ཨ་རིའི་བདམས་ཐོན་སྲིད་འཛིན་དགྲ་ནོན་ཁྲོ་འབར་མཆོག་གིས་རྒྱ་དམར་པོའི་ཝ་ཚོགས་ལ་མི་འཇིགས་སེང་གེའི་ང་རོ་བསྟུད་མར་བསྒྲགས་ཤིང་། ཐེ་ཝེན་གྱི་སྲིད་འཛིན་ལྕམ་ཚེ་དབྱིན་ཝེན་དང་ཁ་པར་ཁ་བརྡ་དང་སྤྱི་ཚོགས་འབྲེལ་འདྲིས་སྨྱན་བྱད་ཊི་ཝེ་ཊིར་བརྒྱུད་རྒྱ་ནག་གི་ཉོ་ཚོང་དང་ལྷོ་རྒྱ་ནག་རྒྱ་མཚོའི་སྲིད་ཇུས་ལ་སྐྱོན་བརྗོད་བྱས་རྗེས། ཡང་བསྐྱར་ཝ་ཚོགས་པེ་ཅིང་གཞུང་ལ་དེ་ལས་ཀྱང་ལྷག་པའི་ངར་སྐད་བསྒྲགས་ནས“ཀྲུང་གོ་གཅིག་གི་སྲིད་ཇུས”ཟེར་པར་དོགས་འདྲི་གནང་འདུག
སྐུ་ཞབས་དགྲ་ནོན་ཁྲོ་འབར་ལགས་སྤྱི་ཟླ ༡༡ ཚེས ༨ ཉིན་ཨ་རིའི་སྲིད་འཛིན་ལ་བདམས་པ་ནས་བཟུང་རྒྱ་ནག་ལ་སྤེལ་བའི་སྨྲ་བརྗོད་ལ་ཅི་དགར་བལྟས་ཚེ། ཨ་རིའི་ཕྱི་སྲིད་སྲིད་ཇུས་ལ་རྩོད་པ་བསླངས་པ་མ་ཟད། རྒྱ་ནག་གིས་ཀྱང་ཁྲོ་འབར་གྱི་རྔ་སྒྲ་ལྟར་གར་མི་འཁྲབ་རང་འཁྲབ་ཆགས་ནས་རྣམ་འགྱུར་རིམ་བཞིན་ཇེ་དྲག་ཏུ་སོང་སྟེ། སྤྱི་ཟླ ༡༢ ཚེས ༡༥ ཉིན་རྒྱ་ནག་རྒྱལ་སྲུང་ལྷན་ཁང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་བདག་དབང་ལ་རྩོད་པ་ཡོད་པའི་མིས་བཟོས་གླིང་ཕྲན་སྟེང་དམག་དོན་སྒྲིག་ཆས་བཀོད་འཛུགས་བྱེད་རྒྱུ་ཡིན་ལུགས་གསལ་བསྒྲགས་བྱས་པ་དང་། དེ་ནས་ཉིན་གཉིས་ཀྱི་རྗེས་ཏེ་སྤྱི་ཚེས ༡༧ ཉིན། རྒྱ་ནག་གི་མཚོ་དམག་རུ་ཁག་ཅིག་གིས་ཨ་རིའི་མཚོ་འོག་ལྟ་ཞིབ་ཚད་ལེན་ཆུར་འཛུལ་ཡོ་བྱད་ཅིག་རྐུ་འཁྱེར་བྱས་འདུག
ཉིན་ཁ་ཤས་ཀྱི་རྗེས་སུ་རྒྱ་ནག་གཞུང་གིས་རང་འགུལ་ངང་མཚོ་འོག་ལྟ་ཞིབ་ཚད་ལེན་ཆུར་འཛུལ་ཡོ་བྱད་དེ་ཕྱིར་ཨ་རིར་རྩིས་སྤྲད་འདུག དོན་རྐྱེན་དེ་བྱུང་རྗེས་ཁྲོ་འབར་གྱིས‘རྒྱ་ནག་གིས་ཨ་རིའི་མཚོ་འོག་ལྟ་ཞིབ་ཚད་ལེན་ཆུར་འཛུལ་ཡོ་བྱད་བརྐུས་པ་རེད། ང་མི་དགོས་ཁྱོད་ལ་སྤྲད་པ་ཡིན’ཞེས་ལན་བཏབས་འདུག ཀླན་པ་དེས་ཁྲོ་འབར་གྱི་ཁྱད་ཆོས་མཚོན་ཡོད་ལ། ཁོང་གིས་ཕྱི་འབྲེལ་གྱི་སྐད་ཆ་མ་ཡིན་པའི་ཧ་ཅང་ཐ་མལ་བའི་འཇིག་རྟེན་རྒད་པོའི་སྐད་ཆས་རྣམ་འགྱུར་གང་དེ་བསྟན་པ་རེད།
ཁྲོ་འབར་གྱིས་ཨ་རིའི་བསྐོ་སྒུག་སྲིད་འཛིན་གྱི་སྲོལ་རྒྱུན་ལས་ཕྱིན་གྱི་ལོག་ནས། ཕྱི་རྒྱལ་གྱི་དབུ་ཁྲིད་དང་མཇལ་འཕྲད་གནང་བའི་མ་ཚད། སྲིད་གཞུང་གི་གཏན་འཇགས་སྲིད་ཇུས་སྐོར་ཞིག་ལ་བསྒྲུན་ཟླའང་བསླངས་པ་རེད། ཁྲོ་འབར་གྱིས་རྒྱ་ནག་ལ་གཅིག་རྗེས་གཉིས་མཐུད་ནས་དོགས་འདྲི་དང་ཉེན་བརྡ་བཏང་བ་དེ། ཕར་བལྟས་ཚོད་ཀྱིས་ལྷན་སྐྱེས་རང་གཤིས་ཀྱི་ཚོར་བ་ཞིག་དང་། ཐོལ་བྱུང་མག་མོག་གི་བློ་ཁ་ཞིག ད་དུང་མི་འཇིགས་པའི་སྙིང་སྟོབས་བཅས་ལས་བྱུང་བའི་རེ་འདུན་ཞིག་ཡིན་ཤོས་ཆེ།
དེ་དག་ཐམས་ཅད་ཁོང་གི་ལོ་ངོ་བདུན་ཅུའི་རིང་བསགས་ཅིང་ཆགས་པའི་ཚོང་པའི་གཤིས་ཀ་ལས་བྱུང་བ་ཤར་སྟག་རེད། ཚོང་པའི་དམིགས་པ་ནི་ཁེ་བཟང་ཐོབ་ཐབས་ཁོ་ན་ཡིན་པས། ཚོང་མ་གཏམ་པའི་སྔོན་དུ་རང་གི་ཚོང་ཟོག་གི་རིན་ཐང་སྤར་རྒྱུ་དང་། ཚོང་ཤག་གི་ཚོང་ཟོག་གི་ཞན་ཆ་བརྗོད་རྒྱུ་ནི་ཁེ་བཟང་ག་ཚོད་ཅིག་རེག་མིན་ལ་ཐད་ཀར་འབྲེལ་བ་ཡོད་པས། རིག་ལམ་དེ་བཞིན་དུ་སྐུ་ཞབས་ཁྲོ་འབར་གྱིས་སྲིད་འཛིན་དངོས་སུ་མ་ཆགས་པའི་སྔོན་ནས་བཟུང་། རྒྱ་ནག་ལ་གནོན་ཤུགས་སྤྲད་པ་དང་ཉེན་བརྡ་བཏང་ནས། མ་འོངས་པའི་སྲིད་སྐྱོང་སྐབས་ཁེ་བཟང་ཆེ་བ་ཐོབ་རྒྱུར་དམིགས་ཡོད་པ་རེད། རྒྱ་ནག་དང་མཉམ་དུ་ཚོང་བརྒྱབ་ན་ཁེ་བཟང་རེག་མིན་བཤད་དཀའ་ཡང་། ཁྲོ་འབར་གྱི་བྱ་སྤྱོད་དང་། ཨུ་རུ་སུ་དང་འབྲེལ་བ་འཛུགས་སྟེང་། དེ་མིན་ཁྲོ་འབར་གྱིས་ནང་བློན་བསྐོ་བཞག་སོགས་ལ་གཞིགས་ན། རྒྱ་ནག་ཐད་ཀྱི་སྲིད་ཇུས་དེ་ཉེ་བའི་ཕོ་བྲང་དཀར་པོ་གཞུང་དག་ལས་ཅུང་མཁྲེམས་པོ་ཞིག ཐད་ཀར་བ་ཞིག ཚོད་མི་ཟིན་པའི་སྲིད་ཇུས་ཤིག་འཛིན་འདོད་ཡོད་པར་ཚོད་དཔག་བྱེད་ཆོག་པར་སྙམ།
“ཀྲུང་གོ་གཅིག་གི་སྲིད་ཇུས”ཟེར་བ་དེ་དམིགས་ཡུལ་ཐ་དད་བཟུང་པའི་བཤད་སྟངས་ཤིག་ལས་མ་འདས། ཨ་རི་ལ་ཨ་རི་རང་གི “ཀྲུང་གོ་གཅིག་གི་སྲིད་ཇུས”ཡོད། སྲིད་ཇུས་དེ་ཡི་གོ་གོན་དང་པེ་ཅིང་གི“ཀྲུང་གོ་གཅིག་གི་སྲིད་ཇུས”གཉིས་ཐ་དད་ཡིན། དེ་ནི་དབྱེ་བ་གལ་ཆེན་ཞིག་ཡིན། དེའི་སྟབས་ཀྱིས་སྐུ་ཞབས་ཁྲོ་འབར་གྱིས་པེ་ཅིང་གི་མཚན་ཉིད་བཞག་པའི“ཀྲུང་གོ་གཅིག་གི་སྲིད་ཇུས”ཟེར་བ་དེ་ངོས་ལེན་མེད་པའི་རྣམ་འགྱུར་བཏོན་པ་དང་ཆབས་ཅིག ཨ་རིའི་ཅི་ཞིག་བསྒྲུབ་མིན་དང་ཅི་ཞིག་གཏན་འབེབ་ཐག་གཅོད་བྱེད་མིན་ལ་རྒྱལ་ཁབ་དང་ཚོགས་པ་སྒྲིག་འཛུགས་སུ་གང་གིས་ཀྱང་བྱུང་རྒྱལ་དུ་རྐང་བརྡ་ལག་བརྡ་བྱེད་མི་རུང་བ། མི་ཆོག་པའི་ཚུལ་བསྟན་པ་རེད།
ཐེ་ཝན་གྱི་བདག་དབང་གི་གནད་དོན་ཐད་ཨ་རིས་གནའ་དེང་གཉིས་ཀར་འདི་ཡིན་གན་མིན་གྱི་དབྱེ་མཚམས་མི་གསལ་བའི་མག་མོག་གི་སྲིད་ཇུས་ཤིག་བཟུང་ཡོད། དེ་འདྲ་བྱེད་དོན་ནི་ཐེ་ཝན་གྱི་གནས་བབ་ལ་ཨ་མེ་རི་ཀར་གཏན་ཁེལ་བའི་བཤད་ཚུལ་ཞིག་མེད་པས་ཡིན།
ཨ་རིས་ནམ་རྒྱུན་ཐེ་ཝན་གྱི་ད་ལྟའི་གནས་སྟངས་དང་གནས་བབ་ལས་བདག་དབང་བཤད་མྱོང་མེད་ལ་བཤད་ཀྱིན་ཡང་མེད། མཚོ་འགག་ངོགས་གཉིས་ཀའི་གནད་དོན་ཐག་གཅོད་གླེང་དུས་ཀྱང་ཨ་རིས་བརྒྱུད་རིམ་ཞི་བདེ་དང་། ཐེ་ཝན་མི་དམངས་ཀྱི་མོས་མཐུན་དགོས་པ་ནན་གྱིས་བརྗོད་པ་ལས་འདི་ཡིན་འདི་མིན་གྱི་ཕྱོགས་སུ་ལྷུང་བའི་སྐད་ཆ་གཅིག་ཀྱང་བཤད་མྱོང་མེད། དེའི་ཕྱིར་ཨ་མེ་རི་ཀའི “ཀྲུང་གོ་གཅིག་གི་སྲིད་ཇུས”ཟེར་བ་དེ་ཧ་ཅང་མག་མོག་གི་སྲིད་ཇུས་ཤིག་ཡིན་ལ། ཨ་རིའི་སྲིད་གཞུང་རིམ་བྱོན་ལ་རང་རང་གི་འགྲེལ་བ་རྒྱག་སྟངས་དང་བཤད་སྲོལ་ཡོད། མདོར་བསྡུས་ནས་བཤད་ན་ཨ་རིའི་ད་ལྟའི་སྲིད་ཇུས་ཀྱི་ལྟེ་བ་དེ་ཐེ་ཝན་གྱི་གནད་དོན་ཐག་གཅོད་ཀྱི་གོ་རིམ་ཡིན་པ་ལས་གཏན་ཁེལ་བའི་གྲུབ་འབྲས་མིན།
ཐེ་ཝན་གནད་དོན་དང“ཀྲུང་གོ་གཅིག་གི་སྲིད་ཇུས”སོགས་གླེང་དུས། རྒྱ་ནག་གཞུང་གིས་སྔར་རྒྱུན་བཞིན“འབྲེལ་ཡོད་ཕྱོགས་སོ་སོས་ཨ་རི་དང་རྒྱ་ནག་བར་བཞག་པའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གྱི་ནང་གི་ཀྲུང་གོ་གཅིག་གི་སྲིད་ཇུས་ལ་གཙི་སྲུང་བྱེད་དགོས”ཞེས་ཡང་དང་བསྐྱར་དུ་གླེང་གིན་ཡོད། མཉམ་འབྲེལ་སྤྱི་བསྒྲགས་གསུམ་གྱི་རྨང་གཞི་ནི་ཀྲུང་གོ་གཅིག་གི་སྲིད་ཇུས་ཡིན་ཟེར་བ་དེ་རྒྱ་ནག་གཞུང་གིས་རྗེས་སུ་ཁར་བསྣན་པའི་འགྲེལ་བཤད་ཅིག་ཡིན་པ་དང་། དེ་བཞིན་དུ་རྒྱ་ནག་པེ་ཅིང་གཞུང་གིས་སྤྱིར་ན་འཛམ་གླིང་མི་དམངས་དང་སྒོས་སུ་རྒྱ་ནག་མི་དམངས་ལ་མགོ་གཡོག་མགོ་སྐོར་གཏོང་ཆེད་ལོག་འགྲེལ་འཁྱོག་བཤད་བྱས་ཏེ“ཀྲུང་གོ་གཅིག་གི་སྲིད་ཇུས”ཟེར་བའི་ནང་གི་ཀྲུང་གོ་གཅིག་ཟེར་བ་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁོ་ནར་གོ་བ་ལྟ་བུར་བཤད་ཀྱིན་ཡོད། དོན་གྱིས་དེ་ནི་སྐབས་དེའི་ཐེ་ཝན་ཅང་ཅེ་ཧྲི་གཞུང་གིས་བཤད་སྟངས་ཀྲུང་ཧྭ་མེན་གོའམ་ཀྲུང་ཧྭ་མི་སེར་རྒྱལ་ཁབ་དང་མའོ་ཙེ་ཏུང་གིས་བཤད་སྟངས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཉིས་ཀར་གོ དེས་སྟབས་ཀྱིས་ཀྲུང་གོ་གཅིག་གི་སྲུད་ཇུས་ཟེར་བ་དེ་དོན་གྱིས་བར་གནས་ཀྱི་བཤད་སྟངས་ཤིག་ལས་དེ་གཉིས་ཀའི་གཅིག་ལའང་མི་གོ
ལོ་ངོ་བཞི་བཅུའི་ཡར་སྔོན་དུ་བཞག་པའི་སྤྱི་བསྒྲགས་ཤིག་དུས་དེ་རིང་འོས་འཚམ་ཡིན་མིན་ཡང་བཤད་དཀའ་བའི་མ་ཚད། དེ་དུས་ཐེ་ཝན་དེ་སྲིད་དབང་སྒེར་སྡེམ་གྱི་གཞུང་ཞིག་ཡིན། དེ་རིང་འཐུས་སྒོ་ཚང་བའི་དམངས་གཙོའི་སྤྱི་ཚོགས་ཚད་ལྡན་ཞིག་ཏུ་འཕར་ཡོད་ན། ཨ་རི་གཞུང་གིས་རང་ཉིད་ཀྱི་ཐེ་ཝན་ཐད་ཀྱི་སྲིད་ཇུས་ལངས་ཕྱོགས་ལ་བསྐྱར་སྒྲིག་ཅིག་བྱེད་རན་པའི་དུས་ལ་སླེབས་ཡོད།
དེ་བཞིན “ཀྲུང་གོ་གཅིག་གི་སྲིད་ཇུས”ཞེས་པ་དེ་བོད་དོན་དང་ཡུ་གུར་གནད་དོན་ཐད་ཀྱང་རྒྱ་ནག་གཞུང་གིས་བེད་སྤྱོད་གཏོང་གིན་ཡོད་པས། “ཀྲུང་གོ་གཅིག་གི་སྲིད་ཇུས”ཟེར་བ་དེའང“ནང་སྲིད”ཟེར་བ་དང་། “སྲིད་དབང་མགོ་རྟིང་སློག་པ”ཟེར་བ། “རྒྱལ་ཁབ་ཀྱི་གསང་བའི་ཡིག་ཆ་ཕྱིར་བཀྲམས་པ”ཟེར་བ་ཇི་བཞིན ‘བདུད་ཀྱི་རྐྱལ་བ’ནང་བཞིན་འདོད་འདོད་ཐམས་ཅན་ནང་ལ་བཅུག་ཆོག་ཆོག་ཅིག་ཡིན་སྟབས། སྐུ་ཞབས་ཁྲོ་འབར་གྱིས་ཀྱང“ཀྲུང་གོ་གཅིག་གི་སྲིད་ཇུས”ཟེར་བའི་འཆིང་རྒྱ་དེ་ང་ཚོས་མུ་མཐུད་ནས་ཏོག་བཞིན་གཙུག་ཏུ་བཀུར་དགོས་སམ་ཞེས་དོགས་འདྲི་བྱས་པ་རེད།
རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་བདག་དབང་ལ་རྩོད་པ་ཅན་གྱི་མིས་བཟོས་གླིང་ཕྲན་སྟེང་དམག་གི་རྟེན་གཞི་འཛུགས་བསྐྲུན་བྱས་པའི་གནད་དོན་ཐད་ནས་བཤད་ན། དབྱེ་ཞིབ་པ་སྐོར་ཞིག་གིས་ཁྲོ་འབར་གྱི་དགོས་མེད་བསྒྲུན་ཟླ་བསླངས་པའི་ཉེར་ལན་གྱིས་པེ་ཅིང་གཞུང་གིས་ཀླན་པ་དེ་སྤྲད་པ་རེད་ཅེས་ཁྲོ་འབར་ལ་སྐྱོན་འཛུགས་བྱས་དང་བྱེད་ཀྱིན་ཡོད། ཡིན་ན་ཡང་ཨ་རིའི་དབྱེ་ཞིབ་པ་དེ་ཚོས་འདས་པའི་ལོ་བཞི་བཅུའི་རིང་རྒྱ་ནག་ལ་འོས་མིན་བསྟུན་ཐབས་བྱེད་རྒྱུ་ལས་རྒྱ་ནག་ལ་ཕར་རྒོལ་མི་ནུས་པ་མ་ཟད། ལང་ཤོར་ཏུ་སོང་བའི་རྒྱ་ནག་གི་ཧམ་པ། གདུག་རྩུབ། ང་རྒྱལ། གནོད་འཚེ་སོགས་མི་རིག་མི་མཐོང་མི་ཤེས་མི་ཚོར་བ་དེ་དངོས་གནས་ཡ་མཚར་དགོས་པའི་གནས་རེད།
པེ་ཅིང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་མིས་བཟོས་གླིང་ཕྲན་སྟེང་དམག་དོན་སྒྲིག་ཆས་འཛུགས་འཇོག་བྱས་པའི་ཐད་རྒྱུ་མཚན་གསུམ་ཡོད། གཅིག་ནི་རྒྱ་ནག་གཞུང་གི་འཐབ་ཇུས་གྱི་ཆ་ཤས་ཤིག་ཡིན་པས་དུས་ཚོད་ཀྱི་སྔ་ཕྱི་ཙམ་མ་གཏོགས་མེད། གཉིས་པེ་ཅིང་གཞུང་གིས་ཏང་ཡོན་བྱེ་བ་བརྒྱད་དང་རྒྱ་ནག་མི་དམངས་དུང་ཕྱུར་བཅོ་ལྔ་ལ་པེ་ཅིང་ཨ་རི་དང་ཁྲོ་འབར་གཞུང་ལ་འཇིགས་ཀྱིན་སྐྲག་གིན་མེད་པའི་རྣམ་འགྱུར་སྟོན་ཆེད། གསུམ་པ་ནི་ད་གཟོད་ཨ་རི་ཁྱོད་ལ་སྲིད་ཇུས་ཡོད་ན་རྒྱ་ནག་ང་ལ་ཐབས་ཇུས་ཡོད་ཅེས་ཨ་རི་ལ་ཀླན་པ་སློག་ཆེད་ཡིན་སྲིད། གང་ལྟར་གལ་ཆེ་ཤོས་དེ་ནི་རྒྱ་ནག་གི་ཡུན་རིང་གི་འཐབ་ཇུས་དང་མཐུན་པ་ཞིག་ཡིན་པས། ཁྲོ་འབར་གྱིས་བྱས་དང་མ་བྱས་ལ་ཁྱད་མེད། རྒྱ་ནག་གིས་དེ་ལྟར་གྲུབ་ངེས་རེད།
ལོ་བདུན་ཅུའི་རིང་ཚོང་ལས་གཉེར་བའི་གང་ཟག་ཅིག་ལ་མཚོན་ན་དེ་ཡི་ལྟ་སྤྱོད་མཐའ་དག་གི་ཁྲོད་ན་ཚོང་བའི་གཤིས་ཀ་ཡོད་པར་ཡ་མཚར་སྐྱེ་དོན་མེད། ཁྲོ་ཚེའི་ཁ་པར་ཁ་བརྡའི་རྗེས་སུ་འགྲེལ་བཤད་སྐབས། ཁྲོ་འབར་གྱིས ‘ཨ་སྒོར་དུང་ཕྱུར་མང་པོའི་གོ་མཚོན་གྱི་ཚོང་ལས་བྱས་ཆོག་པ་དང་། ཤིས་བརྗོད་ཁ་པར་ལ་ཉན་མི་ཆོག་པ་སུ་ཡི་གནས་ལུགས་ཡིན’ཞེས་དང་། དེ་བཞིན“ཀྲུང་གོ་གཅིག་གི་སྲིད་ཇུས”ལ་དོགས་འདྲི་བྱས་རྗེས། ཡང་ཁྲོ་འབར་གྱིས ‘དཔལ་འབྱོར་ཉོ་ཚོང་ཁྲོད་རྒྱ་ནག་གིས་ལྷོད་སྟེར་ན་མ་གཏོགས’ཞེས་དགོས་འདུན་བཏོན་པ་སོགས་ལས། ཆབ་སྲིད་དང་། ཕྱི་འབྲེལ། དམག་དོན་ཅི་ཞིག་ཡིན་ཡང་། ཁྲོ་འབར་གྱིས་མཐའ་མའི་འབབ་ས་དེ་དཔལ་འབྱོར་ཉོ་ཚོང་གི་སྟེང་ནས་ཁེ་བཟང་ལེན་རྒྱུ་ཁོ་ནར་དམིགས་ཡོད་པ་འདྲ་ཞིང་། ཁྲོ་འབར་གྱི་གདམ་རྩོད་དུས་ཡུན་ལ་ཕྱི་མིག་ཅིག་བལྟས་ན། ཕལ་ཆེར་ལོ་གཅིག་རིང་གི་གདམ་རྩོད་ཁྲོད་ཁྲོ་འབར་གྱིས་ལྷོ་རྒྱ་ནག་རྒྱ་མཚོ་དང་ཐེ་ཝན་གྱི་གནད་དོན་སྐོར་ཐེངས་གཅིག་ལའང་གླེང་མེད་སྐད། ཡིན་ན་ཡང་བདམས་ཐོན་བྱུང་མ་ཐག་ཐེ་ཝན་དང་ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན། དེ་བཞིན “ཀྲུང་གོ་གཅིག་གི་སྲིད་ཇུས”ལ་སོགས་གླེང་ཡོང་སྲོལ་ལ་གཞིགས་ན། དེ་དག་ཚང་མ་མ་འོངས་པར་རྒྱ་ནག་དང་ཚོང་རྒྱག་རྒྱུ་ཁོ་ནར་དམིགས་པ་ཤར་སྟག་ཡིན་ལ་སྐབས་དེར་རྒྱ་ནག་ལ་བསྟུན་མི་དགོས་པར་རང་དབང་གི་དབང་ཆ་ལེན་ཐབས་ཤིག་ཡིན་པ་དང་ཀུན་ནས་མཚུངས། ཡིན་ན་ཡང་སྐུ་ཞབས་ཁྲོ་འབར་གྱི་ལྟ་སྤྱོད་དེར་དེ་བས་ཀྱང་ཡངས་ཤིང་རྒྱ་ཆེ་བའི་རྒྱབ་ལྗོངས་ཤིག་ཡོད། དེ་ནི་ཨ་རིའི་སྤྱི་མཐུན་ཚོགས་པའི་རྙིང་ཞེན་པས་གྲུབ་པའི་ཨ་རི་རིང་ལུགས་པའི་ཚོགས་ཡིན། སྤྱི་མཐུན་ཚོགས་པའི་སྲིད་འཛིན་རེ་གྷན་གྱི“ཨ་མེ་རི་ཀ་ཡང་བསྐྱར་དར་རྒྱས”ཀྱི་བསམ་བློ་དང་སྲིད་ཇུས་འོག་ཨ་རིར་གསོན་ཤུགས་རྒྱས་ནས་ལོ་རབས་དགུ་བཅུའི་ཨ་རིའི་དར་རྒྱས་ཀྱི་རྨང་གཞི་དེ་དུས་བཏང་བར་ངོས་འཛིན་བྱས་ཡོད་ལ། དུས་རབས་ཉེར་གཅིག་པའི་ཨ་རིའི་སྲིད་འཛིན་དང་པོ་རྗོར་རྗི་བྷི་ཞི་ཡིས་ཨ་རི་དང་རྒྱ་ནག་གི་འབྲེལ་བ་དེ “བསྒྲུན་ཟླ་ཡིན་པ་ལས་གྲོགས་པོ་མིན” ཞེས་གཏན་ཁེལ་བྱས། ཡིན་ན་ཡང་སྟབས་མ་ལེགས་པར་བྷེན་ལ་ཌེན་གྱིས་འཇིགས་སྐུལ་དྲག་སྤྱོད་ཀྱིས་ཡོད་ཚད་ཀྱི་ཁ་ལོ་བསྒྱུར་བ་རེད། ལོ་བཅུ་དྲུག་ཕྱིན་པའི་དེ་རིང་སྤྱི་མཐུན་ཚོགས་པའི་སྲིད་འཛིན་དགྲ་ནོན་ཁྲོ་འབར་གྱིས་ཡང་བསྐྱར“ཨ་མེ་རི་ཀ་ཡང་བསྐྱར་དར་རྒྱས”ཞེས་སྲིད་ལུགས་གཏན་ཁེལ་བྱས་པ་དེ་ཨ་རིའི་སྤྱི་མཐུན་ཚོགས་པའི་བསམ་བློའི་རྒྱུན་འཛིན་ཞིག་ལས་གསར་གཏོད་ཅིག་མིན། ཁྲོ་འབར་གྱི་ད་བར་གྱི་བྱ་སྤྱོད་ཚང་མ་གོང་ཞུས་རྒྱབ་ལྗོངས་དེའི་འོག་རང་བཞིན་ངང་བྱུང་བ་ཞིག་ལས་ཁོང་གི་དམིགས་བསལ་ཞིག་མིན།
ཨ་རི་གཞུང་དང་ཨ་རི་མི་དམངས་ཀྱིས་རྒྱ་ནག་པེ་ཅིང་ལ “མིན”ཟེར་ཆོག་པའི་གནས་ལུགས་རྒྱུ་མཚན་ཡོད་ལ་ནུས་པའང་ཡོད། ཆབ་སྲིད་ལམ་ལུགས་ཀྱི་ཆ་ནས་རྒྱ་ནག་གིས་འཛམ་གླིང་འཕེལ་ཕྱོགས་དང་སྟུན་ནས་དམངས་གཙོར་ཕྱོགས་རྒྱུའི་རེ་བ་དེ་དེ་རིང་སྟོད་ཟད་དུ་སོང་། དཔལ་འབྱོར་གྱི་ཆ་ནས་རྒྱ་ནག་དེ་ཁྲོམ་རའི་དཔལ་འབྱོར་ཅན་དུ་རིམ་འགྱུར་གྱི་རེ་བའང་སྟོང་ཟད་དུ་སོང་། ཡོངས་ཁྱབ་རིན་ཐང་ལ་བརྩི་བཀུར་བྱེད་རྒྱུའི་རེ་བ་དེ་ཞི་ཏཱ་ཏཱས་གཏོར། ཨ་རིའི་སྲིད་འཛིན་ཟུར་པ་བྷེལ་ཁི་ལིན་ཊིན་གྱིས་མཚོན་པའི་ཨ་རིའི་དམངས་གཙོ་ཚོགས་པའི་དབུ་ཁྲིད་ཚོའི་དང་ཐོག་གི་བྱིས་བློའི་དམིགས་ཡུལ་དེ་དག་ད་ལྟ་རྐང་གཅིག་ཀྱང་དོན་ཐོག་ཏུ་སོང་མེད་པའི་མ་ཚད། རྒྱ་ནག་པེ་ཅིང་གཞུང་གིས་ཧམ་པ་ཆེན་པོས་ངར་ངར་རྫིག་རྫིག་གིས་དམངས་གཙོའི་ལམ་ལུགས་དང་ཡོངས་ཁྱབ་རིན་ཐང་ལ་འཇིགས་སྐུལ་བྱས་དང་བྱེད་ཀྱིན་ཡོད། དཔེ་གཅིག་རང་དྲངས་ན། ལྷོ་རྒྱ་ནག་རྒྱ་མཚོ་ཧྲིལ་བོའི་བདག་དབང་རྒྱ་ནག་ལ་ཡོད་ཅེས་ཁ་ཕོད་བསྒྲགས་པ་ལྟ་བུའོ། མདོར་ན། ལམ་ལུགས་དང་རྣམ་པ། ངོ་བོ་གང་གི་ཆ་ནས་བལྟས་ཀྱང་རྒྱ་ནག་ཇེ་བཟང་ཇེ་ཡག་ཏུ་སོང་མེད་པ་མ་ཟད། ཇེ་སྡུག་ཇེ་རྩུབ་ཏུ་སོང་ཡོད་པས། དེ་ནི་ཨ་རི་གཞུང་དང་མི་དམངས་ཀྱིས “མིན”ཟེར་དོན་གྱི་གནས་ལུགས་དང་རྒྱུ་མཚན་ཡིན།
ནུས་པའི་ཆ་ནས་བཤད་ན། གཙོ་བོ་དེ་དམག་དོན་དང་དཔལ་འབྱོར་གཉིས་ཀའི་ཆ་ཡིན། དམག་གི་ནུས་པའི་ཆ་ནས་རྒྱ་ནག་ད་དུང་ཨ་རིའི་འགྲན་ཡ་མི་ཡོང་བ་གསལ་བོ་ཡིན་པས་གླེང་རིན་ཞིག་མཐོང་མ་སོང་། དཔལ་འབྱོར་གྱི་ཆ་ནས་བཤད་ན། མིང་གིས་ཨ་རྒྱ་གཉིས་འཛམ་གླིང་གི་དཔལ་འབྱོར་གདོས་བཅས་ཨང་དང་པོ་དང་གཉིས་པར་ངོས་འཛིན་བྱས་ཡོད་མོད། འོན་ཀྱང་། འདས་པའི་ལོ་ཤས་ནས་བཟུང་རྒྱ་ནག་གི་དཔལ་འབྱོར་གནས་སྟངས་ཧ་ཅང་ཧ་ཅང་མི་བཟང་པ་དང་། ལྷག་པར་དུ་ན་ནིང་དོ་ཚིགས་སུ་ས་ཞིང་ཁང་པ་ལྦུ་སོབ་ཅན་དང་། སྒོར་མོའི་འཛའ་ཐང་འཕར་བ། ཐོན་རྫས་ལྷག་མ་མང་དྲགས་པ། ཕྱི་ཚོང་དང་ནང་འདྲེན་གཉིས་ཀ་མར་ཆག་པ། ལས་ཀ་མི་རེག་པ་སོགས་གནད་དོན་མང་པོ་ཞིག་མཉམ་དུ་བྱུང་ཡོད། དེ་མིན་གལ་སྲིད་ཨ་རི་དང་རྒྱ་ནག་བར་དཔལ་འབྱོར་ཀོ་ལོང་བྱུང་ཡང་། རྒྱ་ནག་ལ་ལྷག་སོ་མའི་བྱ་རྒྱུ་མེད། ད་ལྟའི་ཉོ་ཚོང་ཁྲོད་རྒྱ་ནག་ནི་ཁེ་རེག་མཁན། ཨ་རི་ནི་གྱོང་རེག་མཁན་ཡིན་པས། ཉོ་ཚོང་གཏོང་མང་ཡོང་ཉུང་གི་ཧེ་བག་དེ་རྒྱ་ནག་གི་ཕྱོགས་ན་ཡོད། གོང་ནས་ཞུས་པ་ནང་བཞིན་རྒྱ་ནག་རང་གི་དཔལ་འབྱོར་ལ་གནད་དོན་ཆེན་པོ་ཡོད་པའི་དེ་རིང་། རྒྱ་ནག་ལ་ཨ་རིའི་ཁྲོམ་ར་མཁོ་མཁོ་ཞིག་གཞན་སུ་ལའང་མི་མཁོ། དོན་ངོ་མའི་དེ་རིང་གི་རྒྱ་ནག་དེ་ཤོག་བུའི་སྟག་བཞིན་མིང་ཙམ་ལས་ལྷག་མེད།
གཞན་པ་ཞིག་ནི་རྒྱ་ནག་གཞུང་འབྲེལ་སྨྱན་བྱད༼ གོ་ལའི་དུ་བབ ༽ ཟེར་བས་ཨ་རིས་ཐེ་ཝན་བེད་སྤྱོད་གཏོང་ན་ང་ཚོའི་ལག་ནའང་བེད་སྤྱོད་གཏོང་ཆོག་པའི་ཤོ་རྡེལ་ཡོད་ཅེས་འཇིགས་བསྐུལ་ཡོད། ལོ་རབས་དགུ་བཅུའི་ནང་རྒྱ་ནག་ཏུ་རྒྱུགས་ཆེ་བའི་དེབ་ཅིག་གི་ཁ་བྱང་ལ༼ རྒྱ་ནག་གིས་མིན་ཟེར་ཆོག༽ དང་། དེའི་རྗེས་སུ་ཡང་ཁ་བྱང་ལ༼ རྒྱ་ནག་མི་དགའ་བ༽ ལ་སོགས་མི་རིགས་རིང་ལུགས་ཀྱི་བསམ་བློས་འབགས་པས་བརྩམས་ཆོས་འགའ་བསྟུད་མར་ཐོན་ནས་རྒྱ་ནག་པའི་ཁྲོད་རེ་ཞིག་ལ་འུར་ཟིང་གིས་ཁེངས། ཡིན་ན་ཡང་། རྒྱ་ནག་གིས་ག་དུས་ཨ་རི་ལ་རྒྱབ་སྐྱོར་བྱས་མྱོང་ངམ། ག་དུས “ཡིན”ཟེར་མྱོང་ངམ། མཉམ་འབྲེལ་རྒྱལ་ཚོགས་ནང་ནས་རྒྱལ་སྤྱིའི་རང་བཞིན་ཅན་གྱི་ཚོགས་འདུ་ཆེ་མ་ཆུང་གསུམ་དུ། ག་དུས་ཡིན་ཡང་ཨ་རི་ལ་ཁ་གཏད་བྱེད་མཁན་དེ་རྒྱ་ནག་ཡིན། འོ་ན་ཕཱ་རི་སའི་གནམ་གཤིས་འགྱུར་ལྡོག་གྲོས་ཆོད་ལ་རྒྱ་ནག་གི་རྒྱབ་སྐྱོར་བྱས་པ་མ་རེད་དམ་ཟེར་ན། དེ་ནི་རྒྱ་ནག་ཀྲུང་ཡོན་ས་ཆེན་ཀྱི་ཆུ་ཡོད་ཚད་དུག་ཆུ། སྔོ་ཚལ་དང་འབྲུ་རིགས་ཡོད་ཚད་དུག་ཅན། ཐ་ན་སྲོག་འཛིན་མཁའ་དབུགས་ཀྱང་དུག་ཅན་དུ་གྱུར་བའི་དུས་དེ་རིང་རྒྱ་ནག་གིས་གཞི་ནས་གྲོས་ཆོད་དེ་ལ་མོས་པ་བྱས་པ་དང་། དེ་ནི་ཅི་བྱ་གཏོལ་མེད་དུ་སོང་ནས་མི་མོས་རང་མོས་བྱེད་དགོས་ཐུག་པ་རེད།
ཨ་རི་ལས་དྲིན་ཆེན་ཞིག་རྒྱ་ནག་གིས་ས་ཡི་གོ་ལ་ཧྲིལ་བོ་ནས་བཙལ་ཡང་མི་རྙེད་ཀྱང་རྒྱ་ནག་གཞུང་དམངས་གཉིས་ཀ་ཨ་རི་ལ་སྡང་སྡང་ཞིག་འཛམ་གླིང་ཧྲིལ་བོར་བཙལ་ཡང་མི་རྙེད། ཡ་མཚན་པ་ཞིག་ནི་རྒྱ་གཞུང་གི་དཔོན་རིགས་ཚོའི་བུ་ཕྲུག་དང་ནང་མི། ཕྱུག་བདག་ཚོའི་བུ་ཕྲུག་དང་ནང་མི། ད་དུང་འབྱོར་འབྲིང་གྲལ་རིམ་གྱི་བུ་ཕྲུག་དང་ནང་མི་ཡང་ཨ་རིར་བསྐྱལ་དང་བསྐྱལ་འཆར་ཡོད། དེ་ནི་དགའ་ནས་བསྐྱལ་བ་ལས་མ་དགའ་བར་བསྐྱལ་བ་ཡིན་རྒྱུ་མ་རེད་བསམ་བྱུང་། སྤྱིར་ན་གལ་ཏེ་སྲིད་པའི་དབང་དུ་སོང་ན་རྒྱ་ནག་པ་དུང་ཕྱུར་བཅུ་གསུམ་ཚང་མ་ཨ་མེ་རི་ཀར་གཞི་སྤོ་འདོད་ཡོད། དགའ་སྡང་འདྲེས་མའི་རྒྱ་ནག་པའི་སེམས་ཁམས་དེ་ཇི་ལྟར་བྱུང་ཚུལ་སེམས་ཁམས་རིག་པ་བ་སུ་གཅིག་གིས་ཀྱང་ལན་རྙེད་མེད།
འོ་ན། རྒྱ་ནག་པ་ཚོ་དགའ་བའི་དུས་ཞིག་ནམ་ཡིན་ཞེ་ན། དེ་ནི་བྷེན་ལ་ཌེན་གྱིས་འཇིགས་སྐུལ་དྲག་སྤྱོད་སྤེལ་ནས་དོན་མེད་འགྲོ་བ་སྟོང་གསུམ་ཙམ་འཛམ་གླིང་ཉོ་ཚོང་ཐོག་ཁང་ཆ་དང་མཉམ་དུ་དུར་ལ་བཅུག་དུས་རྒྱ་ནག་གཞུང་དམངས་གཉིས་ལ་དགའ་ཡོད། ཨ་རིའི་དཔལ་འབྱོར་ལ་གོད་ཆག་བྱུང་དུས་རྒྱ་ནག་གཞུང་དམངས་གཉིས་ཀ་དགའ་ཡོད། ཨ་རིའི་ལྷོ་ཁའི་གྲོང་ཁྱེར་ཁག་ལ་དྲག་པོའི་མཚོ་རླུང་གིས་གནོད་འཚེ་ཐེབས་དུས་རྒྱ་ནག་གཞུང་དམངས་ཉིས་ཀ་དགའ་ཡོད། མདོར་ན་ཨ་རི་ལ་གོད་ཆག་རིགས་བྱུང་དུས་ནི་རྒྱ་ནག་པའི་ངོ་ན་འཛུམ་ཡོད་དུས་དང་ཁ་ན་དགོད་སྒྲ་ཡོད་དུས་ཡིན། གཞན་གྱི་སྡུག་བསྡལ་རང་གི་དགའ་སྣང་བྱེད་སྲོལ་དེ་ནི་རྒྱ་ནག་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན་ན། ཅི་འདྲའི་རིགས་ཚོགས་མཚར་པོ་ཞིག
མཇུག་ཏུ་སྐུ་ཞབས་ཁྲོ་འབར་གྱི་འདུ་ཤེས་འཛིན་སྟངས་ཀྱི་ཆ་ནས་ཅུང་ཞིག་གླེང་ན། བདམས་ཐོན་སྲིད་འཛིན་ཁྲོ་འབར་ལ་འགྲིག་ཆགས་ཅིང་གཏིང་ཟབ་པའི་ཆབ་སྲིད་ཀྱི་འདུ་ཤེས་འཛིན་སྟངས་ཤིག་མེད་ཀྱང་སྲིད། ཁོང་ནི་ལོ་བདུན་ཅུའི་རིང་ཚོང་དོན་གཉེར་བ་ལས་ཆབ་སྲིད་ཀྱི་ལས་གཉེར་མྱོང་མེད། ཡིན་ན་ཡང་། ཆབ་སྲིད་ཀྱི་འདུ་ཤེས་མེད་པ་དེ་སྐྲག་དགོས་ས་ཞིག་མིན། ད་བར་དུ་བྱོན་པའི་ཨ་རིའི་སྲིད་འཛིན ༤༥ ཚང་མའི་ཁྲོད་ཐམས་ཅད་མཁྱེན་པ་གཅིག་ཀྱང་མེད། ཁོང་ཚོ་རྟེན་ས་དེ་སོ་སོའི་ཉམས་མྱོང་དང་རྣམ་དཔྱོད་ལས་གཞན་མདུན་ན་འདོན་ནམ་རིགས་གཅིག་རྐང་འཛིན་པས་གྲུབ་པའི་བློ་འདོན་པ་དག་ཡིན། ཨ་རིའི་སྤྱི་མཐུན་ཚོགས་པ་ནི་མཁས་མཛངས་ཤེས་འཇོན་ལྡན་པའི་མི་སྣས་རབ་ཏུ་ཕྱུག་པའི་ཚོགས་པ་ཞིག་ཡིན་པས་བརྒྱ་དགོས་ན་བརྒྱ་དང་སྟོང་དགོས་ན་སྟོང་ཡོད་པས། ཐུགས་ཁུར་ཁྱོན་ནས་གནང་མི་དགོས། གཉིས་པ་དེ་ཨ་རི་ནི་དམངས་གཙོའི་ཀ་བ་གསུམ་གྱིས་གྲུབ་པའི་དམངས་གཙོའི་སྤྱི་ཚོགས་ཤིག་ཡིན་པས་སྲིད་འཛིན་གྱིས་ཅི་དྲན་པ་དེ་བྱས་ཆོག་ཆོག་ཅིག་མིན་པས། དེའི་ཐད་ཀྱང་ཐུགས་ཁུར་ཁྱོན་ནས་གནང་མི་དགོས།
དོ་སྣང་བྱེད་དགོས་ས་གཙོ་བོ་ཞིག་ནི་ཉེ་ལམ་སྐུ་ཞབས་ཁྲོ་འབར་གྱི་ཊི་ཝེ་ཊིར་བརྒྱུད་ཡོངས་ཁྱབ་ཏུ་བཀྲམས་པའི་ལྟ་སྤྱོད་ནང་བཞིན་རྒྱ་ནག་ལ་འགྲན་པའི་ཆེད་དུ་འགྲན་རྒྱུའི་རིག་ལམ་དང་། དཔལ་འབྱོར་གྱི་ཁེ་བཟང་ཁོ་ནར་དམིགས་ནས་ལས་དོན་སྒྲུབ་པའི་བསམ་བློ་དེ་དོར་ན། རྒྱ་ནག་གི་ངོ་བོ་དང་རང་བཞིན། བྱེད་ལས། འཐབ་ཇུས། དམིགས་ཡུལ་སོགས་ཕྱོགས་ཐམས་ཅད་ནས་ཤེས་རྒྱུ་དེ་གལ་ཆེན་པོ་རེད། དེ་འདྲ་སོང་ན་ད་གཟོད་རྒྱ་ནག་ཐད་དགོས་དབང་ལ་གཞིག་པའི་སྲིད་ཇུས་རིགས་གཏན་འབེབ་བྱེད་ཐུབ་ལ། ད་གཟོད་ཕུགས་རྒྱང་རིང་པོར་ཕན་ཐོགས་ཡོད།
གཞན་ཞིག་ནི། ཨ་རིའི་སྲིད་འཛིན་དུ་སུ་གདམ་ཡང་དུས་རབས་གོ་འབྱེད་ཀྱི་དུས་ཤིག་ལ་བསླེབས་ཟིན་པས། རྒྱ་ནག་ཐད་ཀྱི་སྲིད་ཇུས་ལ་འགྱུར་བ་ཐེབས་ངེས་ཡིན། ཨ་རྒྱའི་བར་གྱི་འབྲེལ་བ་དེ་ཉུང་མཐའ་ཡང་སྲིད་འཛིན་ཟུར་པ་བྷེལ་ཁི་ལིན་ཊིན་ནས་བཟུང “བསྒྲུན་ཟླ་དང་མཉམ་ལས་ཟུང་འབྲེལ”གྱི་སྲིད་ལུགས་ཤིག་བཟུང་འདུག་ཀྱང་། དོན་གྱིས་མཉམ་ལས་བྱས་པ་མང་ཞིང་བསྒྲུན་ཟླར་ལངས་པ་ཤིན་ཏུ་ཉུང་། དེ་རིང་བསྒྲུན་ཟླར་ལངས་རྒྱུ་རིམ་བཞིན་ཇེ་མང་དུ་འགྲོ་བའི་དུས་རབས་གསར་བ་ཞིག་སྐུ་ཞབས་དགྲ་ནོན་ཁྲོ་འབར་ནས་མགོ་རྩོམ་རྒྱུ་ཡིན་པ་རང་བཞིན་ངང་གིས་གྲུབ་འདུག་ན། དེ་ནི་མི་སེམས་དང་མཐུན་པ། འགྲོ་ལུགས་དང་མཐུན་པ། ཨ་རིའི་ཁེ་ཕན་དང་མཐུན་པ་ཞིག་ཡིན་པས། འགྲོ་བ་དུང་ཕྱུར་བདུན་ཅུའི་དྲན་སྣང་གི་ཚོར་སྣང་གི་མཐོང་སྣང་གི་ཨ་མེ་རི་ཀ་དེ་སླར་ཡང་གཟི་བརྗིད་ཀྱིས་ས་ཡི་གོ་ལའི་སྟེང་བསྒྲེང་ངེས་ཡིན།