ཞིན་ཅང་ཁར་ཁི་ཞིར་དྲག་པོའི་འཇབ་རྒོལ།

04xinjiang-master1050
ཡུ་གུར་བའི་རྒྱལ་ས་ཨོ་རོམ་ཆི།

རྒྱ་ནག་གཞུང་འབྲེལ་སྨྱན་བྱད་ཁག་གི་གནས་ཚུལ་ལྟར་ན། ཤར་ཏིར་ཀི་སི་ཐན་ནམ་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ནུབ་རྒྱུད་ཧོ་ཐེན་ཁུལ་ཁར་ཁི་ཞིའམ་མུའུ་ཡས་རྫོང་སྲིད་གཞུང་ལ་མི་གསུམ་གྱིས་འཇབ་རྒོལ་བྱས་པའི་དོན་རྐྱེན་ཞིག་བྱུང་ནས་དོན་རྐྱེན་ཁྲོད་མི་ལྔ་ཤི་ཡོད་པ་རེད། དོན་རྐྱེན་གྱི་རྗེས་སུ་ཡུ་གུར་བ ༣༠ ལྷག་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག

རྒྱ་ནག་གཞུང་གིས་སྤྱི་ཟླ ༡༢ ཚེས ༢༨ རེས་གཟའ་ལྷག་པོའི་ཉིན་བྱུང་བའི་དོན་རྐྱེན་དེའི་ངོ་བོ་འཇིགས་སྐུལ་དྲག་སྤྱོད་པར་ངོས་འཛིན་བྱས་འདུག
རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ལས་ཁང་གི་གནས་ཚུལ་ལ་གཞིགས་ན། འཇབ་རྒོལ་བས་ལག་ཏུ་གྲི་དང་འབོམ་བཟུང་ནས་ཧོ་ཐེན་ཁུལ་མུའུ་ཡས་རྫོང་སྲིད་གཞུང་གི་ར་སྐོར་ནང་ཤོར་ཡོང་ནས་འཇབ་རྒོལ་བྱས་ཏེ་སྐབས་དེར་གཞུང་གི་དཔོན་པོ་ཞིག་དང་བདེ་སྲུང་པ་གཅིག་བཅས་མི་གཉིས་བསད་པ་དང་། ཉེན་རྟོག་པས་དྲག་པོའི་འཇབ་རྒོལ་བ་མི་གསུམ་པོ་སྐབས་དེར་ས་དེ་གར་བསད་ཡོད་པ་རེད།

དེ་ནི་ཤར་ཏིར་ཀི་སི་ཐན་ནམ་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སུ་བྱུང་བའི་དོན་རྐྱེན་གསར་ཤོས་དེ་ཡིན། ཡུ་གུར་རང་སྐྱོང་ལྗོངས་སུ་དབང་བསྒྱུར་རྒྱ་ནག་གཞུང་དང་ས་གནས་ཡུ་གུར་མི་རིགས་བར་དུས་ཡུན་རིང་པོ་ནས་མི་འཆམ་པ་དང་། ལྷག་པར་དུ་འདས་པའི་ལོ་ཤས་ནས་འགལ་བ་ཇེ་ཆེ་ཇེ་དྲག་ཏུ་སོང་ཡོད། ཡུ་གུར་མི་རིགས་ནི་ཤར་ཏི་ཀི་སི་ཐན་གྱི་གདོད་མའི་མི་རིགས་ཡིན་པ་དང་། ཁོང་ཚོ་ཕལ་མོ་ཆེ་ཁ་ཆེའི་སྟོན་པ་མོ་ཧན་མུ་དྷེ་ཡི་རྗེས་འཇུག་པ་ཡིན། ཞིན་ཅིང་གི་ས་རྒྱ་དང་བསྡུར་ན་ཡུ་གུར་མི་རིགས་ཀྱི་མི་གྲངས་ཉུང་ཉུང་ཡིན་ཞིང་། བོད་དང་། ཐ་ཇེ་ཁི་སི་ཐན། ཀེར་གྷེ་སི་ཐན། ཧ་སག་སི་ཐན། ཨུ་རུ་སུ། སོག་པོ་བཅས་དང་ས་འབྲེལ་ཡོད་པ་རེད།

གཞི་རྩའི་ཆ་ནས་རྒྱ་ནག་གཞུང་གིས་ཞིན་ཅང་ས་ཁུལ་ལ་དམ་དྲག་ནན་མོ་བྱས་ཡོད་སྟབས། ཁུལ་དེ་རུ་གནས་ཚུལ་ཅི་ཞིག་བྱུང་ཡོད་མིན་ཕྱི་རོལ་ཡུལ་གྱིས་ཤིན་ཏུ་ཤེས་དཀའ། ཟླ་བ་མང་པོའི་སྔོན་ཞིག་ལ་རྒྱ་ནག་གཞུང་གིས་ཞིན་ཅང་ས་ཁུལ་དུ་དོན་དག་བྱུང་རབས་ཀྱི་གནས་ཚུལ་ཞིག་ཐོན་ཡང་ནམ་རྒྱུན་ནང་བཞིན་ཞིབ་ཆ་ཤེས་ཐབས་བྱུང་མེད།

འདས་པའི་ལོ་ཤས་སུ། རྒྱ་ནག་གཞུང་གིས་ཁ་ཆེ་ཐལ་དྲག་རིག་ལུགས་ཞེས་པར་ཁ་གཏད་པའི་དྲག་པོའི་ལས་འགུལ་རབ་དང་རིམ་པ་སྤེལ་དང་སྤེལ་མུས་སུ་ཡིན་ཞིང་། ད་དུང་ཞིན་ཅང་ཁ་བྲལ་རིང་ལུགས་པ་དང་རྒྱལ་ཁབ་ཕྱི་རོལ་གྱི་བསྟན་སྲུང་སྒྲིག་འཛུགས་ལག་འབྲེལ་གྱིས་རྒྱ་ནག་ནང་འཇིགས་སྐུལ་དྲག་སྤྱོད་ཀྱི་འཇབ་རྒོལ་རིགས་སྤེལ་གྱིན་ཡོད་ལུགས་ཉེན་བརྡ་བཏང་ཡོད།

ཡིན་ན་ཡང་། ཞིན་ཅང་ས་ཁུལ་གྱི་ཡུ་གུར་མི་རིགས་ཀྱིས་རྒྱ་ནག་གཞུང་གི་བཤད་ཚུལ་དེ་ངོས་ལེན་མེད་ལ། ས་ཁུལ་དེ་གའི་ཁ་ཆེ་ཡུ་གུར་མི་རིགས་ལ་གཉའ་གནོན་གྱི་སྲིད་ཇུས་དང་། སྨྲ་བརྗོད་རང་དབང་དང་ཆོས་ལུགས་དད་མོས་རང་དབང་ལ་རྩིས་མེད་རྡོལ་རོལ་རིགས་གྱི་སྲིད་ཇུས་ནི་ངོ་རྒོལ་ལངས་རྐྱེན་གཙོ་བོ་དེ་ཡིན་པར་ངོས་འཛིན་བྱས་འདུག

ཞིན་ཧྭ་གསར་ལས་ཁང་གིས་གནས་ཚུལ་འདི་གཏོང་སྐབས་རྒྱ་ནག་སྤྱི་བདེ་ལྷན་ཁང་གི་གསལ་བསྒྲགས་ཤིག་ལུང་དྲངས་ཡོད་ན་ཡང་། འཇབ་རྒོལ་པའི་རིགས་རུས་དང་མིང་སོགས་གསལ་ཁ་བཏོན་མེད། ས་གནས་གཞུང་གིས་འཇབ་རྒོལ་བ་དེ་དག་ནི་གཏུམ་གཅོད་པ་རེད་ཞེས་ལས་སླ་བོའི་ངང་འགྲེལ་བཤད་བྱས་འདུག

འོན་ཀྱང་། ཡུ་གུར་མི་རིགས་ཀྱི་ཐོབ་ཐང་རྩོད་མཁན་ཚོས་རྒྱ་ནག་གཞུང་གི་བཤད་སྟངས་དེར་དོགས་པ་ཟོས་ཡོད།

འཇར་མི་ནེའི་མོ་ཉས་ཁི་ན་ཡོད་པའི་འཛམ་གླིང་ཡུ་གུར་བའི་འཐུས་མི་ཚོགས་ཆེན་གྱི་མགྲིན་ཚབ་པ་སྐུ་ཞབས་ཏེལ་ཞ་ཐི རི་ཞི་ཐི་ལགས་ཀྱིས་དོན་རྐྱེན་བྱུང་དོན་དང་དོན་རྐྱེན་ཁྲོད་རྐྱེན་འདས་སུ་སོང་བའི་མིའི་གྲངས་ཀ་བཅས་ལ་དོགས་པ་ཆེན་པོ་ཡོད། དོགས་པ་ཡོད་དོན་ནི་རྒྱ་ནག་གཞུང་གིས་དོན་རྐྱེན་གྱི་བྱུང་རབས་དང་དེའི་སྐབས་ཀྱི་གནས་ཚུལ་ཁ་གསལ་གཅིག་ཀྱང་བྱས་མེད་པས། རྒྱ་ནག་གཞུང་གི་བཤད་སྟངས་ཙམ་ལ་མི་སུ་གཅིག་གིས་ཀྱང་ཡིད་ཆེས་བྱེད་དཀའ་ཞེས་བརྗོད་འདུག

དེ་བཞིན་སྐུ་ཞབས་ཏེལ་ཞ་ཐི་ཡིས་ས་གནས་ཡུ་གུར་མི་དམངས་ཀྱི་མཁོ་སྤྲོད་བྱས་པའི་གནས་ཚུལ་ལུང་དྲངས་ནས། དོན་རྐྱེན་དེ་བྱུང་རྗེས། རྒྱ་ནག་གཞུང་གིས་མུའུ་ཡས་རྫོང་དུ་མི ༢༠ ལྷག་འཛིན་བཟུང་བྱས་ཡོད་ཚུལ་བཤད་འདུག

ཨེ་ཞི་ཡ་རང་དབང་རླུང་འཕྲིན་ཁང་གི་ཡུ་གུར་སྡེ་ཚན་གྱིས་ས་གནས་ཡུ་གུར་མི་དམངས་དང་འབྲེལ་ཡོད་སྡེ་ཚན་ནས་རྒྱུས་ལོན་བྱས་པའི་གནས་ཚུལ་ལྟར་ན། དྲག་པོའི་འཇབ་རྒོལ་བ་གསུམ་ནི་ཡུ་གུར་བ་ཡིན་པ་དང་། ཁོང་ཚོ་ནི་བུ་སྤུན་གཉིས་ཏེ་ལོ་ན ༣༤ ཅན་གྱི་ཏོ་ཥི་ཏེ་མེ་མེ་ཐི ཐོར་སུན་ནེ་ཡ་ཙི་དང་། ལོ ༣༢ ཅན་གྱི་ནོར་མེ་མེ་ཐི ཐོར་སུན་མེ་ཡ་ཙི། གཞན་པ་དེ་ལོ ༢༣ ཅན་གྱི་འ་བྷི་ལེ་ཏེབ་ཕུ མེ་ཏི་ཁོར་བྷན་བཅས་ཡིན་པ་དང་། ད་བར་དུ་རྒྱ་ནག་གཞུང་གིས་དོན་རྐྱེན་དེ་དང་འབྲེལ་བ་ཡོད་ལུགས་ལ་བསྙད་ན་ཡུ་གུར་བ ༣༤ འཛིན་བཟུང་དང་བཀག་ཉར་བྱས་འདུག

ཡིན་ན་ཡང་རྒྱ་ནག་གཞུང་གིས་དེའི་ཐད་འབྲེལ་བཤད་ད་བར་དུ་གང་ཡང་བྱས་མི་འདུག

རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ལས་ཁང་གི་གནས་ཚུལ་ནང་། སྤྱི་ཚེས ༢༨ རེས་གཟས་ལྷག་པའི་ཕྱི་དྲོའི་དུས་ཚོད་ལྔ་ཡས་མས་སུ། མི་འགའ་རླངས་འཁོར་ལས་བབས་མ་ཐག གྲི་བཟུང་ནས་སྲིད་གཞུང་གི་ལས་བྱེད་མི་སྣར་འཇབ་རྒོལ་བྱས་པ་དང་། དེ་ནས་འབོམ་བཀད་ལུགས་བཀོད་འདུག ཞིན་ཧྭའི་གནས་ཚུལ་ནང་རྒྱ་ནག་གཞུང་གི་དཔོན་པོ་ཞིག་དང་བདེ་སྲུང་མི་སྣ་གཅིག་བཅས་མི་གཉིས་དོན་རྐྱེན་ཁྲོད་ཤི་བ་དང་། གཞན་མི་གསུམ་ལ་རྨས་སྐྱོན་ཕོག་ཡོད་པ་རེད།
འདས་པའི་ལོ་ཤས་ནས་བཟུང་། ཤར་ཏི་ཀི་སི་ཐན་ནམ་ཞིན་ཅང་ས་ཁུལ་དུ་དྲག་པོའི་དོན་རྐྱེན་བསྟུད་མར་བྱུང་ཞིང་། འགལ་ཟླ་གཙོ་བོ་བྱུང་ཡུལ་དེ་མང་ཆེ་བ་རྒྱ་རིགས་ཀྱི་དཔོན་པོ་ཡིན་པའི་ས་གནས་གཞུང་དང་གདོད་མའི་མི་རིགས་ཡུ་གུར་མི་རིགས་བར་བྱུང་གིན་ཡོད། ༢༠༠༩ ལོའི་བདུན་ལྔ་ཨོ་རོམ་ཆི་དོན་རྐྱེན་ནས་བཟུང་ད་བར་དུ་མི་བརྒྱ་ཕྲག་མང་པོ་དྲག་པོའི་དོན་རྐྱེན་ཁྲོད་རྐྱེན་འདས་སུ་སོང་ཡོད།

རྒྱ་ནག་གཞུང་གིས་ཡུ་གུར་བའི་ལག་ནས་ཕྱི་བསྐྱོད་ལམ་ཡིག་གཞུང་བཞེས་དང་། ཁ་ཆེའི་སྨྱུང་གནས་བཀད་འགོག་སོགས་བརྒྱུད་ནས་ས་གནས་ཡུལ་མིའི་རྒྱུན་ལྡན་གྱི་འཚོ་བར་བཏང་འཛིན་ནན་མོ་བྱེད་ཀྱིན་ཡོད།

རྒྱ་ནག་གི་སྤྱི་ཚོགས་འབྲེལ་འདྲིས་སྨྱན་བྱད་ཁག་ཏུ། མི་མང་པོ་ཞིག་གིས་གཞུང་གིས་འགལ་རྐྱེན་སེལ་ཐབས་ལ་བསྟོད་བསྔགས་བྱས་ཡོད་པ་དང་། མི་ཤིན་ཏུ་ཉུང་ཉུང་ཞིག་གིས་རྒྱ་ནག་ནང་ཁུལ་གྱི་མི་རིགས་བར་གྱི་འགལ་ཟླའི་གནས་སྟངས་ལ་སེམས་ཁུར་གནང་འདུག