་དྲག་གི་གནས་སྟངས་འདི་སེལ་རྒྱུར་ཡིད་ཆེས་མེད་པའང་མཚོན་ཡོད་པས། དེ་ནི་ཉམས་ཞིབ་པའི་ཚོགས་ཧ་ལས་དགོས་ས་གཅིག་ཡིན།

ད་ལྟའི་གནས་སྟངས་ལ་མ་མོས་པ་ཟེར་བ་དེ་སྤྱི་བཤད་ཅིག་ཡིན་པས། ཅུང་གོ་སླ་བར་བཤད་ན། འཛམ་གླིང་གཅིག་གྱུར་གྱི་རླུང་འཚུབ་ཁྲོད་གྲུབ་པའི་མཐོ་རིམ་དབང་གྲགས་ཤོག་ཁག་གིས་དབང་ཆ་དང་དཔལ་འབྱོར་གྱི་ཁེ་བཟང་ཡོད་ཚད་སྒེར་སྡེམ་བྱས་པར་གཞི་རིམ་མང་ཚོགས་ཀྱི་མགུ་མ་གང་སེམས་མ་སྐྱིད་པར་ལྷག་ཡོད། དེ་ལྟ་བུའི་གནས་སྟངས་ཤིག་གི་སྐབས་དེར། ཨ་རིའི་མི་དམངས་ཀྱིས་སོ་སོར་དབང་པའི་དབང་ཆ་བཀོལ་ནས། སོ་སོ་ལ་མངའ་བའི་འོས་ཤོག་བཀོལ་ནས་ཨ་རིའི་གཞི་རྩའི་རྨང་གཞི་དང་ལྟ་གྲུབ་། བདག་དབང་བཅས་ལ་སྲུང་སྐྱོབ་བྱས་པ་རེད། ཡིན་ན་ཡང་། རྒྱ་གཞུང་གི་མགྲིན་ལྕེ་དང་གཞུང་སྐུལ་རིག་པ་བ་ཚོས་དཔྱད་རྩོམ་རིང་ཐུང་དུ་མ་བྲིས་ནས་དེ་ནི་ཨ་རིའི་དམངས་གཙོའི་སྒྲིག་འཆོལ་གྱི་ཟང་ཟིང་མཚོན་ཡོད་ལུགས་ཤོད་ཀྱིན་ཡོད་མོད། འོན་ཀྱང་དེ་ནི་དོན་ཀྱིས་དམངས་གཙོ་ཡིན། དེ་ཡིས་ད་གཟོད་དམངས་གཙོ་མཚོན་ཡོད། དམངས་གཙོ་དམངས་གཙོ། མི་དམངས་གཙོ་བོ་ཡིན་ཟེར་གྱིན་པ་མ་རེད་དམ།  སྲིད་འཛིན་འོས་མི་ལྕམ་ཧེ་ལེ་རེ་དང་སྐུ་ཞབས་ཊོམ་ཕུ་གཉིས་བསྡུར་ན། ཁོང་རྣམ་པ་གཉིས་ཀྱིས་གདམ་རྩོད་རིང་བསགས་པའི་མ་དངུལ་གྱི་མང་ཉུང་ལ་ཁྱད་པར་ཆེན་པོ་ཤོར་ཡོད་ལ། ལྕམ་ཧེ་ལེ་རེ་ཡིས་བསགས་པའི་མ་དངུལ་སྐུ་ཞབས་ཊོམ་ཕུལ་ལས་ལྡབ་གཉིས་ལྷག་ཡིན། དེ་མིན་གསར་འགྱུར་སྨྱན་བྱད་རིགས། མཐོ་རིམ་སྤྱི་ཚོགས་དང་ཤེས་འཇོན་གཉིས་ལྡན་གྱི་མི་ཡོད་ཚད་ཕྱོགས་གཅིག་ཁོ་ནར་ལོག་ནས་ལྕམ་ཧེ་ལེ་རེ་ལ་རྒྱབ་སྐྱོར་དང་ཡིད་ཆེས་བྱས་པ་རེད། མཇུག་མཐའི་ཉི་མ་འགར་ཐུག་དུས་ཐ་ན་སྤྱི་མཐུན་ཚོགས་པའི་ཆེ་ཆེ་དྲག་དྲག་དག་གིས་ཀྱང་ལངས་ཕྱོགས་གསལ་བོར་བཟོས་ཏེ་མཐའ་རུ་དགར་ནས། སྐུ་ཞབས་ཊོམ་ཕུ་ཡི་ཉེ་འཁོར་ན་ཁོང་གི་ལྟ་བ་དང་མཐུན་པའི་སྤྱི་མཐུན་ཚོགས་པའི་མི་རྒན་འགའ་དང་ཁོང་གི་ནང་མི་ལས་ལྷག་མེད་པའི་གནས་སྟངས་ཤར་བ་རེད། ཡིན་ན་ཡང་འོས་ཤོག་འཕེན་དུས་སྐུ་ཞབས་ཊོམ་ཕུ་ལགས་འགྲན་ཡ་ལས་རྣམ་པར་རྒྱལ་བ་དེས་མི་དམངས་གཙོ་བོ་ཡིན་པའི་དམངས་གཙོའི་ལམ་ལུགས་འབུར་དུ་ཐོན་ཡོད། དེ་ལས་ལྷག་པའི་དམངས་གཙོ་ཞིག་གང་ཡོད་དམ། མི་སུམ་ཅུར་བསམ་བ་སུམ་ཅུ་ཞེས་པའི་ཁ་དཔེ་བཞིན། མི་ཚང་མིས་རང་རང་སོ་སོའི་བསམ་ཚུལ་བཏོན་ཆོག་ལ་བཏོན་སའང་ཡོད། ཟང་ཟིང་གི་ཁྲོད་དུ་ཐུན་མོང་གི་ལམ་སྲོལ་ཞིག བརྟན་བརླིང་གི་སྲིད་དབང་ཞིག་ཆགས་པ་ནི་ད་གཟོད་དམངས་གཙོ་ཡིན། ཟང་ཟིང་མི་དགོས་ལ་བསམ་ཚུལ་ཡང་བཏོན་མི་ཆོག་ན། དེ་ནི་རྒྱ་ནག་གི་སྲིད་དབང་སྒེར་གཅོད་ལམ་ལུགས་དང་ཁྱད་པར་ཅི་ཞིག་ཡོད་དམ། རྒྱ་ནག་གི་ན་ནིང་དོ་ཚིགས་ཀྱི་སྲིད་དབང་རྩོད་རེས་ཀྱི་ཟང་ཟིང་དེ། སྒྲིག་གཞི་དང་ལམ་ལུགས་ཀྱི་ཞན་སྐྱོན་ལས་བྱུང་བ་ཡིན་པས་སྲིད་དགྲ་འགའ་བཙོན་ལ་བཅུགས་པ་ཙམ་གྱིས་གནད་དོན་སེལ་ག་ལ་ནུས།

ཡང་རྒྱ་ནག་གི་མགྲིན་ལྕེ་འགས་ཐེངས་འདིའི་འོས་བསྡུས་ཨ་རིའི་དམངས་གཙོའི་ལམ་ལུགས་ཉམས་དམས་སུ་བཏང་ལུགས་བརྗོད་ཀྱིན་ཡོད། དོན་དངོས་སུ་ཉམས་དམས་སུ་བཏང་བ་མ་རེད། སྲ་བརྟན་དུ་བཏང་བ་རེད། དེ་དང་ཆབས་ཅིག ཨ་རི་བའི་དམངས་གཙོའི་ཡིད་ཆེས་ཀྱང་སྲ་ཞིང་བརྟན་པར་བཏང་ཡོད། ལྕམ་ཧེ་ལེ་རེ་ལ་རྒྱབ་སྐྱོར་བྱེད་མཁན་ནི་སྤྱི་ཚོགས་མཐོ་རིམ་དང་ཤེས་འཇོན་གཉིས་ལྡན་གྱི་མི་སྣ་དང་གསར་འགྱུར་སྨྱན་བྱད་ཀྱི་སྡེ་རེད། སྐུ་ཞབས་ཊོམ་ཕུ་ལ་རྒྱབ་སྐྱོར་བྱེད་མཁན་དེ་གཞི་རིམ་མང་ཚོགས་དང་བཟོ་བའི་གྲལ་རིམ་སྟེ་སྐུ་ཞབས་མཱར་ཁེ་སིའི་སྐད་ཆ་ལྟར་ན་འབྱོར་མེད་གྲལ་རིམ་རེད། འབྱོར་མེད་གྲལ་རིམ་གྱིས་ཨ་རིའི་སྲིད་འཛིན་འོས་བསྡུ་ཆེན་མོའི་ཁ་ལོ་བསྒྱུར་བ་དེས་ཨ་རིའི་དམངས་གཙོ་དེ་དམངས་གཙོ་ངོ་མ་ཡིན་པ་ལས་རྫུན་མ་མིན་ལ་གསལ་བོར་མཚོན་ཡོད།

ཨ་རིའི་གཞི་རིམ་སྤྱི་ཚོགས་སུ་ནམ་རྒྱུན་གོ་རྒྱུ་ཡོད་པའི་སྐད་ཆ་ཞིག་ནི་རྒྱལ་ཁབ་གཞུང་གི་མ་རེད། མི་དམངས་ཀྱི་རེད་ཟེར་བའི་བཤད་སྲོལ་དེ་རེད། གཞི་རིམ་མང་ཚོགས་དཀྱུས་མ་ཚོར་དབང་མེད་ལ་རྒྱུའང་མེད། ཡིན་ན་ཡང་ཁོང་ཚོའི་སེམས་གཏིང་ན་རྒྱལ་ཁབ་ཀྱི་བདག་པོ་ཡིན་པའི་འདུ་ཤེས་བརྟན་པོ་ཞིག་ཡོད། དེ་ནི་དམངས་གཙོའི་སྤྱི་ཚོགས་སུ་མ་གཏོགས་གོ་རྒྱུ་དཀོན་པའི་ཚོར་བཤད་ཞིག་ཡིན།  དེ་མིན་གཞི་རིམ་འབྱོར་མེད་གྲལ་རིམ་ལ་དབང་ཡང་མེད་ལ་རྒྱུ་ཡང་མེད། འོན་ཀྱང་། ཁོང་ཚོའི་ལག་ན་འོས་ཤོག་ཡོད། དེ་ནི་དམངས་གཙོའི་ལམ་ལུགས་ཀྱི་རླབས་ཆེ་ས་དེ་ཡིན།

ཐེངས་འདིའི་འོས་བསྡུ་ལས་ཐོན་པའི་གནས་སྟངས་གཞན་ཞིག་ནི། ཤེས་འཇོན་གཉིས་ལྡན་གྱི་གྲལ་རིམ་དང་གཞི་རིམ་མང་ཚོགས་ཀྱི་གྲལ་རིམ་བར་གྱི་འབྲེལ་བ།  གྲལ་རིམ་དེ་གཉིས་ཀྱི་འབྲེལ་བ་རྩ་བའི་ཆ་ནས་གཅིག་ལ་གཅིག་རྟེན་གྱི་འབྲེལ་བ་ཡིན་པས། དེ་ལ་འགྲིག་མིན་ཙམ་གྱིས་དབྱེ་བ་བཀར་མི་རུང་། ཡིན་ན་ཡང་། ལྕམ་ཧེ་ལེ་རེ་ཡིས་ང་མ་གཏོགས་སྲིད་འཛིན་ལ་འོས་པ་གཞན་མེད་བསམ་པའི་རང་རློམ་གྱི་ང་རྒྱལ་དང་། མཐོ་རིམ་སྤྱི་ཚོགས་དང་གསར་འགྱུར་སྨྱན་བྱད་ཀྱི་ང་ཚོ་ནི་སྤྱི་ཚོགས་ཀྱི་སྣེ་ཁྲིད་མཁན་དེ་ཡིན་བསམ་པའི་རང་སྣང་གིས་ཁེངས་པའི་ང་རྒྱལ་ནི་ཧེ་ལེ་རེ་ཕམ་སྤྱད་དང་ཊོམ་ཕུ་རྒྱལ་སྤྱད་གཙོ་བོ་དེ་ཡིན། དེ་བཞིན་དུ་ལྕམ་ཧེ་ལེ་རེ་དང་ཁོང་གི་ཁྱོ་ཀ་སྲིད་འཛིན་ཟུར་བ་བྷེལ ཁི་ལིན་ཊིན། དེ་ལས་གཞན་ད་དུང་སྲིད་འཛིན་ཨོ་བྷ་མ་དང་ལྕམ་སྐུ་མཱི་ཞཱད་བཅས་ཀྱིས་གཙོས་པའི་ཤེས་འཇོན་གཉིས་ལྡན་གྱི་གྲལ་རིམ་གྱིས་སྐུ་ཞབས་ཊོམ་ཕུ་ལ་དམའ་འབེབས་ག་ཚོད་བྱས་ན་དེ་ཚོད་ཀྱིས་མང་ཚོགས་ཀྱིས་ཊོམ་ཕུ་ལ་དགའ་མོས་བྱེད་པ་དང་། སྐུ་ཞབས་ཊོམ་ཕུ་ཡིས་ཁ་རུ་ཁ་ཐུག་གི་སྐད་ཆ་དྲག་རྩུབ་ཅན་ག་ཚོད་བཤད་ན་མང་ཚོགས་ཀྱིས་དེ་ཚོད་ཀྱིས་ཁོང་ནི་ཁ་ཁོག་གཉིས་མེད་ཀྱི་མི་གཞུང་དྲང་ཞིག་ཡིན་པར་འདོད་ནས་ཁོང་ནི་ཡིད་ཆེས་རུང་བའི་དབུ་ཁྲིད་ཅིག་ལ་ངོས་འཛིན་བརྟན་པོ་གནང་བ་རེད།

གསར་འགྱུར་སྨྱན་བྱད་དང་མཐོ་རིམ་སྤྱི་ཚོགས་ཀྱི་རང་ཞེན་དང་ཕྱོགས་ཞེན་སྐོར་ཅུང་ཞིག་བཤད་ན། སྤྱི་ཟླ ༡༡ ཚེས ༨ གི་དགུང་མོར། ཨ་རིའི་མངའ་སྡེ་མང་པོའི་འོས་ཤོག་གི་རྟིང་ཐག་ཆད་ནས་སྐུ་ཞབས་ཊོམ་ཕུར་རྒྱལ་ཁ་ཐོབ་པར་གཏན་ཁེལ་ཡང་གསལ་བསྒྲགས་མ་བྱས་པའི་གོང་དེར། ཨ་རིའི་སྐད་གྲགས་ཆེ་བའི༼   ཝ་ཞིན་ཊོན་བང་ཆེན༽   གྱིས་ད་དུང་ཡང“ལྕམ་ཧེ་ལེ་རེའི་ཕོ་བྲང་དཀར་པོར་བགྲོད་པའི་ལམ་ཁ་ཅུང་ཞིག་ཇེ་དོག་ཏུ་སོང་”ཞེས་པ་ལས་ཊོམ་ཕུ་ལ་རྒྱལ་ཁ་ཐོབ་པར་ངོས་ལེན་བྱས་མེད་པ་ལྟ་བུ་དང་། དེ་བཞིན་དུ་ཨ་རིའི ༼ནིའུ་ཡོག་དུས་བབ༽ ཀྱིས་ལྕམ་ཧེ་ལེ་རེ་ལ་རྒྱལ་ཁ་ཐོབ་ཤག་ཤག་གིས་སྔ་ས་ནས་གནས་ཚུལ་བཟོས་ནས་སྒྲིག་ཚར་ཡོད་པ་མ་ཟད། ཉིན་དེའི་དྲྭ་ཚིགས་མདུན་ངོས་གྱི་གསར་འགྱུར་གྱི་ཁ་བྱང་ལ “ལྕམ་སྲིད་འཛིན”ཞེས་བཏགས་ཡོད་པ་ལ་སོགས་ལས། གསར་འགྱུར་སྨྱན་བྱད་ཀྱི་སྡེ་དང་མཐོ་རིམ་སྤྱི་ཚོགས་ཀྱི་ང་རྒྱལ་དང་ཕྱོགས་ཞེན། ད་དུང་རང་ཞེན་ཤེས་ཐུབ།

གསར་འགྱུར་སྨྱན་བྱད་ཀྱི་སྡེ་དང་མཐོ་རིམ་སྤྱི་ཚོགས་ཀྱིས་སྐུ་ཞབས་ཊོམ་ཕུ་ཡི་རྒྱབ་སྐྱོར་བ་གཞི་རིམ་མང་ཚོགས་ལ་བཅངས་པའི་མཐོང་ཆུང་གི་ལྟ་ཚུལ་དེ་ལ་འཛམ་གླིང་གཅིག་གྱུར་གྱི་རླབས་རྒྱུན་ཁྲོད་ཤེས་མ་ཤེས་དང་བསམ་བཞིན་ཡིན་མིན་གྱི་བར་ནས་རྒྱ་ནག་གཙོ་བོ་ཡིན་པའི་སྒེར་གཅོད་རིང་ལུགས་ཀྱི་རིག་གནས་ཀྱི་འབག་བསླད་ཐེབས་པ་གསལ་བོ་རེད།

ད་དུང་གལ་ཆེན་པོ་ཞིག་ཡོད། ཨ་རིའི་གཞི་རིམ་མང་ཚོགས་དང་། སྤྱི་མཐུན་ཚོགས་པས་ལྕམ་ཧེ་ལེ་རེ་དང་ཤེས་འཇོན་གཉིས་ལྡན་གྱི་གྲལ་རིམ་དེ་ཕམ་པར་རྒྱག་འདོད་པ་མ་ཟད། བརྙས་བཅོས་ཁྱད་གསོད་ཀྱང་བྱེད་འདོད་ཡོད། གལ་སྲིད་སྐུ་ཞབས་ཊོམ་ཕུ་མ་ཡིན་པའི་སྐྱེས་བུ་བབ་བརླིང་ཞིག སྲོལ་རྒྱུན་པ་ཞིག་ཡིན་ན་རྒྱལ་ཁ་ཐོབ་མི་སྲིད། དེ་བས་ན་སྐུ་ཞབས་ཊོམ་ཕུ་ལྟ་བུའི་རྒྱུན་སྲོལ་ལ་བསྟུན་ཤེས་མི་བྱེད་མཁན་ཞིག་གིས་སྲོལ་རྒྱུན་ལས་བརྒལ་ཏེ་ཁོང་ཚོའི་དམིགས་བྱའི་འབྲས་བུ་དེ་ཐོན་སྲིད་པ་རེད་ལ་ཐོན་ཡང་ཡོད་པ་རེད།

འོས་བསྡུ་རྫོགས་ནས་སྲིད་འཛིན་གསར་བ་བདམས་པའི་རྗེས་སུ་ཨ་རིའི་སྤྱི་ཚོགས་སུ་འགལ་ཟླ་བྱུང་ཡོད་པའི་རྣམ་པ་རུ་སློབ་མ་སྐོར་ཞིག་གིས་ངོ་རྒོལ་ཁྲོམ་སྐོར་བྱས་པ་མ་ཟད། ཨ་རིའི་ནུབ་ཕྱོགས་ཞི་བདེ་རྒྱ་མཚོའི་འགྲམ་གྱི་མངའ་སྡེ་ཁཱ་ལི་ཧྥུ་ནེ་ཡས་རང་བཙན་བྱ་འདོད་ཡོད་ལུགས་སོགས་ཀྱི་གནས་སྟངས་ཤར་བ་རེད། ཡིན་ན་ཡང་། སྤྱི་ཚོགས་ཤིག་གི་ནང་དུ་འགལ་བ་བྱུང་བ་དེ་ཧ་ཅང་གི་རྒྱུན་ལྡན་ཞིག་རེད་ལ། ལྟ་གྲུབ་ཀྱི་འགལ་ཟླ་དེ་ནི་ཨ་རིའི་ནང་སྲིད་དོན་ཚོགས་པ་ཆེན་པོ་གཉིས་བྱུང་བའི་རྒྱབ་ལྗོངས་ཡིན། འགལ་ཟླ་ཡོད་པ་དང་ཡོད་ཆོག་པ་ནི་དམངས་གཙོའི་སྤྱི་ཚོགས་ཀྱི་ཁྱད་ཆོས་རེད། དེ་མེད་ཚེ་རྒྱ་ནག་དང་ཁྱད་པར་ཅི་ཞིག་ཡོད་དམ། དེ་བཞིན་ངོ་རྒོལ་བའི་སློབ་མའི་ཚོགས་ལ་ལྟོས་དང་། ཁོང་ཚོས་ངོ་རྒོལ་བྱེད་ཡུལ་དེ་སུ་ཡིན་ནམ། སྐུ་ཞབས་ཊོམ་ཕུ་ལགས་མི་མང་གིས་བདམས་པ་ཡིན་པས། ཁོང་ཚོས་ཁོང་ཚོ་དང་ལྟ་བ་མི་མཐུན་མཁན་འོས་ཤོག་ཁ་ཁ་འཕངས་པ་ཚོར་ངོ་རྒོལ་བྱེད་ཀྱིན་ཡོད་དམ། དེ་མིན་ངོ་རྒོལ་བ་མང་པོ་ཞིག་གིས “སྔ་ས་ནས་མཇུག་འབྲས་འདི་བྱུང་རྒྱུ་ཤེས་ན། ང་ཡང་འོས་ཤོག་འཕེན་པར་འགྲོ་ངེས་ཡིན ”ཟེར། མ་མཐའི་མི་སེར་ཞིག་གི་འོས་འགན་ཏེ་འོས་ཤོག་ཀྱང་འཕང་མེད་ན། ངོ་རྒོལ་ཁྲོམ་སྐོར་བྱེད་རྒྱུར་ངོ་མི་ཚའམ། ད་དུང་རྒྱུ་མཚན་ཞིག་མཐོང་གི་འདུག་གམ། ཡིན་ན་ཡང་མིག་གསུམ་པས་བལྟས་ན། ངོ་རྒོལ་བ་སྟོང་ཕྲག་མང་པོས་ཁྲོམ་སྐོར་ངོ་རྒོལ་བྱེད་དོན་ནི་ཊོམ་ཕུ་ཞེས་པའི་གང་ཟག་དེ་ལ་མི་དགའ་བའི་རྣམ་འགྱུར་བཏོན་པ་ལས། འོས་བསྡུའི་མཇུག་འབྲས་ལ་དོགས་པ་ཟ་མཁན་གཅིག་ཀྱང་མེད་ལ། དེ་ཡི་ལུགས་མཐུན་གྱི་རང་བཞིན་ལ་ངོས་ལེན་བྱས་ཡོད།  འདི་ཡང་དམངས་གཙོའི་སྤྱི་ཚོགས་ཀྱི་མཚོན་རྟགས་གཞན་ཞིག་ཡིན།
མཚམས་འདི་རུ་གླེང་རིན་ཡོད་པ་ཞིག་ནི། འོས་བསྡུ་རྫོགས་ནས་སྲིད་འཛིན་སུ་ཡིན་ཐག་གིས་ཆོད་རྗེས། གདམ་རྩོད་སྐབས་འགལ་ཟླ་ག་ཚོད་ཡོད་མེད་ལ་མ་བལྟོས་པར། འགྲིག་མཐུན་དང་བཀུར་བརྩིའི་ངང་དབང་ཆ་ཞི་བདེའི་ངང་རྩིས་ལེན་རྩིས་སྤྲོད་བྱེད་སྟངས་དེ་ནི་ཧ་ཅང་གི་རླབས་ཆེན་གྱི་ལས་ཤིག་རེད། ལྟོས་དང་། བདམས་ཐོན་སྲིད་འཛིན་སྐུ་ཞབས་ཊོམ་ཕུ་ཡིས་འགྲན་ཡ་ལྕམ་ཧེ་ལེ་རེ་ལ“ཁོང་མོས་སྐུ་ཚེའི་ཕྱེད་ཀའི་རིང་ཨ་རི་མི་དམངས་ལ་བྱས་རྗེས་རླབས་པོ་ཆེ་བཞག་ཡོད ”ཅེས་བསྟོད་བསྔགས་གནང་བ་དང་། ལྕམ་ཧེ་ལེ་རེས་ཁོང་མོའི་རྒྱབ་སྐྱོར་བ་ཚོར “ཁོག་རྒྱ་ཡངས་པོའི་ངང་སྐུ་ཞབས་ཊོམ་ཕུ་ལ་གོ་སྐབས་ཤིག་གནང་རོགས ”ཞེས་འབོད་སྐུལ་ཞུས་འདུག དེ་བཞིན་སྲིད་འཛིན་ཨོ་བྷ་མས “དེ་སྔ་ངེད་གཉིས་བར་ལྟ་གྲུབ་ཀྱི་ཆ་ན་འགལ་བ་ག་ཚོད་ཅིག་ཡོད་ཀྱང་། ད་ནི་དངོས་ཡོད་གནས་སྟངས་ལ་གཞིགས་ནས། རྩ་ཁྲིམས་ཀྱིས་གནང་བའི་འོས་འགན་བཞིན་སྲིད་དབང་བདེ་བླག་ངང་རྩིས་ལེན་རྩིས་སྤྲོད་བྱེད་རྒྱུ་ཁག་ཐེག་བྱེད་དགོས ”ཞེས་བརྗོད་ཡོད།

དེ་ནི་ད་བཟོད་རླབས་ཆེན་གྱི་ཨ་མེ་རི་ཀའི་མཚོན་རྟགས་ཡིན། དམངས་གཙོའི་ལམ་ལུགས་ཀྱི་ལེགས་ཆ་ཡིན། འོས་བསྡུ་རྫོགས་པ་དང་མཉམ་དུ་རྩོད་པའི་ནམ་མཁའ་རུ་གཡའ་དག་ཅིང་། འགལ་བའི་ས་གཞི་ན་རྡུལ་དག་སྟེ་ཡོད་ཚད་རྒྱུན་ཆགས་སུ་བབས། ཅི་འདྲིའི་ལམ་ལུགས་ཡག་པོ་ཞིག