གསུང་བཏུས་དམར་པོ_ཀླད་པ་འཁྲུད་བརྗེའི་གསུང་རབ།

Screen Shot 2016-12-18 at 11.54.58.png
མའོ་ཙེ་ཏུང་གསུང་བཏུས།

འཛམ་གླིང་པར་སྐྲུན་ཟིན་ཐོར་གཞིགས་ན། པར་སྐྲུན་དང་འགྲེམས་སྤེལ་གྱི་པྲོག་ན ༼ ཡི་ཤུའི་གསུང་རབ༽ ཡོད། པྲོག་འབྲིང་གི་གོ་ས་དེ་སུ་ཡིས་བཟུང་ཡོད་པ་གཅིག་བགྱིས་ན་མི་མང་པོ་ཞིག་གི་ཤེས་རྒྱུ་མ་རེད། དེ་ནི “གསུང་བཏུས་དམར་པོ ” སྟེ༼ མའོ་ཙེ་ཏུང་གསུང་བཏུས༽ཡིན།  ལོ་ངོ ༥༠འི་ཡར་སྔོན་དུ། “རླབས་ཆེན་གྱི་གཙོ་འཛིན” མའོ་ཙེ་ཏུང་གི “ གསུང་བཏུས་དམར་པོས” ཀྲུང་ཡོན་ས་ཆེན་དང་། གངས་ཅན་བོད། ཆེན་པོ་ཧོར། ཤར་ཐིར་གུ་ས་ཐན་སོགས་ལ་དཔུང་འཇུག་གི་གཡུལ་བཤམས་པ་རེད། བློ་ཕམ་པ་ཞིག་ནི། དུས་དེ་རིང “མའོ་ཡི་མ་འདས་སྤྲུལ་སྐུ” ཞི་ཅིན་ཕེང་གིས་དཔོན་རབས་གསུམ་གྱི་རྗེས་སུ་མའོ་ཡི་དར་ཆ་སྒྲེང་ནས་ཤི་མ་གསོན་གྱི་དྲན་པ་དེ་ཡང་བསྐྱར་བསླངས་ཡོད།

ཉེ་ལམ་བོད་ཁུལ་དང་རྒྱ་ནག་ནང་ལོགས་ཀྱི་གྲོང་ཁྱེར་ཁག་ཏུ་བསྟན་དང་སྟོན་གྱིན་པའི་བོད་རིགས་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་སྐུ་ཞབས་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་གསར་ཤོས༼ཐར་ལོ ༽ཡི་ནང་གི་གཙོ་འཁྲབ་པ་ར་ལིའམ་ཐར་ལོས༼ མའོ་ཙེ་ཏུང་གསུང་བཏུས༽ ནང་གི ༼ མི་དམངས་ལ་ཞབས་འདེགས་ཞུ༽ ཞེས་པའི་རྩོམ་ཡིག་དེ་ཡིག་འབྲི་གཅིག་ཀྱང་ཆད་ལྷག་མེད་པར་བློ་ངོས་ནས་ཤར་མར་སྐྱོར་ཐུབ་པ་ལས “གསུང་བཏུས་དམར་པོས” མི་རབས་དེར་ཤུགས་རྐྱེན་ག་ཚོད་ཅིག་བཞག་ཡོད་པ་ས་རིས་ཐང་གསལ་རེད། ཐར་ལོའི་མི་ཚེའི་རིན་ཐང་གི་ཚད་ཤིང་འཇོག་ས་དེ་རྩོམ་ཡིག་དེའི་ནང་གི་མི་བཟང་པོ་ཤི་ན  “ ཐེ་ཧྲན་རི་བོ་ལས་ཀྱང་ལྕི་བའི་ཀྲང་སི་ཏེ” དང་། མི་ངན་པ་ཤི་ན “བྱ་སྤུ་ལས་ཀྱང་ཡང་པའི་ཧྥ་ཞི་སེའི་རྒྱུགས་ཁྱུ” ཡིན་པས། ཀློག་འདོན་གྱི་དབྱངས་རྟ་ཞལ་འདོན་སྐྱོར་སྟངས་ལས་བརྒལ་ཐུབ་མེད་ཀྱང་ཐར་ལོའི་འཇིག་རྟེན་གྱི་ལྟ་བ་འཛིན་སྟངས་བརྗེ་བསྒྱུར་བྱས་ཟིན་པ་མཚོན་ཡོད། དེ་ཙམ་གྱིས་ཀྱང “གསུང་བཏུས་དམར་པོ ” ནི་མིའི་ཀླད་པ་འཁྲུད་བརྗེའི་གསུང་རབ་ཅིག་ཡིན་པ་ར་འཕྲོད་ཡོད།

གློག་བརྙན་ཐར་ལོ་བལྟས་རྗེས། དུས་སྐབས་དེ་བརྒྱུད་པའི་མི་ཚང་མར་རང་དབང་མེད་པར“ང་ཡང་ཐར་ལོ་རེད”བསམ་པའི་ཚོར་བ་ཞིག་ངང་གིས་སྐྱེ་རུ་བཅུག་པ་དེ་ནི་དུས་རབས་ཤིག་གིས་ཁྱེད་ཀྱི་བསམ་བློའི་རྒྱུད་ལ་བཞག་པའི་ཤུགས་རྐྱེན་རེད། “གསུང་བཏུས་དམར་པོའི”དེ་ཀླད་པ་འཁྲུད་བརྗེའི་གསུང་རབས་ཤིག་ཡིན་པའི་བདེན་དཔང་རེད། འཆར་གཞི་དང་དམིགས་ཡུལ་ཅན་གྱི་བསམ་བློ་སྒྱུར་བཀོད་ཀྱི་སྲིད་ཇུས་རབ་དང་རིམ་པ།  རྫོགས་པའི་མཐའ་མེད་པའི་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་སྣ་ཚོགས། སྲིད་པའི་བྱུང་རབས་ན་དོ་ཟླ་མི་རྙེད་པའི་དུས་རབས་ཤིན་ཏུ་ནས་དམིགས་བསལ་ཅན་ཞིག་གི་འོག་མཚར་ལོངས་བྱུང་བའི་མི་ཚོགས་དེར་བརྒྱབས་པའི་དན་རྟགས་ཡིན།

༡༩༥༦ལོའི་ཟླ ༡༢ ཚེས ༡༦ ཉིན། མི་རྣམས་ལ་རྒྱུས་མངའ་ཆེ་བའི “དམར་པོའི་གསུང་བཏུས” དེ་དངོས་སུ་འགྲེམ་སྤེལ་བྱས་ནས་དང་ཐོག་གི་ཏང་ནང་ཁུལ་དུ་མཆེད་ཅིང་སྒྲོག་པའི་ཚད་བཀག་ལས་བརྒལ་ཏེ་ཁ་མི་དམངས་མང་ཚོགས་ལ་ཕྱོགས་པ་རེད། དུས་དེ་ནས་མགོ་བརྩམས་ཏེ “གསུང་བཏུས་དམར་པོ” དེ་ཐེར་འབུམ་གཅིག་ལྷག་པར་བསྐྲུན་དང་འགྲེམས་སྤེལ་བྱས་ཡོད་པས། འཛམ་གླིང་ཧྲིལ་བོ་ན༼ ཡི་ཤུའི་གསུང་རབ༽ཀྱི་རྗེས་མ་ཆོད་ནའང་པར་སྐྲུན་འགྲེམས་སྤེལ་བྱས་པ་ཆེས་མང་ཤོས་ཀྱི་ཨང་གཉིས་པའི་གོ་ས་བཟུང་ཡོད་པ་རེད།

ནུབ་ཕྱོགས་ཡུལ་གྲུ་དག་ན༼ ཡི་ཤུའི་གསུང་རབ༽དང་ལྟོས་ས་ལྟོས་འཇོག་གིས ༼  མའོ་ཙེ་ཏུང་གསུང་བཏུས༽   ལའང ༼   མའོ་ཡི་གསུང་རབས༽   ཅེས་འབོད་སྲོལ་ཡོད་ལ། ལྷ་མེད་སྨྲ་བའི་ལྟ་བ་འཛིན་ཞིང་དད་པ་མེད་ཟེར་བའི་མི་ཚོགས་ཤིག་གི་བཤད་སྟངས་ཙམ་ལས། དོན་གྱིས ༼ མའོ་ཙེ་ཏུང་གསུང་བཏུས༽ཀྱི་བརྗོད་བྱའི་ཐད་ན་ཆོས་ལུགས་ཀྱི་རང་བཞིན་མང་པོ་འདུས་པས། དེ་ཡི་ཁྱད་ཆོས་འབུར་དུ་བཏོན་འདུག
གསུང་བཏུས་ཞེས་པའི་ཁྱད་པར་ཅན་གྱི་འབོད་སྲོལ་འདི་རྒྱ་ནག་གི་མཚན་ཉིད་རིག་པ་བ་ཁོན་ཙི་དང་འབྲེལ་བ་ཡོད་ལ། མཚན་ཉིད་རིག་པ་བ་དེས་རོའུ་ལུགས་འཆད་པའི་གསུང་ལ་རྒྱའི་སྐད་དུ་ལུན་ཡུ(论语) ཟེར་ཞིང་། བོད་འགྱུར་ལ༼ ཁོན་ཙིའི་གསུང་རབ༽ཟེར་བ་དང་། མི་དཀྱུས་མའི་སྨྲ་བརྗོད་མ་ཡིན་པའི་དམིགས་བསལ་ཁྱད་འཕགས་ཀྱི་གོ་ས་དང་ལྡན་པའི་ཚུལ་མཚོན་གྱིན་ཡོད།

“རིག་གསར” གྱི་སྐབས་སུ། ༼མའོ་ཙེ་ཏུང་གསུང་བཏུས༽དེ་ག་ས་གང་དུ་བཀོལ་སྤྱོད་གཏོང་གིན་ཡོད་ལ། འཚམ་མི་འཚམ་དང་འོས་མི་འོས་ལ་ལྟ་མི་དགོས། མི་རྣམས་ཀྱིས “གསུང་བཏུས་དམར་པོ” དེ་བྱ་བ་ཡོད་དོ་ཅོག་འགོག་བྱེད་ཀྱི་ཕུབ་ལྟ་བུ་བྱས་ནས་། རང་གི་ལྟ་བ་དང་ལངས་ཕྱོགས་མི་མཐུན་པའི་མི་རྣམས་ཕམ་པར་རྒྱག་བྱེད་ཀྱི་རྣོ་ངར་ཆེ་བའི་ལག་ཆར་གྱུར་ཡོད།  སྐབས་དེར་སུ་ཡིས་མའོ་ཙེ་ཏུང་གི་གསུང་བཏུས་ཀློག་ན་དེ་ཡི་ཀླད་པ་བཀྲུས་ནས་བསམ་བློར་སྒྱུར་བཀོད་ཐེབས་རྒྱུ་གདོན་མ་ཟའོ།

མའོ་ཙེ་ཏུང་གི་ཚིག་རེ་གཉིས་བསྡུས་ནས་མཁས་པའི་དབང་པོ་ཞིག་གི་བཀའ་སློབ་ལམ་སྟོན་དུ་སྣང་པ་དེ་ཚད་ལས་བརྒལ་ཞིང་བློ་ཡུལ་ལ་ཤོང་དཀའ་བ་ཞིག་ཡིན་ཡང་། སྐབས་དེར་དེ་ལ་དོགས་པ་ཟ་མཁན་ཞིག་ཡོད་མི་སྲིད་ལ་ཡོད་ཀྱང་མི་ཆོག ༼མའོ་ཙེ་ཏུང་གསུང་བཏུས༽དེ་དེབ་ཀྱི་རྣམ་པས་པར་སྐྲུན་བྱས་པ་དུང་ཕྱུར་བཅུ་ལྷག་ཡོད་པ་མ་ཟད། བཅའ་དངོས་སྟེང་དཔར་པ། རྩིག་པ་དང་བྲག་རྡོ་རུ་བྲིས་པ། ད་དུང་ས་ཚིགས་སོ་སོ་ན་དེབ་ཀྱི་རྣམ་པར་བརྡུང་པའི་ས་རྡོའི་གསུང་བཏུས་དག་ནི་རྒྱ་ཆེ་བའི་ངལ་རྩོལ་མི་དམངས་ཀྱིས་ཞོགས་པར་དགོངས་སྐོར་དང་ཕྱི་དྲོར་སྙན་སེང་ཞུ་སའི་དད་རྟེན་ཡིན། མདོར་ན། འབྲོག་པའི་སྦྲ་ཡི་ནང་། རོང་བའི་ཁབ་ལེབ་ནང་། བྱིས་པའི་སློབ་ཁང་ནང་། ལས་བྱེད་པའི་གཞུང་སྒྲུབ་ཁང་གི་ནང་། བཟོ་བའི་བཟོ་གྲྭའི་ནང་། དམག་གི་རྩེད་ཐང་ན། འབྲོག་པའི་རྩྭ་ཐང་ན། རོང་བའི་ཞིང་ཁ་ན། རྒྱ་བོད་སོག་གསུམ་གྱི་ཁ་ན། ཞེ་ན། ཉིན་མོར་མིག་ལམ་ན། མཚན་མོར་རྨི་ལམ་ན། ཐ་ན་མཁའ་དབུགས་ནང་ནའང་གསུང་བཏུས་ཀྱི་ཁེངས་ཡོད་པས། སྐབས་དེའི་མི་ཐབས་ཅད་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཡོད་པ་སྨོས་མི་དགོས།

ཚིག་རེ་གཉིས་དེ་མའོ་ཙེ་ཏུང་གི་གསུང་ངོ་མ་ཡིན་མིན་ལའང་ངེས་བརྟན་མེད་ཀྱང་། སྐད་ཆ་ཁ་ཤས་ཤིག་ཚད་མར་གྱུར་ཡོད་པ་དཔེར་ན། “མེ་མདའི་ཁ་ནས་སྲིད་དབང་ཐོན”། “གསར་བརྗེ་ནི་མགྲོན་འབོད་གསོལ་ཚིགས་འབུལ་བ་མ་རེད”ལྟ་བུ་གོ་ལ་ཧྲིལ་བོའི་གསུང་བཏུས་སུ་གྱུར་ཡོད།

སྐབས་དེར“གསུང་བཏུས་དམར་པོ” དེ་ནད་བརྒྱ་གསོ་བྱེད་ཀྱི་སྨན། དཀའ་བ་མཐའ་དག་སེལ་བྱེད་ཀྱི་ཐབས་སུ་ངོས་འཛིན་བྱས་ཡོད། དེ་ཡིས་གནད་དོན་ཐམས་ཅད་སེལ་ནུས་པ་འདྲ་བོར་སྣང་ཞིང་། ཞིང་ལས་ཐོན་སྐྱེད་འཕར་དགོས་ན་དེ་ཡིས་ཕན། ཕྱུགས་ཀྱི་འཕོས་ཁ་དྲང་དགོས་ན་དེ་ཡིས་ནུས། རྩྭ་ཐང་བྱེ་ཐང་ཅན་དུ་འགྱུར་རྒྱུར་འགོག་དགོས་ན་དེ་ཡིས་ཁོག སྦྲུམ་མར་བྱིས་པ་བྱད་ལེགས་ཤིག་དགོས་ནའང་དེ་ཡིས་ནུས། འཐབ་འཁྲུག་ཁྲོད་དམག་མི་ཚོས་ཚེ་སྲོག་ཀྱང་དེ་ཡིས་སྐྱོབ་ནུས་པར་བསམ་ཞིང་། ཐ་ན་རང་བྱུང་འབྱུང་བའི་གནོད་འཚེ་ཡང་དེ་ཡིས་ཁོག་པ་ལྟ་བུའི་འཕྲུལ་སྣང་ཞིག་སྐབས་དེའི་མི་རབས་དེར་ཡོད།
སྐབས་དེར་མི་རེའི་ལག་ན་གསུང་བཏུས་རེད། མི་རེའི་ཁ་ན་གསུང་ཚིག་རེ། གལ་ཏེ་ཁྱེད་ཀྱི་ལག་ན་མའོ་ཡི་གསུང་བཏུས་ཤིག་ཡོད་པ་དང་། ཡང་ན་ངག་ནས་གསུང་ཚིག་འགའ་སྐྱོར་ཤེས་ཚེ། གསར་བརྗེ་ངོ་ལོག་པ་ཕམ་པར་རྒྱག་མཁན་དམར་སྲུང་དམག་གི་མདུན་དུ་རང་ཉིད་ནི་གསར་བརྗེ་བ་ཞིག་ཡིན་པ་ར་སྤྲོད་བྱུང་པས། ཤི་གསོན་གྱི་དབྱེ་མཚམས་དེ་ཡིས་ཆོད་འགྲོ།

རིག་གནས་གསར་བརྗེ་ཆེན་མོ་ཞེས་པའི་རླུང་ནག་གི་འཚུབ་མ་དེ་གངས་ཅན་བོད་ཡུལ་ཐེ་བའི་ས་ཆེན་དེ་རུ་ལོ་བཅུའི་རིང་ཧ་ཅང་གཏུམ་དྲག་གིས་འཁོར་འཁོར་བའི་མཐའ་མར། མའོ་ཙེ་ཏུང་ཞེས་པའི་ལྷ་མིན་འདྲེ་མིན་གྱི་ཀྲུང་གོ་གསར་བའི་མེས་པོ་དེའི་དབུགས་རྔ་ཆད་པ་དང་མཉམ་དུ། རིག་གསར་གྱི་དབུགས་རྔ་ཡང་ཆད་ནས། གློ་བུར་བུ་ཀྲུང་ཡོན་ས་ཆེན་སྟེང་རིག་གསར་གྱི་རླུང་འཚུབ་ཡལ་ནས་ལྷིང་འཇགས་སེ་སོང་བ་དང་དུས་མཚུངས་སུ། ཐེངས་གསུམ་ལ་འགྱེལ་ནས་ཐེངས་གསུམ་ལ་ལང་པའི་མི་ཆུང་ཏེང་ཞོ་ཕེང་གིས་སྨུག་ལོང་ཁྲོད་མགོ་འཁོར་བའི་ཕོ་རོག་གི་ཕྲུ་གུ་ཇི་བཞིན་ཅི་བྱ་གཏོལ་མེད་དུ་ལུས་པའི་རྒྱ་ནག་མི་དམངས་ལ་བསྟན་པའི་ཐར་ལམ་ནི_“རྒྱལ་ཁབ་ཕྱུག་ཚེ་མི་དམངས་དར” ཞེས་པའི་དཔར་འབྱོར་འཕེལ་རྒྱས་ཡིན། དེ་ཙ་ན་ཏེང་ཞོ་ཕེང་གིས་དཔལ་འབྱོར་བཅོས་བསྒྱུར་གྱི་ཇུས་འགོད་པའི་སྣང་བརྙན་གྱིས་རྒྱ་ནག་ལ་དབང་བསྒྱུར་ཞིང་། རྒྱ་ནག་དབུས་གཞུང་གི་མའོ་ཙེ་ཏུང་གི་གདེང་འཇོག་ནི། དགེ་སྐྱོན་གཉིས་བཅུ་ལ་བགོས་ན། “ཆ་བདུན་འགྲིག་པ་དང་ཆ་གསུམ་ནོར་འཁྲུལ” ཞེས་གདེང་འཇོག་བྱས། ཡིན་ན་ཡང་། རྒྱ་ནག་པ་ཁྲི་ཕྲག་དུ་མའི་ཚེ་སྲོག་འཕྲོག་པའི་གནོད་འཚེའི་ལས་འགུལ་དེ་ད་དུང་ཡང་བཤད་མི་ཆོག བྲིས་མི་ཆོག ཐ་ན་གླེང་ཡང་མི་ཆོག་པར་ལྕགས་སྒམ་ནང་བཅུགས་ནས་སྒོ་ལྕགས་བརྒྱབས་ཡོད།

མའོ་ཙེ་ཏུང་སྐུ་གཤེགས་ནས་ལོ ༤༡ ཕྱིན། རིག་གསར་བསླངས་ནས་ལོ ༥༠ ཕྱིན། ཡིན་ན་ཡང་། “གསུང་བཏུས་དམར་པོ” ད་དུང་ག་ས་གང་ན་མཐོང་རྒྱུ་ཡོད་པ་མ་ཟད། ཡིག་རིགས་མང་པོར་བསྒྱུར་ཡོད་སྟབས། ཕྱི་རྒྱལ་བའི་དཀའ་མོས་བྱེད་སའི་དྲན་རྟེན་དངོས་པོ་ཞིག་ཏུའང་གྱུར་འདུག ལོ་ན་རྒས་པའི་མི་རྣམས་ལ་མཚོན་ན། “གསུང་བཏུས་དམར་པོ” ནི་སྔར་སོང་ཕྱིར་དྲན་བསླང་བྱེད་ཅིག་ཡིན་པས། མི་མང་པོ་ཞིག་རང་དབང་མེད་པར་ན་གཞོན་གྱི་དུས་རབས་སུ་ཁྲིད་འགྲོ། ན་གཞོན་ཚོར་དེ་ལྟ་བུའི་ཕྱིར་དྲན་མེད་ཀྱང་། ཁོང་ཚོའང་དེ་ཡི་གྲིབ་འོག་ཏུ་འཚར་ལོངས་བྱུང་སྟབས་དེ་ཡིས་དྲི་མས་བསླད་ཡོད། གནའ་ནས་དེ་རིང་བར་འགྱུར་ལྡོག་མེད་པ་ཞིག་ནི། རྒྱ་ནག་པ་ཚོ་ད་དུང་ཡང་སྔོན་ཆད་ཀྱི་རྒྱ་ནག་པ་དེ་ཡིན་ལ། ད་དུང་ཡང་དབུ་ཁྲིད་ཀྱི་བཀའ་ལ་ཉན་ཞིང་ཚིག་ལ་བརྩི་བའི་རིགས་ཚོགས་དེ་ཡིན།

དེང་སྐབས་ཀྱི་ཏང་དང་རྒྱལ་ཁབ་གྱི་དབུ་ཁྲིད་ཞི་ཅིན་ཕེང་གིས་བརྩམས་པའི༼  རྒྱལ་སྲིད་བདག་སྐྱོང་གླེང་བ༽   ཞེས་པ་དེ་མའོ་ཡི་དར་ཆ་ཡང་བསྐྱར་འཕྱར་བར་ངོས་འཛིན་བྱས་ཆོག འདས་པའི་ལོ་ཤས་སུ་ཞི་ཅིན་ཕེང་གི་འགྲོ་ལུགས་བཤད་ལུགས་ལ་གཞིགས་ན། ཞི་ཅན་ཕེང་གིས་མའོ་ཙེ་ཏུང་གི་བསམ་བློའི་རྒྱུན་བཟུང་ཡོད། ཁག་མེད་ས་ཞིག་ནི་ཞི་ཅེན་ཕེང “རིག་གསར” ཁྲོད་འཚར་ལོངས་བྱུང་བ་རེད། ད་དུང་བཤད་རིན་ཡོད་པ་ཞིག་ནི། ཞི་ཅིན་ཕེང་ནི་མའོ་ཙེ་ཏུང་གི་འདུ་ཤེས་འཛིན་སྟངས་ལ་རྒྱུས་མངའ་ཡོད་པའི་མ་ཚད་རྗེས་འབྲང་པ་ཞིག་ཀྱང་ཡིན་པས། “རླབས་ཆེན་གྱི་མཁས་ཆེན” དེའི་གསུང་བཏུས་སྲིད་སྐྱོང་ཁྲོད་དངོས་སུ་བཀོལ་སྐྱོད་བྱས་ཚེ་བཟང་ཆ་མོད་པོ་ཡོད་པར་ཁོང་ལ་ངེས་ཤེས་དང་ཡིད་ཆེས་ཡོད། ཡིན་ན་ཡང་། ངན་ཕྱོགས་ནི། སྲིད་སྐྱོང་བྱེད་སྟངས་དེ་ནི་ཚིག་རེ་གཉིས་རྨང་གཞི་བྱས་སྟབས་མ་ལག་མི་ཚང་བ་དང་། འཐུས་སྒོ་ཚང་བ་ཞིག་མིན། དེའི་ཕྱིར་ན། ཕྱོགས་བསླད་ཀྱི་ཆ་ཆེན་པོ་ཡོད།

མིང་ལ་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཟེར་ཡང་དོན་གྱིས་མ་རྩ་རིང་ལུགས་ཡིན་པའི་དེ་རིང་གི་རྒྱ་ནག་ན། གསར་བརྗེ་བ་རྒན་གྲས་ཞི་ཀྲོང་ཞོན་གྱི་བུ་དམར་རབས་གཉིས་པ་ཞི་ཅིན་ཕེང་གིས་ད་དུང་ཡང་དགེ་ཕན་ཡོད་མེད་ལ་མ་བལྟོས་པར་དམར་པོའི་རིན་ཐང་གི་ལྟ་བ་སླར་གསོ་དང་། གསར་བརྗེ་རྙིང་བའི་ལོ་རྒྱུས་བསྐྱར་དུ་གླེང་གིན་ཡོད། ཚང་མས་ཤེས་གསལ་ལྟར། ཞི་ཏཱ་ཏཱ་ཡི་ཕ་ཞི་ཀྲོང་ཞོན་ནི་ལྟ་བ་ཅུང་གུ་ཡངས་ཅན་གྱི་དབུ་ཁྲིད་ཅིག་ལ་ངོས་འཛིན་བྱས་ཡོད། ཡིན་ན་ཡང་། ཁོང་གི་བུ་ཞི་ཅིན་ཕེང་གིས་ཕ་ཤུལ་བུས་མ་བཟུང་པ་མ་ཟད། མཐའ་གཅིག་ཏུ་མའོ་ཡི་དར་ཆ་དགུང་དུ་འཕྱར་སྟབས། མི་རྣམས་པས “་ཡི་མ་འདས་སྤྲུལ་སྐུ་ཞི་ཙེ་ཏུང” ཞེས་ཟུར་ཟ་བྱེད་ཀྱིན་ཡོད།

ཚང་མའི་ཤེས་གསལ་ལྟར། ན་གཞོན་གྱི་དུས་སྐབས་དེ་མི་ཞིག་གི་རིན་ཐང་གི་ལྟ་བའི་གྲུབ་ཚུལ་ལ་གལ་འགངས་ཆེན་པོ་ཡིན། ཏེང་ཞོ་ཕེང་དང་ཅང་ཙེ་མེན་ནང་བཞིན་ཕྱིའི་རྒྱལ་ཁབ་གྱི་གཙུག་ལག་སློབ་ཆེན་ཁག་ཏུ་སློབ་སྦྱོང་བྱས་པའི་ཉམས་མྱོང་མེད་ལ། ཐ་ན་ཚད་ལྡན་གྱི་སློབ་གསོའི་འགྲིམ་ལུགས་ཀྱང་བརྒྱུད་མ་མྱོང་བ་དང་། རིར་འཛེག་གྲོང་སྐྱོད་དང་རིག་གསར་གྱི་རྒྱབ་ལྗོངས་ལས་མེད་པའི་ཞི་ཅིན་ཕེང་གིས་མའོ་ཡི་དར་ཆ་འཕྱར་རྒྱུ་ལས་གཞན་ཅི་ཞིག་བྱེད་ནུས་སམ།