དགྲ་ནོན་ཁྲོ་འབར་གྱི་མི་འཇིགས་སེང་གེའི་ང་རོ། (སྟོད་ཆ)

photo-php
ཨ་རིའི་སྲིད་འཛིན་དགྲ་ནོན་ཁྲོ་འབར་དང་ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚེ་དབྱིན་ཝེན།

ཐོལ་བྱུང་གི་གསར་འགྱུར་ཞིག་གིས་ལོ་ངོ ༣༧ རིང་བརྟན་པོར་གནས་པའི་ཨ་རྒྱ་ཐེ་གསུམ་གྱི་འབྲེལ་བ་ཟུར་གསུམ་མའི་རྨང་གཞི་དེ་ཧོབ་དེ་ཁ་ལ་ཡོམ་ཡོམ་མི་བརྟན་པའི་རྣམ་པ་ཤར་སྟབས། པེ་ཅིང་གཞུང་ཅི་བྱ་གཏོལ་མེད་ཀྱི་གནས་སུ་ལྷུང་ནས་སྐབས་ཤིག་གི་རིང་རྟབ་བེ་རྟོབ་བེར་ལུས། དུས་ཡུན་གང་ཙམ་གྱི་རྗེས་སུ་རྒྱ་ནག་ཕྱི་འབྲེལ་བློན་ཆེན་ཝང་ཡེ་ཟེར་བས“ཐེ་ཝན་གྱི་ཚུལ་མིན་གྱི་བྱ་སྤྱོད”ཅེས་སྲན་མ་མ་ཆོད་ནས་ཐོག་ལ་བརྒྱུགས། དེ་ཡིས་རྒྱ་ནག་པའི་ཆབ་སྲིད་རང་གཤིས་མཚོན་ཡོད་ལ། ཆབ་སྲིད་བློ་རིག་ཀྱང་མཚོན་ཡོད།

དེ་ཡང་ཨ་རིའི་བདམས་ཐོན་སྲིད་འཛིན་དགྲ་ནོན་ཁྲོ་འབར་དང་ཐ་ཝེན་གྱི་སྲིད་འཛིན་ལྕན་ཚེ་དབྱིན་ཝེན་གཉིས་བར་སྤྱི་ཟླ ༡༢ ཚེས ༢ ཉིན་བྱུང་བའི་ཤིས་བརྗོད་ཁ་པར་དེས་འདས་པའི་ལོ་ངོ ༤༠ ལ་ཉེ་བའི་ཨ་མེ་རི་ཀས་ཐེ་ཝན་ཐད་གཏན་འབེབས་དང་ལག་བསྟར་བྱེད་ཀྱིན་པའི་རྒྱུན་སྲོལ་སྲིད་ཇུས་དེ་རྟབ་རྟོབ་མི་བརྟན་པའི་གནས་སྟངས་ཤར་པ་མ་ཟད། དེ་ལས་བྱུང་བའི་འཁྱོམ་ཡོམ་གྱི་རླབས་རྒྱུན་དེ་བསྟུད་མར་ཇེ་ཆེ་ནས་ཇེ་ཆེར་འཕེལ་གྱིན་ཡོད། འདས་པའི་བདུན་ཕྲག་འགའི་རིང་ཨ་རིའི་སྨྱན་བྱད་གཙོ་གྲས་ཀྱིས་རྗེས་འདེད་གཏིང་སློག་གིས་བཏོན་པའི་གནས་ཚུལ་ལ་གཞིགས་ན། ཁྲོ་ཚེའི་ཁ་པར་ཁ་བརྡ་དེ་དེང་ཐོག་གསར་འགྱུར་སྨྱན་བྱད་ཁག་ཅིག་གིས་བཤད་པ་ནང་བཞིན“ལག་གསར་པའི་ཕྱི་འབྲེལ་ནོར་འཛོལ”ཞིག་གཏན་ནས་མིན་པ་མ་ཟད། དེ་ནི་ཨ་རིའི“ཐེ་དགའ་སྐོར་ཁག”གིས་གོ་སྒྲིག་དང་སྐུལ་འདེད་ཀྱི་འབྲས་བུ་ཞིག་དང་། གཞི་རྩའི་ཨ་རྒྱ་ཐེ་གསུམ་གྱི་སྲིད་ཇུས་ལ་འགྱུར་བ་ཐེབས་ཀྱིན་པའི་མཚོན་རྟགས་ཤིག་རེད།
དགྲ་ནོན་ཁྲོ་འབར་གྱིས་སྲིད་འཛིན་དམ་འབུལ་མ་བྱས་གོང་དུ་རྒྱ་ནག་ལ་རྣམ་འགྱུར་མ་འདྲ་བ་གཉིས་བཏོན་ཡོད་ལ། གཅིག་ནི་ཁྲོ་ཚེའི་ཁ་པར་ཁ་བརྡ་རེད། གཞན་པ་དེ་ཨ་རིའི་པེ་ཅིང་གི་དོན་གཅོད་བསྐོ་འཇོག་ཡིན།

ཁ་པར་ཁ་བརྡའི་དོན་རྐྱེན་ཐད་གསར་འགྱུར་སྨྱན་བྱད་ཁག་གིས་དེ་ནི་དགྲ་ནོན་ཁྲོ་འབར་གྱི་རྨོངས་ཚོད་ཧོལ་རྒྱུགས་ཤིག་ཏུ་ངོས་འཛིན་བྱས་ཡོད་ཀྱང་། རྗེས་ཕྱོགས་ཀྱི་གནས་ཚུལ་ལས་ཤེས་ཐུབ་པ་ཞིག་ནི། དེ་ནི་བསམ་བློ་བཞི་གསུམ་བཅུ་གཉིས་དང་། བློ་རྩེ་ཉི་ཤུ་རྩ་ལྔ་བཀོལ་པའི་ཕུགས་རྒྱང་རིང་པའི་འཆར་བཀོད་ཅིག་རེད། བློ་གཟི་བོས་གཞིག་ན། ཨ་རི་དང་རྒྱ་ནག་བར་གྱི་འགལ་བ་ཆེ་ཤོས་དེ་རིན་ཐང་གི་ལྟ་བའི་འགལ་བ་དང་། དེ་ནས་དམག་དོན། ཚོང་ལས་དཔལ་འབྱོར། ས་གཤིས་ཆབ་སྲིད་སོགས་འགལ་བ་མང་ཐག་ཆོད་ཅིག་ཡོད་པས། སྲིད་འཛིན་ལ་སུ་གདམ་ཡང་ཨ་རྒྱ་གཉིས་ལ་འགྲིག་མཐུན་ཡོང་རྒྱུའི་རྨང་གཞི་ད་དུང་ཆགས་མེད་ལ། ལྷག་པར་དུ་ཁྲོ་འབར་གྱི་གཤིས་རྒྱུད་ན་དམའ་འབེབ་དང་མཐོང་ཆུང་ཚུད་ས་ཡེ་ནས་མེད་པ་དང་། དེ་བཞིན་དུ་ཕ་རོག་རྒྱ་ནག་གི་སྲིད་འཛིན་ཞི་ཏཱ་ཏཱ་ཡང་དཔོན་པོ་བཙན་པོ་བྱེད་རྒྱུ་ཟེར་མཁན་ཞིག་ཡིན་པས། སྟ་རེ་དང་རྡོ་ཐུག་ན་མེ་སྟག་ལས་གཞན་ཅི་ཡོད་དམ། དེ་འདྲའི་ངང་བལྟས་ན། འགལ་ཟླ་སློང་མི་དགོས་རང་བཞིན་གྱིས་ལངས་སྲིད་པ་རེད། འོན་ཀྱང་འགལ་ཟླ་དེ་མ་མཐའི་ཚད་ཐིག་ཡོད་པའི་དམག་འཁྲུག་གི་ཕྱོགས་སུ་མི་འགྲོ་བའི་འགལ་ཟླ་ཞིག་ཡིན་པར་འདོད། འགལ་ཟླ་ཡོད་པ་དང་འགལ་ཟླ་སློང་འདོད་ཡོད་བཞིན་དུ་མ་མཐའི་ཚད་ཐིག་དེ་སྲུང་ཆེད་ཞི་ཅིན་ཕེང་དང“ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་རྙིང་པ”རུ་འབོད་པའི་ཨ་རིའི་ཨ་ཡོ་ཝ་མངའ་སྡེའི་སྤྱི་ཁྱབ་ལོ ༢༠ ལྷག་ཁུར་བའི་སྐུ་ཞབས་བྷི་ལནྡི་སི་ཊེ་ཌི (Blandstadt ) རྒྱ་ནག་ཏུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོར་བསྐོས་པ་རེད། འཇམ་རྩུབ་གྱི་རྣམ་འགྱུར་དེ་གཉིས་ཀར་གཅིག་ལ་གཅིག་རྟེན་གྱི་འབྲེལ་བ་ཡོད། དཔེར་ན་རླངས་འཁོར་དང་འཁོར་བཀག་གི་འབྲེལ་བ་ལྟ་བུ་རེད། འཁོར་བཀག་སྒྲིག་དོན་ནི་རླངས་འཁོར་མགྱོགས་པོར་རྒྱུགས་ཆེད་ཡིན་ལ། རླངས་འཁོར་མགྱོགས་དྲགས་ན་འཁོར་བཀག་གིས་འགོག་ཐུབ་པ་ལྟ་བུ་རེད། སྐུ་ཞབས་ཁྲོ་འབར་གྱི་འཇམ་རྩུབ་ཀྱི་རྣམ་འགྱུར་དེ་གཉིས་རྒྱ་ནག་པའི་བཤད་སྟངས་བྱས་ན། ལག་པ་གཅིག་དམ་པ་དང་ཡ་གཅིག་ལྷོད་པ། གཅིག་དམ་གཅིག་ལྷོད་ཀྱི་སྲིད་ཇུས་དེ་ལས་ཁོང་ནི་འཐབ་ཇུས་དང་འཐབ་རྩལ་གཉིས་ཀ་ཤེས་མཁན་ཞིག་ཡིན་པ་མཚོན་ཡོད།

ད་དུང་གལ་ཆེན་ཞིག་ཡོད་པ་ནི། འདས་པའི་ལོ་མང་རིང་རྒྱ་ནག་ནི་གནད་དོན་སློང་མཁན་དང་གནད་དོན་ལ་གདོང་ལེན་སྐབས་ཀྱི་རང་དབང་ཅན་ཡིན། ཨ་རི་ནམ་རྒྱུན་མི་འདོད་བཞིན་དུ་ངོས་ལེན་བྱེད་དགོས་པའི་གཞན་དབང་ཅན་དུ་གྱུར་ཡོད། ཁྲོ་འབར་གྱི་ཐོལ་བྱུང་གི་བྱ་སྤྱོད་དེས་ཨ་རི་གཞན་དབང་ཅན་ནས་རང་དབང་ཅན་དུ་གྱུར་ཡོད་ལ། གལ་ཏེ་རྒྱ་ནག་གིས་ཨ་རིའི་ཤེས་ཡོན་ཐོན་དངོས་ཀྱི་བདག་དབང་རྐུ་འཁྱེར་དང་། དངུལ་གྱི་འཛའ་ཐང་གི་འཕར་འགྲིབ་ཚོང་ར་ལ་བརྟེན་རྒྱུ་ལས་བཏང་འཛིན་མི་བྱེད་པ་། དེ་བཞིན་ལྷོ་རྒྱ་ནག་རྒྱ་མཚོ་ཁུལ་དུ་འཁྲུག་ལོང་མི་སློང་པ་སོགས་ཨ་རིའི་ཁེ་ཕན་ལ་གནོན་པའི་བྱ་སྤྱོད་རིགས་མཚམས་བཞག་ནས་རྒྱལ་སྤྱིའི་འགྲོ་ལུགས་ལྟར་རྒྱལ་ཁབ་ཆེན་པོ་ཞིག་གི་འོས་འགན་ཁུར་དུ་བླངས་ན། ཁྲོ་འབར་གྱིས་དེ་སྔོན་གྱི་ཨ་རིའི་སྲིད་འཛིན་རིམ་བྱོན་ལྟར་རྒྱ་ནག་གང་མཉམ་རྒྱས་མཉམ་དར་བྱེད་སྲིད་པ་རེད། དེ་ལས་ལྡོག་ཚེ་སྐུ་ཞབས་ཁྲོ་འབར་ཨོ་བྷ་མ་མིན་པ་གསལ་བོ་རེད།

རྩ་བའི་ཆ་ནས་སྐུ་ཞབས་ཁྲོ་འབར་མཆོག་ནི་ཕུལ་དུ་བྱུང་བའི་ཚོང་པ་ཞིག་ཡིན་པས། ཁོང་གིས་ཚོང་ལས་སྐབས་ཀྱི་བློ་བཀོད་པ་དང་རིག་ལམ་མང་པོ་ཞིག་ད་ལྟ་ཆབ་སྲིད་སྟེང་བཀོལ་སྤྱོད་བྱེད་ཀྱིན་ཡོད། སྲིད་འཛིན་བདམས་ཐོན་ནས་དམ་འབུལ་གྱི་བར་བརྒལ་དུས་ཡུན་དུ་རྒྱ་ནག་ལ་མ་བསྐུལ་རང་འགུལ་ངང་འཇམ་རྩུབ་གཉིས་གའི་རྣམ་འགྱུར་སྟོན་སྲོལ་དེས་ཁོང་ནི་ཆབ་སྲིད་སྙོམས་སྒྲིག་ལ་མཁས་པའི་མཛངས་འཇོན་གཉིས་ལྡན་གྱི་ཆབ་སྲིད་པ་ཞིག་ཡིན་པ་མཚོན་ཡོད་ལ། ཕྱོགས་གཞན་ཞིག་ནས་ཨ་རི་འབབ་དགོས་སའི་སྔོན་ཆེད་ཀྱི་གནས་དེ་རུ་བབས་པ་རེད།

ཐེ་ཝན་གྱི་ཆ་ནས་བཤད། ཨ་རིས་གཡག་ལ་གཅེས་པ་ཡིན་ནམ་ཁྲག་ལ་གཅེས་པ་ཡིན་པ་བཤད་དཀའ་ཡང་། ཨ་རྒྱ་ཐེ་གསུམ་གྱི་འབྲེལ་བ་ཟུར་གསུམ་མའི་རྒྱན་རྩེད་ཁྲོད་ཐེ་ཝན་དེ་གྲོས་མོལ་སྐབས་སུ་ཨ་རིའི་ཤོ་རྡེལ་ཞིག་ཏུ་བེད་སྤྱོད་གཏོང་མི་སྲིད་པ་མིན་པས། ཐེ་ཝན་གྱི་ཤིན་ཏུ་གཟབ་ནན་བྱེད་དགོས། རྒྱ་ནག་གིས“ཡང་ཏིག་ཁེ་ཕན”དུ་ངོས་འཛིན་བྱས་པའི་རྒྱལ་ཁབ་གཅིག་གྱུར་གྱི་སྲིད་ཇུས་དེ་གླེང་དོན་ནི་རྒྱ་ནག་གིས་རྒྱལ་སྤྱིའི་སྒྲིག་སྲོལ་ཇི་བཞིན་གཙི་སྲུང་གིས་འགྲོ་ལུགས་ལྟར་ཤོ་རྒྱག་རྒྱུར་གནོད་ཤུགས་སྤྲད་པར་ངོས་འཛིན་བྱ་ཆོག

༡༩༧༢ ལོར་ཨ་རིའི་སྲིད་འཛིན་ནེ་ཁི་སོན་རྒྱ་ནག་ལ་རྒྱལ་དོན་གཟིགས་སྐོར་གནང་ནས་ཨ་རི་དང་རྒྱ་ནག་གི་ཕྱི་འབྲེལ་གྱི་སྒོ་མོ་ཕྱེས་པ་ནས་བཟུང་། ཆབ་སྲིད་དང་འཐབ་ཇུས་དགོས་དབང་གིས་ཨ་རིས་རྒྱ་ནག་དང་བསྟུན་གང་ཐུབ་བྱས་ཤིང་། ཕལ་ཆེར་དུས་དེ་ནས་བཟུང་ཐེ་ཝན་དེ་རྒྱལ་སྤྱིའི་དྭ་ཕྲུག་ཏུ་གྱུར་བ་རེད། ཡིན་ན་ཡང་། སྐུ་ཞབས་ཁྲོ་འབར་གྱིས་ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚེ་དབྱིན་ཝེན་གྱི་འཚམས་འདྲིའི་ཁ་བར་ལ་ཉན་ནས་ཁ་བརྡ་བྱས་པ་དེ་ལས་ཤེས་ཐུབ་པ་ཞིག་ནི། ཨ་རིའི་ནང“ཐེ་ཝན་ལ་དགའ་མཁན”སྐོར་ཞིག་ཡོད་པ་དེ་ཚོའི་དབང་ཤེད་ཇེ་ཆེར་ཕྱིན་པ་མཚོན་ཡོད། སྤྱིར་བཏང་སྲིད་འཛིན་གྱི་མདུན་ན་འདོན་ཚོས་སྐབས་དེའི་སྲིད་ལུགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱིན་ཡོད་པ་ནང་བཞིན། སྲིད་དོན་པ་མང་པོ་ཞིག་གིས་ཕྱོགས་གཉིས་ཀའི་ངོ་བླངས་ནས་དབུ་ཁྲིད་བར་གྱི་སྐད་འཁྱེར་མཁན་གྱི་ངང་ཚུལ་བཟུང་ཡོད། དཔེར་ན ༡༩༧༡ ལོར་གསང་སྟབས་ཀྱིས་རྒྱ་ནག་ཏུ་སོང་ནས་གཙོ་འཛིན་མའོ་ཀྲུའུ་ཞི་དང་མཇལ་འཕྲད་གནང་པ་ནས་ད་བར་དུ་ཨ་རིའི་སྲིད་འཛིན་དང་རྒྱ་ནག་གི་ཆེས་མཐོ་དབུ་ཁྲིད་བར་སྐད་འཁྱེར་མཁན་གྱི་ངང་ཚུལ་འཛིན་མཁན་ཁེ་སིན་ཇེར (Kissinger)ལྟ་བུ་རེད། ཡིན་ན་ཡང་ད་ཐེངས་ཁོང་གི་རླུང་རྟ་རྒྱུགས་མེད། ཟླ་འདིའི་ཚེས ༢ ཉིན། ཁེ་སིན་ཇེར་གྱིས་པེ་ཅིང་ནས་ཞི་ཅིན་ཕེང་དང་མཇལ་འཕྲད་གནང་པའི་སྐབས་སུ། ཁྲོ་འབར་དང་ཝེ་དབྱིན་ཝེན་གྱི་ཁ་པར་བརྒྱུད་ཁ་བརྡ་བྱེད་ཀྱིན་ཡོད།

བཤད་རིན་ཡོད་པའི་རྣམ་པ་གཞན་ཞིག་ནི། འདས་པའི་ལོ་མང་ཁྲོད། ཨ་རིའི་སྲིད་འཛིན་དག་གིས་རྒྱ་ནག་གི་སྲིད་ཇུས་ཐད་སྐྲག་སྐྲག་འདར་འདར་ངང། གནད་དོན་ཆེ་ཆུང་གང་ལ་ཐུག་ཀྱང་། ང་ཚོས་རྒྱ་ནག་འགོག་འདོད་མེད་ལུགས་དང་། ང་ཚོ་བསྒྲུན་ཟླ་ཡིན་པ་ལས་དགྲ་ཡ་མིན་ལུགས། ད་དུང་གཉིས་ཕན་གཉིས་རྒྱལ་ལ་འབད་ཀྱིན་ཡོད་ལུགས་གསལ་བསྒྲགས་རབ་དང་རིམ་པ་བྱས་ནས། ཕར་བལྟས་ཚོད་ཀྱི་ནག་རྒྱ་ལ་སྐྲག་གི་ཡོད་པའི་མདོན་ངན་ཞིག་འཛམ་གླིང་མི་མང་གི་མཐོང་ལམ་དུ་བཤམས་ཡོད།

ཅིའི་ཕྱིར་ཨ་རིའི་མཐོ་རིམ་སྤྱི་ཚོགས་ཁྲོད་རྒྱ་ནག་ཁོང་ཁྲོ་སློང་བར་དངངས་སྐྲག་གིས་ཁེངས་ཡོད་དམ་ཞེ་ན། དེ་ལ་ལོ་རྒྱུས་རིང་པོ་ཞིག་ཡོད་ལ། མདོར་བསྡུས་ཤིག་ཞུ་ན། དེ་ནི་ཨ་རིའི་རྒྱ་ནག་ཐད་ཀྱི་སྲིད་ཇུས་འཛིན་སྟངས་ཐད་ཀྱི་ཆད་སྐྱོན་ཞིག་ཡིན། གཞི་རྩའི་ཆ་ནས་ཨ་རིའི་གྲོས་ཚོགས་གོང་འོག་གི་སྤྱི་མཐུན་ཚོགས་པའི་ཆབ་སྲིད་པ་ཚོས་དམངས་གཙོའི་ཐེ་ཝན་ལ་དགའ་གཅེས་བཀུར་བརྩི་དང་སྲིད་དབང་སྒེར་གཅོད་ཀྱི་རྒྱ་ནག་ལ་མཐོང་ཆུང་སྡང་ཟུག་གི་ལྟ་ཚུལ་ཞིག་ཡོད། ཡིན་ན་ཡང་། དུས་ཡུན་རིང་པོར་ལྟ་བ་དེར་འབུར་དུ་ཐོན་ཐུབ་མེད།

དམངས་གཙོ་ཚོགས་པའི་ཆབ་སྲིད་པ་ཚོས་སྟོང་སེམས་ཤིག་བཅངས་ཡོད་ལ། ཁོང་ཚོས་རྒྱ་ནག་དང་འབྲེལ་འདྲིས་བརྒྱུད། རྒྱ་ནག་གཞུང་གི་འདོད་མོས་ལ་བརྩི་བཀུར་དང་བསྟུན་མཁས་བྱས་ནས། རྒྱ་ནག་གཞུང་རང་ཉིད་ཀྱིས་ཆབ་སྲིད་ཀྱི་ལམ་ལུགས་ཐད་རིམ་འགྱུར་གཏོང་རྒྱུར་ཡིད་ཆེས་དང་རེ་སྒུག་བྱས་ཡོད། འོན་ཀྱང་སྲིད་འཛིན་ཁྲོ་འབར་གྱིས་སྲིད་ཇུས་དེ་འགྱུར་བ་གཏོང་འདོད་ཡོད་པའི་བཟོ་བསྟན་ཡོད།

དེ་སྔོན་པེ་ཅིང་ལ་སྐྲག་པ་དང་པེ་ཅིང་གི་ངོ་མདོག་ལ་ལྟ་དོན་དེ་རེ་སྒུག་ཅིག་ཡོད་པས་ཡིན། ད་ལྟ་པེ་ཅིང་གིས་རང་འགུལ་ངང་བསྒྱུར་བཅོས་གཏོང་རྒྱུར་རེ་སྒུག་བྱས་མེད་ལ། ཨ་རྒྱའི་འབྲེལ་བ་ཇེ་བཟང་ཇེ་ལེགས་སུ་འགྲོ་རྒྱུར་ཡང་རེ་སྒུག་བྱས་མེད། དེ་བས་ན། ཁྲོ་འབར་གཞུང་གིས་པེ་ཅིང་གི་ངོ་མདོག་ལ་ལྟ་དགོས་དོན་མེད་ན། རེ་སྒུག་དེའང་ཤི་ཚར་བ་རེད།

ཉེ་ལམ་སྐུ་ཞབས་ཁྲོ་འབར་གྱི་རྔམ་ཟིལ་ཆེ་བའི་རྣམ་འགྱུར་ལས། འདས་པའི་ལོ་ངོ་ཕལ་ཆེར ༤༠ རིང་གི་འོས་མིན་བསྟུན་ཐབས་དང་རེ་སྒུག་གི་སྲིད་ཇུས་དེ་བསྡོམས་ཚིག་བརྒྱབས་ནས་རང་དབང་གི་དུས་རབས་གསར་བ་ཞིག་གི་སྒོ་མོ་ཕྱེ་འདོད་པར་ཡིད་ཆེས་བྱ་རུང་། ཡིན་ན་ཡང་ཁ་ཚོན་གཅོད་རྒྱུ་ཅུང་སྔ་དྲགས་པའི་སྐྱོན་ཆ་ཡོད་སྲིད། གལ་ཏེ་སྐུ་ཞབས་ཁྲོ་འབར་གྱི་རྣམ་འགྱུར་དེ་ཨ་རིའི་རིན་ཐང་གི་ལྟ་བ་དང་། འཐབ་ཇུས་རྨང་གཞི་བྱས་པའི་འབྱུང་འགྱུར་གྱི་དུས་ཡུན་རིང་པོ་ཞིག་ལ་གཞིགས་པ་ཡིན་ཚེ། དེ་ཡིས་ད་ལྟའི་ཨ་རྒྱ་ཐེ་གསུམ་གྱི་གནས་སྟངས་ལ་འགྱུར་བ་གཏོང་ངེས་ཡིན།

འོན་ཀྱང་། འདས་ཟིན་པའི་ཨ་རིའི་སྲིད་འཛིན་དག་གི་སྨྲ་བརྗོད་ལ་གཞིགས་ན། སྲིད་འཛིན་གདམ་རྩོད་དང་སྲིད་འཛིན་ཆགས་མ་ཐག་གི་སྐབས་སུ་རྔམ་པོ་ཆེ་བའི་སྐད་ཆ་བཤད་མྱོང་ཡོད་མོད། ལག་ལེན་སྟེང་ཁ་བཤད་དོན་ལ་གནས་པ་ཉུང་ཉུང་ཡིན། དཔེར་ན་ཨ་རིའི་སྲིད་འཛིན ༤༢ པ་བྷི་ཞི་རྒན་པས་གནམ་བདེའི་སྒོ་མོ་ཆེའི་སློབ་མའི་ཁྲག་དྲི་མ་ཡལ་གོང་གསང་བའི་ངང་སྐུ་ཚབ་མངག་ནས། ཏེང་ཞོ་ཕེང་དང་འབྲེལ་མོལ་བྱས་པ་དང་།  དེ་བཞིན་སྲིད་འཛིན ༤༣ པ བྷེལ་ཁི་ལེན་ཊིན་གྱིས་གདམ་རྩོད་སྐབས་ཨེ་རག་གི་རྒྱལ་ས་པཱ་གི་ཏ་ནས་པེ་ཅིང་བར་གྱི་སྲིད་དབང་སྒེར་གཅོད་གཏུམ་དྲག་ཅན་གཅིག་ཀྱང་མ་ལུས་པར་ཚར་གཅོད་བྱ་རྒྱུ་ཡིན་ལུགས་ཀྱི་ཁ་ཕོ་བསྒྲགས་པ་རེད། ཡིན་ན་ཡང་། སྲིད་འཛིན་དངོས་སུ་ཆགས་རྗེས་རྒྱ་ནག་ལ་དམིགས་བསལ་ལྟ་སྐྱོང་རྒྱལ་ཁབ་ཀྱི་ཆོ་ལོ་ཕུལ་བ་མ་ཟད་འགྲོ་བ་མིའི་ཐོབ་ཐང་མི་གླེང་རྒྱུ་ཁས་བླངས། དེ་ནི་རྒྱལ་ནག་དར་ཞིང་རྒྱས་པའི་མཐུན་རྐྱེན་གལ་ཆེན་དེ་ཡིན་སྟབས། བྷེལ་ཁི་ལེན་ཊིན་དང་ཨོ་ས་མ་བྷེན་ལ་ཊེན་གཉིས་རྒྱ་ནག་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་མི་སྣ་གཉིས་ཡིན། དེ་མིན་ལྕམ་ཧེ་ལེ་རེ་ཨ་རིའི་ཕྱི་སྲིད་དྲུང་ཆེར་གྱུར་མ་ཐག་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཨ་རི་དང་རྒྱ་ནག་གི་གྲོས་མོལ་ཉིན་ཐོའི་སྟེང་མེད་ཅེས་བཤད་པ་ལྟ་བུ་རེད། སྐུ་ཞབས་ཁྲོ་འབར་ལ་ཆོད་སེམས་དེ་ཡོད་པའི་དབང་དུ་བཏང་ཡང་། ཨ་རྒྱ་ཐེ་གསུམ་གྱི་ལོ ༤༠འི་རིང་ཆགས་པའི་རྣམ་པ་དེ་འཁྱགས་པའི་བང་རིམ་དགུ་བརྩེགས་དེ། ཞག་གཅིག་གྲང་བས་ཆགས་པ་མིན་པས། འགྱུར་ཆོག་ཆོག་ཅིག་ག་ལ་ཡིན། དེའི་འདྲའི་ངང་བསམ་ན། མ་འོངས་པའི་ཨ་རྒྱ་ཐེ་གསུམ་གྱི་འགྱུར་བ་དེ་ད་དུང་ཡང་འགལ་ཡང་མི་འཁྲུག་པའི་གནས་སྟངས་ལྟར་གནས་རྒྱུ་རེད་བསམ་བྱུང་།

སྐུ་ཞབས་ཁྲོ་འབར་གྱི་རྣམ་འགྱུར་གསར་བ་དེའི་ཉེན་ཁའི་སྐོར་ནས་ཅུང་ཞིག་གླེང་ན། ཉེན་ཁ་ཟེར་ན་ཡང་འདྲ་མཐའ་མར་གྱོང་རེག་མཁན་དེ་ཐེ་ཝན་ཡིན་པར་ངོས་འཛིན་བྱས་ཀྱང་། ཐེ་ཝན་ལ་མཚོན་ན་དེ་ནི་ཁུ་བྱུག་ཡིན་ནམ་ཁ་ཏ་ཡིན་པ་ད་དུང་བཤད་དཀའ། ཡིན་ཡང་ཤིང་ཏོག་ཟ་དུས་སྙི་མོ་དེ་སྔོན་ལ་ཟ་བའི་དཔེ་བཞིན། རྒྱ་ནག་ཕྱི་འབྲེལ་བློན་ཆེན་ཝང་ཡེ་ཟེར་བས“ཐེ་ཝན་གྱི་ཚུལ་མིན་གྱི་བྱ་སྤྱོད”ཅེས་སྲན་མ་མ་ཆོད་ནས་ཐོག་ལ་བརྒྱུགས་སྟངས་ལས་ཤེས་ཐུབ། ཐེ་ཝན་ལ་གྱོང་རེག་ས་དཔལ་འབྱོར་གྱི་ཐད་ཁོ་ནར་ཡིན། ཡིན་ན་ཡང་། ཁྲོ་ཚེ་ཡིས་ཁ་བརྡ་དེས་ཁྲོ་འབར་དང་ཚེ་དབྱིན་ཝིན་གཉིས་གཞི་གཅིག་ཏུ་བཅིངས་ཡོད་པས། ཚེ(ཚལ)ཟ་ན་ཁྲོ་ཚེ་(ཁྲོན་ཚལ)ཟ་དགོས་པས། ཞི་ཅིན་ཕེང་གིས་མ་ཟས་གོང་ཁྲོ་ཚེ་ཡི་ཁ་ཚ་ལྕེ་སྦྲིད་ཀྱི་ངར་ཤེད་ལ་བསམ་བློ་མི་གཏོང་རང་གཏོང་ཆགས་ཡོད།

སྤྱིར་ན་སྐུ་ཞབས་ཁྲོ་འབར་གྱིས་ཐེ་ཝན་སྲིད་འཛིན་གྱི་ཤིས་བརྗོད་ཁར་པར་ངོས་ལེན་བྱས་པ་དེ་གླེང་རིན་ཅན་གྱི་བརྗོད་བྱ་ཞིག་ཡིན་ལ། དེ་བས་ཀྱང་གླེང་རིན་ཅན་དེ་ཁ་པར་ཁ་བརྡའི་དོན་རྐྱེན་གྱི་རྗེས་ཀྱི་འགྲེལ་བཤད་དེ་ཡིན། དེ་ལས་སྐུ་ཞབས་ཁྲོ་འཁར་གྱི་ཚོང་བའི་གཤིས་ཀ་མཚོན་པའི་མ་ཟད། མ་མཐའ་ཡང་ཨོ་བྷ་མའི་སྲིད་ལུགས་དང་ཁ་ཁ་ཡིན་པ་གསལ་བོ་རེད།