རྟ་རྒྱུགས་ཆུ་རྩོད། བོད་གློག་ཕྱི་ཚོང་།

རྩོམ་པ་པོ། ཝང་ཝི་ལུའོ། བོད་འགྱུར། འབྲོག་མྱི།

མཆན། སྐུ་ཞབས་ཝང་ཝི་ལུའོ (王维洛) ནི་ཆུ་བེད་བཟོ་སྐྲུན་ཆེད་མཁས་པ་དང་། བཟོ་བཀོད་རིག་པའི་འབུམ་རམས་པ། རྒྱ་ནག་དང་བོད་ཀྱི་ཆུ་བེད་དང་ཁོར་ཡུག་སྐོར་ལ་དཔྱད་གཏམ་མོད་པོ་འབྲི་མཁན། དེང་གི་རྒྱ་ནག་གི་ཆུ་བེད་དང་ཁོར་ཡུག་ཐད་ཚད་འཛིན་སའི་མང་གྲགས་ཅན་གྱི་ཆེད་མཁས་པ་ཞིག་རེད། རྒྱུན་དུ་བཞུགས་གནས་ཡོ་རོབ་འཇར་མིན་རེད།

Screen Shot 2017-01-15 at 15.11.26.pngཡར་ཀླུང་གཙང་པོ་ནི་བོད་རང་སྐྱོང་ལྗོངས་མངའ་ཁོངས་ཀྱི་ཆུ་བོ་ཆེ་ཤོས་དེ་ཡིན་ལ། འཛམ་བུ་གླིང་དུ་ས་བབ་མཐོ་ཤོས་ཀྱི་གཙང་པོ་དེའང་ཡིན། འབྲི་ཆུ་དང་རྨ་ཆུ་ནང་བཞིན། ཡར་ཀླུང་གཙང་པོ་ནི་བོད་ཀྱི་དཔལ་ཡོན་གྱི་འབྱུང་གནས་དང་མ་ཡུམ་གཙང་པོ་ཡིན། ཡར་ཀླུང་གཙང་པོའི་སྐྱེ་ཁམས་མ་ལག་དེ་འབྲི་ཆུ་ལས་ཀྱང་དམིགས་བསལ་ཆེ་བ་དང་གནོད་འཚེ་ཕོག་སླ་བས། ཡར་ཀླུང་གཙང་པོ་གསར་སྤེལ་དགེ་བེད་ལེན་པའི་ལས་གཞི་དེ་འབྲི་ཆུ་གསར་སྤེལ་ལས་གནོད་འཚེ་ལྡབ་འགྱུར་གྱིས་ཆེ་བ་ཡོད།  

གཅིག འབྲི་ཆུ་གསར་སྤེལ་ལས་ཀྱང་སྨྱོ་ཧམ་ཆེ་བའི་ཡར་ཀླུང་གཙང་པོ་གསར་སྤེལ།

༡༩༩༢ ལོར་རྒྱ་ནག་རྒྱལ་ཡོངས་དམངས་ཆེན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ལྷན་ཁང་གིས་འབྲི་ཆུ་འགག་གསུམ་གསར་སྤེལ་བྱ་རྒྱུའི་གྲོས་གཞི་ལ་ཆོག་མཆན་བཀོད་ཅིང་། ༡༩༩༤ ལོར་འབྲི་ཆུ་འགག་གསུམ་གྱི་བཟོ་སྐྲུན་མགོ་ཚུགས་ནས། འབྲི་ཆུ་གསར་སྤེལ་ཆེན་མོ་དངོས་སུ་མགོ་བརྩམས། ༢༠༠༡ ལོའི་ཟླ ༣ པའི་ནང་། སྐབས་དེའི་སི་ཁྲོན་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་ཀྲུག་ཡོང་ཁང(周永康)གིས་ཙི་ཕེང་ཕུ(紫坪铺)ཆུ་རགས་ཆེན་མོའི་བཟོ་བཀོད་ཀྱི་ལས་མགོ་བརྩམས་པ་སྦྲགས་ནུབ་རྒྱུད་ཆུ་གློག་དགེ་བེད་གསར་སྤེལ་གྱི་དུང་བརྡ་བརྒྱབས་པ་རེད། དུས་དེ་རིང་ལྷང་ལྷང་གི་དུང་སྒྲ་དེ་ད་དུང་ཡང་འཇགས་མེད། ཚོད་དཔག་ཅིག་བྱས་ན། ༢༠༣༠ ལོའི་སྔོན་དུ་བོད་ཕུད་པའི་རྒྱ་ནག་ནང་ཁུལ་གྱི་ཆུ་གློག་ཐོན་ཁུངས་ཡོད་དོ་ཅོག་གསར་སྤེལ་བྱས་ནས་རྫོགས་འགྲོ།

ཡར་ཀླུང་གཙང་པོའི་ཆུ་གློག་ཐོན་ཁུངས་ཀྱི་གསར་སྤེལ་དེ་རིག་གསར་སྔོན་གྱི་སྤྱི་ལོ ༡༩༥༨ ལོ་ནས་མགོ་ཚུགས་ཡོད་མོད། འོན་ཀྱང་ལག་རྩལ་གྱི་ཞན་ཆའི་དབང་གིས་གནས་སྐབས་རིང་ལུས་པ་རེད། ༡༩༨༦ ལོར། རྒྱ་ནག་དབུས་གཞུང་གིས་ཡར་ཀླུང་གཙང་པོའི་འཁྲིས་ཀྱི་ཡར་འབྲོག་གཡུ་མཚོའི་ཆུ་གློག་ས་ཚིགས་དེ་ལག་སྐྱེས་ཤིག་གི་ཚུལ་དུ་བོད་རང་སྐྱོང་ལྗོངས་སྲིད་གཞུང་ལ་ཕུལ་ནས། ཡང་བསྐྱར་གསར་སྤེལ་བྱ་ཆེད་འགག་གནད་ལས་འགྲོལ་ཐབས་བྱས། ཡིན་ན་ཡང་། འཛུགས་སྐྲུན་རྣམ་གྲངས་དེར་ཀུན་གཟིགས་པན་ཆེན་རིན་པོ་ཆེ་མཆོག་དང་ང་ཕོད་ངག་དབང་འཇིགས་མེད་སོགས་བོད་རིགས་དབུ་ཁྲིད་ཚོས་ངོ་རྒོལ་མཐའ་གཅིག་ཏུ་བྱས་རྐྱེན་ལམ་ལྷོང་བྱུང་མེད།

༢༠༡༠ ལོར། ཡར་ཀླུང་གཙང་པོའི་ཆུ་གློག་གསར་སྤེལ་གྱི་འཆར་གཞི་ཡང་བསྐྱར་ལག་ལེན་དུ་བསྟར་མགོ་ཚུགས། ༢༠༡༤ལོར། ཡར་ཀླུང་གཙང་པོའི་ཆུ་གཞུང་གི་ཆུ་གློག་ཆུ་རགས་ཆེ་ཤོས་རྫམ་ཆུ་རགས་ཆེན་མོ་འགྲུབ་ནས་གློག་འདོན་གྱི་ལས་མགོ་བརྩམས། དོན་དངོས་སུ་ཡར་ཀླུང་གཙང་པོ་གསར་སྤེལ་དེ་འབྲི་ཆུ་གསར་སྤེལ་ལས་ཀྱང་སྨྱོ་ཧམ་ཆེ་ཞིང་། སྐྱེ་ཁམས་ཁོར་ཡུག་དང་རིག་གཞུང་མཇུག་འབྲས་ལ་དེ་བས་ཀྱང་བསམ་མནོ་བཏང་མེད།

གཉིས། སྤྱི་ལེ ༣༠འི་ནང་ཚུན། ཆུ་རགས་གྲངས་ལྔ་བསྐྲུན་ཡོད། རགས་ཀྱི་མཐོ་ཚད་ལ་ནི།

གོམ་པ་བརྒྱ་ལས་བརྒལ་སོང་། མཇུག་འབྲས་མི་བསམ་རང་བསམ།  

ཡར་ཀླུང་གཙང་པོ་ནི་བོད་ལྗོངས་མངའ་ཁོངས་ཀྱི་ཆུ་བོ་ཆེ་ཤོས་དེ་ཡིན་ལ། འཛམ་གླིང་ཁྱོན་ཡོངས་སུ་ས་བབ་མཐོ་ཤོས་ན་བཞུར་བའི་གཙང་པོ་ཆེ་ཤོས་ཀྱི་གྲས་ཀྱང་ཡིན།  འབྲི་ཆུ་དང་རྨ་ཆུ་ནང་བཞིན། ཡར་ཀླུང་གཙང་པོ་ནི་བོད་ཀྱི་དཔལ་ཡོན་གྱི་འབྱུང་གནས་དང་མ་ཡུམ་གཙང་པོ་ཡིན།

ད་ལྟའི་ཆར། ཡར་ཀླུང་གཙང་པོའི་ཆུ་གློག་གསར་སྤེལ་དེ་གཙང་པོ་དེའི་གཙང་དཀྱིལ་དུ་འདུས་ཡོད། དེ་དང་ཆབས་ཅིག་ཡར་ཀླུང་གཙང་པོའི་ཀྱོག་ཆེན་དུ་འཛམ་གླིང་སྟེང་གི་ཆུ་གློག་ཆུ་རགས་ཆེ་ཤོས་དེ་བསྐྲུན་རྒྱུའི་སྔོན་འགྲོའི་ལས་གཞི་ལ་གྲ་སྒྲིག་བྱེད་མུས་སུ་རེད།

རྫམ་ཆུ་གློག་ཁང་ནི་ཡར་ཀླུང་གཙང་པོའི་ཆུ་གཞུང་གི་གཙང་དཀྱིལ་དུ་འཆར་བཀོད་དང་ཡང་ན་སྐྲུན་བཞིན་པའི་ཆུ་རགས་བརྒྱད ༼ ལ་ལས་བཅུ་གཅིག་ཟེར༽   ཀྱི་ནང་གི་གཅིག་རེད། གཞན་རྣམས་ནི། སྦ་ཡུལ་ཆུ་གློག་ཁང་། ཏཱ་གུ(大古དུང་དོར་མིན་ནམ་སྙམ།)ཆུ་གློག་ཁང་། ཇེས་ཞུ(街需)ཆུ་གློག་ཁང་། རྒྱ་ཚ་ཆུ་གློག་ཁང་། གླིང་མདའ་ཆུ་གློག་ཁང་། སྒྲོམ་མདའ་ཆུ་གློག་ཁང་། སྣང་ཆུ་གློག་ཁང་བཅས་རེད། རྟ་རྒྱུགས་ཆུ་རྩོད་གྱི་དུས་རབས་ལོ་ཤས་སྔོན་ནས་བརྩམས་ཡོད་ལ། ཆུ་གློག་ཁང་ཆེན་པོ་བརྒྱད་ཀྱི་ཁོངས་ཀྱི་སྔ་མ་ལྔ་དེ་ཧྭ་ནེང(华能)གློག་ཤུགས་ཚོགས་ཁག་ལ་གཏོགས་པ་དང་། གཱི་ཀྲུག(葛洲)ཚོགས་ཁག་དང་དྲག་ཆས་ཉེན་རྟོག་ཆུ་གློག་རུ་ཁག་གིས་འགན་ལེན་འཛུགས་སྐྲུན་བྱས་ཡོད་པ་དང་། ཕྱི་མ་གསུམ་དེ་གོའུ་ཏེན(国电)ཚོགས་ཁག་དང་དྲག་ཆས་ཉེན་རྟོག་ཆུ་གློག་རུ་ཁག་གི་འགན་ལེན་འཛུགས་སྐྲུན་བྱེད་ཀྱིན་ཡོད།

ཧྭ་ནེང་ཚོགས་ཁག་གིས་ཡར་ཀླུང་གཙང་པོའི་ཆུ་གཞུང་གི་གཙང་དཀྱིལ་ས་ཁུལ་ཁག་ཏུ་བསྐྲུན་རྒྱུའི་ཆུ་རགས་ཆེན་པོ་ལྔ་ལ་མཚོན་ན། སྔ་གཞུག་གི་བར་ཐག་ན་སྤྱི་ལེ ༣༧ ལས་མེད་པ་དང་། སྦ་ཡུལ་ཆུ་རགས་ཆེན་མོ་དང་ཏཱ་གུ་ཆུ་རགས་ཆེན་མོ་གཉིས་ཀྱི་བར་ན་སྤྱི་ལེ ༨ དང་། ཏཱ་གུ་ཆུ་རགས་ཆེན་མོ་དང་ཇེས་ཞུ་ཆུ་རགས་ཆེན་མོའི་བར་སྤྱི་ལེ ༧ ། ཇེ་ཞུ་ཆུ་རགས་ཆེན་མོ་དང་རྫམ་ཆུ་གློག་ཁང་གི་བར་སྤྱི་ལེ ༡༠། རྫམ་ཆུ་གློག་ཁང་དང་རྒྱ་ཚ་ཆུ་རགས་ཆེན་མོའི་བར་སྤྱི་ལེ ༡༡ དང་ཕྱེད་ཀ་ལས་མེད། ཆུ་རགས་འཛུགས་སྐྲུན་སྟུག་ཚད་ཐད་ནས་བཤད་ན། འཛམ་གླིང་སྟེང་གི་གཙང་པོ་ཆེན་པོ་མཐའ་དག་དང་བསྡུར་ན། ཡར་ཀླུང་གཙང་པོ་ནི་ཆུ་གཞུང་དུ་ཆུ་རགས་འཛུགས་སྐྲུན་བྱས་པའི་སྟུག་ཚད་ཧ་ཅང་མཐུག་པོའི་གཙང་པོ་དེ་རེད།

སྦ་ཡུལ་ཆུ་རགས་སུ་ཆུ་བསྐྱིལ་བའི་མཐོ་ཚད་ལ་གོམ་པ ༩༥དང་། ཇེས་ཞུ་ཆུ་རགས་སུ་ཆུ་བསྐྱིལ་བའི་མཐོ་ཚད་ལ་གོམ་པ ༡༡༧། རྫམ་ཆུ་གློག་ཁང་དུ་ཆུ་བསྐྱིལ་བའི་མཐོ་ཚད་ལ་གོམ་པ་༡༡༦། རྒྱ་ཚ་ཆུ་རགས་སུ་ཆུ་བསྐྱིལ་བའི་མཐོ་ཚད་ད་དུང་གཏན་འབེབ་བྱས་མི་འདུག ཆུ་རགས་ཆེན་པོ་དེ་ལྔ་བོའི་མཐོ་ཚད་ཕྱོགས་གཅིག་ཏུ་བསྡོམས་ན་མཐོ་ཚད་ལ་གོམ་པ ༥༠༠ བརྒལ་ཡོད། ཆུ་གཞུང་སྤྱི་ལེ ༣༧ གྱི་ནང་ཚུན་དུ་ཆུའི་མཐོ་ཚད་ལ་གོམ་པ་བརྒྱ་བརྒལ་བའི་ཆུ་རགས་ཆེན་མོ་ལྔ་བསྟུད་མར་བསྐྲུན་རྒྱུ་དང་། ཁྱོན་བསྡོམས་པའི་མཐོ་ཚད་དེ་གོམ་པ ༥༠༠ ལས་བརྒལ་ཡོད་པས། དེ་ནི་འཛམ་གློང་ཁྱོན་ཡོངས་ཀྱི་ལོ་རྒྱུས་སུ་བྱུང་མ་མྱོང་བ་ཞིག་རེད།

གསུམ། མེ་ཏོག་ཆུ་རགས་ཆེན་མོ།

རྒྱ་ནག་གི་བཟོ་བཀོད་པ་ཚོར་མཚོན་ན། མེ་ཏོག་ཆུ་རགས་ཆེན་མོ་ནི་འབྲི་ཆུ་འགག་སྒོའི་ཆུ་རགས་ལས་ཀྱང་མཛེས་ཤིང་ལྟ་ན་སྡུག་པའི་སྨོན་འདུན་དེ་ཡིན། ཁོང་ཚོའི་བཤད་སྟངས་ལྟར་ན། རྫམ་ཆུ་གློག་ཁང་དེ་ཡར་ཀླུང་གཙང་པོ་གསར་སྤེལ་གྱི་བསྟན་བཅོས་དེའི་མཆོད་བརྗོད་ལྟ་བུ་ཞིག་རེད།

རྒྱ་ནག་གི་སྨྱན་བྱད་ཁག་གི་གནས་ཚུལ་ལ་གཞིགས་ན། ཡར་ཀླུང་གཙང་པོའི་ཀྱོག་ཆེན་ནི་འཛམ་གླིང་སྟེང་ཆེས་གཏིང་ཟབ་པ། ཆེས་རིང་པའི་གྲོག་རོང་དེ་ཡིན་ལ། གྲོག་རོང་གི་སྟོད་དེ་བོད་ལྗོངས་སྨན་གླིང་རྫོང་རྟ་ཐོག་ཁ་གྲོང་ཚོ༼   ས་བབ་གོམ་པ ༢༨༨༠༽  ནས། ལྷོ་སྣེ་མེ་ཏོག་རྫོང་པཱ་ཞི་ཁ་གྲོང་ཚོ༼    ས་བབ་གོམ་པ ༡༡༥༽   བར་དུ་སྤྱིའི་རིང་ཚད་ལ་སྤྱི་ལེ ༥༠༥ ཡོད་ཅིང་། གཏིང་ཟབ་ཤོས་དེ་གོམ་པ ༦༠༠༩ ཡོད་པ་རེད། ཡར་ཀླུང་གཙང་པོའི་ཆུ་ཤུགས་ཐོན་ཁུངས་ཀྱི་གསོག་ཚད་ལ་སྟོང་ཝྭ་ཁྲི ༧༩༠༠ ལྷག་ཡོད་པར་ངོས་འཛིན་བྱས་ཡོད། དེའི་ཁྲོད་དུ་ཀྱོག་ཆེན་གྲོག་རོང་གིས་ཡར་ཀླུང་གཙང་པོའི་ཆུ་ཤུགས་ཐོན་ཁུངས་ཀྱི་སུམ་ཆའི་གཉིས་ཡན་ཟིན་ཡོད། འཆར་གཞི་ལྟར་ན་ཀྱོག་ཆེན་ཁུལ་དུ་ཆུ་གློག་ཁང་གསར་བསྐྲུན་བྱེད་རྒྱུ་ཡིན་པ་དང་། བོངས་ཚད་སྟོང་ཝྭ་ཁྲི ༤༠༠༠ ནས ༥༠༠༠ ཅན་གྱི་འཕྲུལ་འཁོར་འཛུགས་འཆར་ཡོད་ཅིང་། དེ་ནི་འབྲི་ཆུ་འགག་གསུམ་ཆུ་བེད་ལྟེ་བའི་ལྡབ་གཉིས་དང་ཡང་ན་ལྡབ་གཉིས་དང་ཕྱེད་ཀའི་གཞི་ཁྱོན་ཡིན་པ་རེད།  མ་འོངས་པའི་དུས་ཡུན་ཤིན་ཏུ་རིང་པོ་ཞིག་ལ་དེ་ལྟ་བུའི་ཆུ་གློག་འཕྲུལ་ཆས་གཞི་ཁྱོན་ལས་བརྒལ་མི་ནུས། ད་ལྟའི་ཆར་འབྲི་ཆུ་འགག་གསུམ་ཚོགས་ཁག་དང་། ཧྭ་ནེང་ཚོགས་ཁག་ཁེ་ལས་ཁང་སོགས་མེ་ཏོག་རྫོང་ཁོངས་སུ་སོང་ནས་སྔོན་འགྲོའི་ལས་གཞི་གྲ་སྒྲིག་བྱས་དང་བྱེད་མུས་སུ་ཡོད། དེའི་ནང་དུ ༢༠༡༠ ལོ་ནས ༢༠༡༣ ལོར། འབྲི་ཆུ་འགག་གསུམ་ཚོགས་ཁག་གི་དབུས་ལས་ཁང་དང་དེ་བཞིན་གཤམ་འོག་གི་འབྲི་ཆུ་གློག་ཤུགས་ཀྱིས་བོད་ལྗོངས་ལ་རོགས་རམ་འཛུགས་སྐྲུན་སོགས་རྣམ་གྲངས་བཞི་ཁས་བླངས་ཡོད་ཅིང་། སྒོར་མོ ༧༨༧༣༣༢༠༠ ཞལ་འདེབས་གནང་བ་དང་། ༢༠༡༣ ལོར་སྒོར ༣༥༠༠༠༠༠༠ ཞལ་འདེབས་སུ་ཕུལ་ཡོད་པ་རེད། སྔོན་འགྲོའི་མ་རྩ་བཙུགས་ཟིན་པས། ཁེ་བཟང་ཞིག་ངེས་པར་དུ་ཡོང་དགོས་ཀྱིན་ཡོད་པས། མདའ་མོ་ལྟོང་ཁར་སྤྲད་ཟིན་པས་མི་འཕེན་ལས་ཀྱི་རང་འཕེན་ཡིན།

རྒྱ་ནག་གི་སྨྱན་བྱད་ཁག་གི་ངོས་འཛིན་བྱས་པའི་རྒྱ་ནག་གི་གནད་དོན་ཆེ་ཤོས་ནི། མེ་ཏོག་རྫོང་པཱ་ཞི་ཁ་གྲོང་ཚོ་ཟེར་བ་དེ་རྒྱ་ནག་གི་དོན་དངོས་བདག་དབང་བཏང་འཛིན་འོག་མེད་པ་དང་། ས་ཁུལ་དེ་ལྷོ་ཁ་ས་ཁུལ་དུ་ཡོད་ཅིང་། ས་ཁུལ་དེ་དག་གི་དོན་དངོས་བཏང་འཛིན་བྱེད་མཁན་རྒྱ་གར་ཡིན། རྒྱ་ནག་གཞུང་གིས་གཏན་འབེབས་བྱེད་ཆོག་པའི་ཆུ་རགས་ཀྱི་ས་ཚིགས་དེ་རྒྱ་གར་གྱི་བཏང་འཛིན་འོག་ཡོད་པའི་ས་ཁུལ་ཡིན་མི་རུང་ལ། དེ་ངེས་པར་དུ་རྒྱ་ནག་རང་གི་བཏང་འཛིན་འོག་ཡོད་པའི་ས་ཁུལ་ནང་ཡིན་དགོས། གཅིག་བགྱིས་ན་རྒྱ་ནག་དང་རྒྱ་གར་གྱི་བཏང་འཛིན་ས་ཁུལ་གྱི་འགྲམ་ཡིན་ཡང་སྲིད། ཡིན་ན་ཡང་། དམག་དོན་ཐད་ནས་བཤད་ན། དེ་ནི་བདེ་འཇགས་ཤིག་མིན།

བཞི། ཡར་ཀླུང་གཙང་པོའི་ཆུ་ལག་ཁག་གསར་སྤེལ།

ཡར་ཀླུང་གཙང་པོའི་ཆུ་གཞུང་སྟེང་གི་གསར་སྤེལ་ཆེ་རིགས་ཁག་ལས་གཞན། ཡར་ཀླུང་གཙང་པོའི་ཆུ་ལག་ཁག་གི་སྟེང་དུའང་རྔམ་བརྗིད་ཆེ་བའི་དགེ་བེད་གསར་སྤེལ་འཆར་གཞི་སྤེལ་གྱིན་ཡོད། སྐུ་ཞབས་ཡཱང་ཡོན(扬勇)གྱིས་མཁོ་སྤྲོད་བྱས་པའི་ཡིག་ཆར་གཞིགས་ན། ཆུ་ལག་ཁག་ཏུ་བསྐྲུན་རྒྱུའི་གསར་སྤེལ་གྱི་འཆར་གཞི་གཤམ་གསལ།
ཡིད་འོང་གཙང་པོ། སྟོང་ཝྭ་ཁྲི ༢༨།
ཕར་ལུང་གཙང་པོ། སྟོང་ཝྭ་ཁྲི ༡༩།
ཉང་ཆུ། སྟོང་ཝྭ་ཁྲི ༣༠། དེའི་ནང་དུ་དཔའ་གསུམ་མཚོ་རུ་ཆུ་རགས་ཆེན་མོ་གསུམ་བསྐྲུན་པ་ཐེ་ཡོད། ༼    སྟོང་ཝྭ་ཁྲི ༡༠ ༽
ཨོ་ཁ་ཆུ། ཆུ་རགས་གསུམ། ཁྱོན་བསྡོམས་པའི་སྟོང་ཝྭ་ཁྲི ༥།
སྐྱིད་ཆུ། སྟོང་ཝྭ་ཁྲི ༢༠། དེའི་ནང་དུ་སྟོང་ཝྭ་ཁྲི ༡༠ ཅན་གྱི་འབྲི་གུང་ཆུ་གློག་ཁང་བསྐྲུན་ཟིན་པ་རེད།
མྱང་ཆུ། སྟོང་ཝྭ་ཁྲི ༣༠།
མདོག་གཞུང་གཙང་པོ། སྟོང་ཝྭ་ཁྲི ༦༠།
གམ་པ་རྫོང་གདིང་སྐྱེས་དང་བུམ་ཆུའི་བར། སྟོང་ཝྭ་ཁྲི ༢༠༠།
རྫ་ཡུལ་ཆུ་བོ། སྟོང་ཝྭ་ཁྲི ༡༥༠ཉེ་བ།
ཆུ་བོ་ཆུང་ཆུང་བྲག་ཆུ༼    ཉང་ཆུའི་ཆུ་ལག་ཞིག༽  གི་སྟེང་དུའང་ཆུ་རགས་བདུན་འཛུགས་སྐྲུན་བྱེད་འཆར་ཡོད་པ་རེད།

རྒྱ་ནག་ནང་ཁུལ་གྱི་ཡར་ཀླུང་གཙང་པོའི་ཆུ་གློག་གསར་སྤེལ་འཆར་གཞིའི་སྤྱིའི་གློག་འདོན་བོངས་ཚད་ནི་སྟོང་ཝྭ་ཁྲི ༦༥༠༠ ནས ༨༠༠༠རེད། བོངས་ཚད་དེ་འབྲི་ཆུ་འགག་གསུམ་ཆུ་རགས་ཆེན་མོ་བཞིའི་གཞི་ཁྱོན་དང་མཉམ་པའི་བཟོ་བཀོད་ཞིག་རེད།

ལྔ། ཡར་ཀླུང་གཙང་པོའི་ཆུ་བེད་གསར་སྤེལ་པའི་དམིགས་ཡུལ།

ཡར་ཀླུང་གཙང་པོའི་ཆུ་བེད་གསར་སྤེལ་གྱི་དམིགས་ཡུལ་གཙོ་བོ་ཞིག་ནི་བོད་གློག་ཕྱི་ཚོང་གི་དམིགས་ཡུལ་ཁོ་ན་ཡིན།

བོད་དབུས་མཐོ་སྒང་དུ་ཕུན་སུམ་ཚོགས་པའི་ཆུ་ཤུགས་ཐོན་ཁོངས་ཡོད་པ་ལས་གཞན། ཉི་མའི་འགྱེད་འཕྲོའི་ཐོན་ཁུངས་ཀྱང་ཕུན་སུམ་ཚོགས་པ་ཡིན། ད་དུང་རླུང་ཤུགས་དང་ས་དྲོད་ཐོན་ཁུངས་ཀྱང་ཡོད། གལ་ཏེ་ས་གནས་བོད་མི་དམངས་ཀྱི་གློག་ཤུགས་དགོས་མཁོ་སྐོང་ཆེད་ཁོ་ན་ཡིན་ཚེ། ཉི་མའི་འགྱེད་འཕྲོའི་ཐོན་ཁུངས་དང་། རླུང་ཤུགས། ས་དྲོད་ཐོན་ཁུངས་སོགས་དམིགས་སུ་བཀར་ནས་སྔོན་དུ་གསར་སྤེལ་དང་བཀོལ་སྤྱོད་བྱེད་འོས། དེ་ལྟར་བྱས་པའི་དགེ་མཚན་ནི་མ་རྩ་ཉུང་ཉུང་ཞིག་བཀོལ་ན་གྲུབ་འབྲས་ཆེན་པོ་ཞིག་རེག་སླ། ལྷག་པར་དུ་བོད་མི་འཚོ་གནས་ཀྱི་ཁྱད་ཆོས་ཏེ་ཁ་འཐོར་ནས་གནས་སྡོད་དང་དུས་ཚིགས་དང་བསྟུན་ནས་རྩྭ་ཆུ་སྙེག་ནས་འགྲོ་བའི་ཁྱད་ཆོས་དང་ཤིན་ཏུ་མཐུན། ཡིན་ན་ཡང་། བོད་རང་སྐྱོང་ལྗོངས་ཀྱི་ད་ལྟའི་གློག་ཤུགས་མཁོ་འདོན་གྱི་སྒྲིག་གཞི་ལ་གཞིགས་ན༼   ༢༠༡༤ལོའི་བར༽   རླུང་ནུས་ལ་བརྟེན་པའི་གློག་ཤུགས་སྟོང་ཝྭ་ཁྲི ༠.༧༥མ་གཏོགས་མེད་ལ། དེས ༠.༤ %ཟིན་ཡོད་པ་དང་། ཉི་འོད་ནུས་པའི་གློག་སྟོང་ཝྭ་ཁྲི ༡༩.༩༠། དེ་ཡིས ༡༡.༧%མ་གཏོགས་ཟིན་མེད། ས་དྲོད་གློག་ཁང་སྟོང་ཝྭ་ཁྲི ༢.༧༠། དེས་༡.༦%ཟིན་ཡོད། དེ་མིན་པའི་གློག་རིགས་སྟོང་ཝྭ་ཁྲི ༡.༦༠། དེས ༡.༠%མ་གཏོགས་ཟིན་མེད། འོན་ཀྱང་། རྡོ་སྣུམ་སྲེག་པའི་མེ་གློག་རིགས་ཏེ་སྐམ་གློག་སྟོང་ཝྭ་ཁྲི ༣༩.༠༠། དེ་ཡིས་༢༣.༠%ཟིན་ཡོད་ལ། གློག་ཤུགས་གཙོ་བོ་དེ་ཆུ་གློག་ཡིན་ཞིང་། དེ་ཡི་བོངས་ཚད་ལ་སྟོང་ཝྭ་ཁྲི ༡༠༥.༧ཡོད་ཅིང། དེ་ཡིས༦༢%ཟིན་འདུག ༢༠༡༤ལོའི་ལོ་མཇུག་བར། བོད་རང་སྐྱོང་ལྗོངས་ཀྱི་གློག་འདོན་སྤྱིའི་བོངས་ཚད་ནི་སྟོང་ཝྭ་ཁྲི ༡༦༩.༦༥ཡིན་པ་དང་། བོངས་ཚད་དེ་དགོས་མཁོ་ལས་ཆེ་བ་ཡིན་པས། ཕྱི་ཕྱོགས་སུ་ཚོང་བསྒྱུར་བྱེད་མགོ་བརྩམས་འདུག མ་འོངས་པར་བོད་རང་སྐྱོང་ལྗོངས་དེ་གློག་ཤུགས་ཕྱི་ཚོང་གི་ལྗོངས་ཆེན་ཞིག་ཏུ་གྱུར་ངེས་ཡིན།

བོད་རིགས་གྲོགས་པོ་ཞིག་གིས་བོད་ཁུལ་གྱི་གློག་གི་དངོས་ཡོད་གནས་སྟངས་འགྲེལ་བརྗོད་ལྟར་ན། ལྷ་ས་ཐེ་བའི་བོད་ལྗོངས་ཀྱི་ས་ཁུལ་མང་པོ་ཞིག་ཏུ་དུས་རྟག་ཏུ་གློག་ཆད་པའི་གནས་ཚུལ་བྱུང་གིན་ཡོད། ཡིན་ན་ཡང་། དེ་ནི་གློག་ཤུགས་ཀྱིས་མ་འདང་པར་བྱུང་བ་ཞིག་མིན་ལ། དེ་ནི་གློག་ཤུགས་མཁོ་སྤྲོད་སྒེར་སྡོམ་ལས་བྱུང་བ་ཤར་སྟག་རེད། རྒྱལ་གཉེར་གློག་ཤུགས་ཚོགས་ཁག་གིས་ཁོང་ཚོའི་ཁྲོམ་རའི་གོ་ས་དམ་སྲུང་གི་སླད་དང་། སྤྱི་ཚོགས་སྟེང་ཁོང་ཚོའི་སྨྲ་བརྗོད་ཀྱི་དབང་ཆ་དམ་འཛིན་སླད་དུ་བསམ་བཞིན་དུ་གློག་གཅོད་ཀྱིན་ཡོད་ལ། གློག་མི་འདང་པའི་རྣམ་པ་བཟོ་བཞིན་ཡོད་ལ། དེ་ལྟར་བྱས་པར་རྒྱ་ཆེའི་བོད་མི་དམངས་ཀྱིས་ཡར་ཀླུང་གཙང་པོ་གསར་སྤེལ་བེད་སྤྱོད་བྱ་རྒྱུར་ངོ་རྒོལ་རིགས་མི་ཡོང་རྒྱུའི་སླད་ཁོ་ནར་དམིགས་ཡོད། དེ་ནི་འབྲི་ཆུའི་འགག་གསུམ་གྱི་བཟོ་བཀོད་དངོས་སུ་མགོ་མ་ཚུགས་པའི་སྔོན་གྱི་གནས་སྟངས་དང་ཤིན་ཏུ་འདྲ་བོ་རེད། འབྲི་ཆུའི་འགག་གསུམ་གྱི་ཆུ་རགས་རྒྱག་རྒྱུའི་བཟོ་བཀོད་དངོས་སུ་མ་བརྩམ་པའི་སྔོན་དུ། རྒྱ་ནག་ཀྲུང་ཡོན(中原)་ས་ཆེན་ལ་གློག་གིས་མི་འདང་བའི་དཀའ་ངལ་མེད། འགག་གསུམ་བཟོ་བཀོད་འཛུགས་སྐྲུན་གྱི་བརྒྱུད་རིམ་ཁྲོད། ལའེ་ཕེང(李鹏)གིས་ཐབས་བརྒྱ་ཇུས་སྟོང་གིས་ནུས་ཤུགས་ཟད་གྲོན་དུ་འགྲོ་བའི་བཟོ་ལས་ཆེན་པོའི་རིགས་འཕེལ་རྒྱས་བྱས་པ་རེད། དེའི་དམིགས་ཡུལ་ནི་ཟད་གྲོན་ཆེན་པོ་འགྲོ་བའི་བཟོ་ལས་ཆེན་པོ་རིགས་ཀྱིས་འགག་གསུམ་བཟོ་བཀོད་ཀྱི་གློག་ཤུགས་ཟད་གྲོན་བྱ་ཆེད་རེད།

གོང་དུ་ཞུས་པའི་ཡར་ཀླུང་གཙང་པའི་ཆུ་གཞུང་གཙང་དཀྱིལ་གྱི་ཆུ་རགས་ཆེན་པོ་བརྒྱད་ཀྱི་ཁྱོན་བསྡོམས་པའི་འཕྲུལ་ཆས་ཀྱི་བོངས་ཚད་ནི་བོད་རང་སྐྱོང་ལྗོངས་ཡོངས་ཀྱི་འཕྲུལ་ཆས་ཡོང་རྫོགས་ཀྱི་བོངས་ཚད་ལས་ལྡབ་མང་པོ་རེད། དེ་བས་ན། ཡར་ཀླུང་གཙང་པོའི་ཆུ་གློག་གསར་སྤེལ་བེད་སྤྱོད་ཀྱི་དམིགས་ཡུལ་ནི་བོད་གློག་ཕྱི་ཚོང་ཁོ་ནའི་ཆེད་ཡིན་པ་གསལ་བོ་རེད།

དྲུག་པ། ཡར་ཀླུང་གཙང་པོའི་སྟེང་ཆུ་རགས་ཆེན་པོ་སྐྲུན་པའི་ཉེན་ཁ།

མདོ་དབུས་མཐོ་སྒང་ནི་རྟག་པར་ས་འགུལ་རྒྱུག་སའི་ས་ཁུལ་ཞིག་ཡིན། དེ་ལ་ཡོམ་ཚད་ཆེ་ཞིང་། ཁྱབ་རྒྱ་ཆེ་བ། རེབ་ཐེངས་མང་པོའི་ཁྱད་ཆོས་ལྡན་ཡོད།
༡༩༥༠ ལོའི་ཟླ ༨ ཚེས ༡༥ཉིན། རྫ་ཡུལ་མེ་ཏོག་རྫོང་དུ་ཟིན་བྲིས་ཡོད་པ་ལས་མདོ་དབུས་མཐོ་སྒང་སུ་བྱུང་མྱོང་མེད་པའི་ས་འགུལ་ཆེན་པོ་ཞིག་བརྒྱུགས་པ་རེད། ས་འགུལ་དེའི་འགུལ་ཚད་ནི ༨.༦ ཡིན། དེ་ནི་དུས་རབས ༢༠ བའི་ནང་རྒྱ་ནག་ནང་བརྒྱུགས་པའི་ས་འགུལ་ཆེ་ཤོས་དེ་ཡིན། ས་འགུལ་ལྟེ་བ་ཁེལ་ས་དེ་མེ་ཏོག་དང་རི་རྒྱལ་བར་ཡིན་པ་རེད། འགུལ་ཤུགས་ཤིན་ཏུ་དྲག་པའི་ས་འགུལ་གྱིས་སྐད་ཅིག་ཉིད་ལ་ཁང་མིག་ཁྲི་ཕྲག་མང་པོ་གཏོར་བཤིག་དང་མཉམ་དུ་གྲོང་ཁྱེར་དང་གྲོང་ཚོ་སྟོང་ཕྲག་མང་པོ་མཁར་ཤུལ་གྱང་རལ་དུ་གྱུར་ཞིང་།  ས་གཞིར་སེར་ཀ་གས། སའི་གཏིང་ནས་ཆུ་འཕྱུར། གངས་རིར་གངས་རོལ་བརྒྱུགས། འཁྱག་རོམ་དུམ་བུར་གས། རི་ཉིལ་བྲག་ཞིག་ནས་ཡར་ཀླུང་གཙང་པོ་དང་དེ་ཡི་ཆུ་ལག་འགག་ནས་ཡར་ཀླུང་གཙང་པོ་དང་དེ་ཡི་ཆུ་ལག་ཁག་གི་སྟེང་རང་བྱུང་གི་མཚོ་མོ་མང་པོ་འཁྱིལ། སྐབས་ཤིག་ལ་རང་བྱུང་གི་ཆུ་ཀླུང་དེ་དག་ཁ་ཤོར་ནས་ཡར་ཀླུང་གཙང་པོའི་གཙང་སྨད་དུ་ཆུ་ལོག་གི་གནོད་འཚེ་ཚབ་ཆེན་བྱུང་ནས་མི་སྟོང་ཕྲག་ལྔ་ལྷག་གི་འཚེ་སྲོག་ཁྱེར། སྐབས་དེའི་ཡིག་ཆ་ལྟར་ན། རི་ཉིལ་རྡོ་བཤུད་ལས་གྲུབ་པའི་རང་བྱུང་ཆུ་འཁྱིལ་གྱི་མཐོ་ཚད་ལ་གོམ་པ་ལྔ་བཅུ་ལྷག་ཡོད་པ་དང་། གཙང་པོའི་ཞེང་ངོས་དེ་གོམ་པ་ཉི་ཤུ་ནས་བརྒྱད་ཅུ་ལ་འཕར་ཡོད་པ་རེད། ལུང་པ་ཚང་མ་ཆུས་གང་ནས་བོད་ཀྱི་དགོན་སྡེ་མང་པོའང་ཆུས་བསྣུབས་པ་རེད།

ས་གཤིས་རིགས་གཅིག་རྐང་འཛིན་པ་སྐུ་ཞབས་ཡཱང་ཡོན་ལགས་ཀྱིས་བཤད་རྒྱུར། མདོ་དབུས་མཐོ་སྒང་གི་ས་གཤིས་ཀྱི་བྱེད་ལས་ཧ་ཅང་དྲག་པོ་ཡིན་པས་ས་འགུལ་དང་རི་ཉིལ་རྡོ་བཤུད་རིགས་དུས་རྟག་ཏུ་བྱུང་གིན་ཡོད་ལ། ཡར་ཀླུང་གཙོང་པོའི་འགག་འཕྲེང་ཆེན་མོ་ད་དུང་ཡང་གྲུབ་བཞིན་པའི་སྒང་ཡིན་ལ། ཞིབ་འཇུག་ལས་ཤེས་པ་ཞིག་ནི། རི་ཉིལ་རྡོ་བཤུད་བརྒྱ་ཕྲག་མང་པོའི་རྐྱེན་གྱིས་མ་འོངས་པར་ས་འགུལ་གྱི་གནོན་འཚེ་བསྟུད་མར་བྱུང་སྲིད་པ་རེད་ཟེར།

དུས་རབས ༢༠ ལོ་རབས ༥༠སྟོད་དུ། ཚད་རིམ་བརྒྱད་ཅན་གྱི་ས་འགུལ་ཞིག་གིས་རི་ཉིལ་བྲག་ཞིག་གི་གནོན་འཚེ་ཚབ་ཆེན་བྱུང་ནས་གཙང་པོའི་སྨད་རྒྱུད་དུ་ཆུ་ལོག་རྒྱུན་ཆད་མེད་པར་བྱུང་། ༢༠༠༠ ལོའི་ཟླ ༤པར། སྐུ་ཞབས་ཡཱང་ཡོན་གྱིས་བོད་ལྗོངས་ཡིད་འོང་ཁུལ་དུ་གཞི་རྒྱ་ཆེ་བའི་ས་རོལ་རྡོ་བཤུད་ཞིག་དངོས་སུ་མཐོང་མྱོང་ཞིང་། ས་རོལ་རྡོ་བཤུད་དེས་གཙང་ཆུ་བཀག་སྟབས་དུས་ཡུན་ཐུང་ངུའི་ནང་ཆུ་འཁྱིལ་ཆེན་པོ་ཞིག་ཆགས་པ་དང་། ཆུ་འཁྱིལ་དེ་ཉིན ༦༠ རྗེས་ཁ་ཤོར་ནས་གཙང་འགྲམ་གྱི་ཡུལ་མི་ཁྲི་ཕྲག་མང་པོར་གནོད་འཚེ་ཕོག་པ་དང་འགྲིམ་འགྲུལ་ཆད། གནས་དེ་རུ་དེ་ལྟ་བུའི་རང་བྱུང་གནོད་འཚེ་རྟག་པར་བྱུང་གིན་ཡོད།

༢༠༡༥ལོའི་ཟླ ༤ ཚེས ༢༥ཉིན། བོད་ལྗོངས་ལྷོ་ངོས་ཀྱི་བལ་བོའི་ཡུལ་དུ་ཚད་རིམ ༧.༨ཅན་གྱི་ས་འགུལ་བྱུང་ནས་རྒྱ་ནག་འགག་གསུམ་ཚོགས་ཁག་གིས་བལ་ཡུལ་དུ་བཟོ་སྐྲུན་བྱེད་བཞིན་པའི་ཆུ་མཛོད་ཆུ་རགས་ཚང་མ་སྐད་ཅིག་ཉིད་དུ་གཏོར་བཤིག་བཏང་བ་རེད།

དུས་དེ་རིང་ཡར་ཀླུང་གཙང་པོའི་དཀྱིལ་རྒྱུད་ཀྱི་སྤྱི་ལེ ༣༧ གྱི་ནང་དུ་མཐོ་ཚད་གོམ་པ་བརྒྱ་བརྒལ་བའི་ཆུ་རགས་ཆེན་པོ་ལྔ་གཅིག་གི་རྗེས་ལ་གཅིག་མཐུད་ནས་བསྐྲུན་འཆར་ཡོད་པ་དང་། ཆུ་རགས་དེ་ལྔའི་སྨད་རྒྱུད་ནས་ཡང་དེ་དང་འདྲ་བའི་ཆུ་རགས་ཆེན་པོ་གསུམ་བསྐྲུན་འཆར་རེད། ས་གནས་དེ་དག་ཏུ་ས་འགུལ་ཆེན་པོ་རྒྱུགས་སྲིད་པ་རེད། རི་ཉིལ་རྡོ་བཤུད་ཀྱིས་ཡར་ཀླུང་གཙང་པོའི་བཞུད་རྒྱུད་བཅད་ནས་བཀག་མཚོ་ཆགས་རྒྱུ་དང་། དེ་ནས་ཁ་ཤོར་རྒྱུ། ཡང་ན་ས་འགུལ་གྱི་རྐྱེན་གྱིས་ཆུ་རགས་ལ་གནོན་འཚེ་ཐེབས་ནས་ཆུ་ཁ་ཤོར་ཚེ། དེ་དུས་ཀྱི་ཆུ་རླབས་དེ་གོམ་པ་ལྔ་བཅུ་ཡིན་མི་སྲིད། དེ་མིན་ཡར་ཀླུང་གཙང་པོའི་སྟེང་གི་ཆུ་རགས་ཚང་མ་ཨར་འདམ་གྱིས་བཟོ་བསྐྲུན་བྱས་ཡོད་པས། དེ་ཡི་ས་འགུལ་གྱི་འགུལ་ཤུགས་ཐེག་ནུས་དེ་རྡོ་སྤུངས་ཆུ་རགས་དང་ཨར་འདམ་གཞིའི་དབྱིབས་ཆུ་རགས་ལས་ཀྱང་ཞན་པ་ཡོད།

ཝང་ཀྲོ་ཡིང(王兆印)་སོགས་ཀྱིས ༼    མདོ་དབུས་མཐོ་སྒང—-ཆུ་བོའི་འགྱུར་ལྡོག་དང་སྐྱེ་ཁམས༽   ཞེས་པའི་དེབ་དེའི་ནང་དུ། ཡར་ཀླུང་གཙང་པོའི་གྲོག་རོང་དེ་སའི་ནང་ཟུག་གིན་ཡོད་པས་གཙང་པོ་ཕྱོགས་གཉིས་ཀའི་འགྲམ་ཇེ་མཐོ་ཇེ་གཟར་དུ་འགྲོ་བཞིན་ཡོད། འགྲམ་གཉིས་ཀའི་རིའི་གཟར་ཚད་ནི་ཏུའུ ༣༠ ཡིན་པས། རི་ཉིལ་རྡོ་བཤུད་གྱི་གནས་ནུས་ཡོང་སྲིད་པའི་ཚད་ཇེ་མཐོར་ཕྱིན་ཡོད་པ་རེད། ཅེས་བཀོད་འདུག

རྫམ་ཆུ་གློག་ཁང་གི་གཡོན་ཟུར་ན་གས་རྡིབ་བྱུང་པའི་རི་ཞིག་ཡོད་པ་རེད། ཏཱ་གུ་ཆུ་རགས་བསྐྲུན་ས་དེ་འཁྱགས་རོམ་སྤུངས་པའི་ངོས་སུ་ཁེལ་ཡོད། འཁྱགས་རོམ་སྤུངས་པའི་ཕུང་པོ་དེ་ཧ་ཅང་ཆེན་པོ་ཡིན་པས། གལ་ཏེ་གཡོ་འགུལ་ཅུང་ཞིག་ཐེབས་ཚེ། ཏཱ་གུ་ཆུ་རགས་ཀྱི་ཆགས་འཇིག་དང་ཐད་ཀར་འབྲེལ་བ་ཡོད། ཏཱ་གུ་ཆུ་རགས་ཀྱི་ཆགས་འཇིག་དེ་དེའི་འོག་ན་ཡོད་པའི་ཆུ་རགས་གཞན་པ་དྲུག་གི་ཆགས་འཇིག་དང་ཡང་འབྲེལ་བ་ཡོད། གལ་སྲིད་དེ་འདྲའི་གནས་སྟངས་བྱུང་ཚེ། སྤྱི་ལེ་བཅུ་ཕྲག་འགའི་ནང་དུ་བསྟུད་མར་བསྐྲུན་པའི་ཁྱོན་བསྡོམས་པའི་མཐོ་ཚད་ལ་གོམ་པ ༥༠༠ བརྒལ་བའི་ཆུ་རགས་བདུན་གྱི་ཆགས་འཇིག་ལ་ཐུག་ཡོད་པས། གཏོར་བརླག་གི་ཤེད་ཤུགས་དེ་ཚོད་དཔག་བྱེད་ཐུབ་པ་ཞིག་མིན།

ཡར་ཀླུང་གཙང་པོའི་གཙང་གཞུང་གི་གཙང་དཀྱིལ་དུ་འཆར་བཀོད་ལྟར་འཛུགས་བསྐྲུན་བྱ་རྒྱུའི་ཆུ་གློག་ཆུ་རགས་ཆེན་པོ་བརྒྱད་པོ་དེའི་མཐོ་ཚད་ཁྱོན་དུ་བསྡོམས་ན་གོམ་པ ༥༠༠ ལྷག་ཡོད་པ་དང་། ཆུ་རགས་ནང་ཆུ་གསོག་པ་ཡིས་ཡར་ཀླུང་གཙང་པོའི་གཙང་གཞུང་གི་ཆུའི་ཚད་ཇེ་མཐོར་བཏང་པའི་རྐྱེན་གྱིས། བོད་ལྗོངས་མཐོ་སྒང་གི་གནམ་གཤིས་ལ་འགྱུར་བ་སྔར་ལས་མགྱོགས་པས་ཐེབས་ངེས་ཡིན་པ་དང་། དེ་བཞིན་དུ་རི་བོ་ཇོ་མོ་གླང་མའི་རི་རྒྱུད་གྱི་འཁྱགས་རོམ་ཞུ་ཚད་ཀྱང་ལྡབ་ཀྱིས་ཇེ་མགྱོགས་སུ་འགྲོ་ངེས་ཡིན་པས། དེ་ཡི་རྐྱེན་གྱིས་ཡར་ཀླུང་གཙང་པོའི་རྒྱུད་བྱེ་ཐང་ཅན་དུ་འགྱུར་རྒྱུའི་རྒྱ་ཁྱོན་ཡང་ཇེ་ཆེར་འགྲོ་ངེས་ཡིན།

བདུན། མཇུག་གི་གཏམ།

སྤྱི་ལོ ༢༠༡༦ལོའི་ཟླ ༡ ཚེས ༥ལ། ཞི་ཅིན་ཕེང་གིས་རྒྱ་ནག་ཁྲོན་ཆིན་དུ་བསྐོངས་པའི་འབྲི་ཆུའི་འགྲམ་རྒྱུད་དཔལ་འབྱོར་འཕེལ་རྒྱས་བཞུགས་མོལ་ཚོགས་འདུའི་སྟེང་། འབྲི་ཆུ་ལ་གཞན་དང་མ་འདྲ་བའི་སྐྱེ་ཁམས་མ་ལག་ཡོད་པ་དང་། ད་ལྟ་དང་མ་འོངས་པའི་དུས་ཡུན་ཅུང་རིང་པོ་ཞིག་གི་ནང་དུ། འབྲི་ཆུའི་སྐྱེ་ཁམས་སླར་གསོའི་ལས་དོན་དེ་ཡོད་ཚད་ཀྱི་ཐོག་མར་འཇོག་དགོས་ལ། “སྲུང་སྐྱོབ་ལ་གཙིགས་འཛིན། གསར་སྤེལ་རིགས་མི་བྱེད།” བཅོས་བསྒྱུར་གསར་གཏོད་ཀྱི་ཐབས་ལམ་གསར་བར་བརྟེན་ནས་འབྲི་ཆུའི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་དགོས་ཞེས་ནན་བརྗོད་གནང་ཡོད།

འབྲི་ཆུའི་གསར་སྤེལ་ཆེན་མོ་དེ་སྤྱི་ལོ ༡༩༩༢ ལོའི་འབྲི་ཆུའི་དགག་གསུམ་བཟོ་བཀོད་ནས་མགོ་བརྩམས་ཡོད་པ་དང་། ལོ ༢༤འི་རིང་གི་དངོས་ཡོད་ལག་ལེན་ལས། འབྲི་ཆུ་གསར་སྤེལ་ཆེན་མོའི་ནོར་འཁྲུལ་དང་ཕམ་ཉེས་གང་ཡོད་བདེན་དབང་བྱས་ཡོད་པ་རེད།

ཡར་ཀླུང་གཙང་པོའི་གསར་སྤེལ་ཆེན་མོ་དེ་འབྲི་ཆུའི་གསར་སྤེལ་ཆེན་མོ་ལས་རྦད་དེ་སྨྱོ་ཧམ་ཆེ་བ་ཡོད། ཡར་ཀླུང་གཙང་པོའི་སྐྱེ་ཁམས་དེ་འབྲི་ཆུའི་ལས་ཀྱང་གནོན་འཚེ་ཐེབས་སླ། མི་རྣམས་པས་ད་དུང་ཡང་ལོ་བཅུ་ཕྲག་འགའི་ལག་ལེན་ལས་ཡར་ཀླུང་གཙང་པོའི་གསར་སྤེལ་ཆེན་མོར་སྐྱོན་ཆ་དང་ནོར་འཁྲུལ་ཅི་ཡོད་ལྟ་དགོས་སམ། དུས་དེ་དུས་ད་གཟོད་ཡང་བསྐྱར “སྲུང་སྐྱོབ་གཙིགས་འཛིན། གསར་སྤེལ་རིགས་མི་བྱེད” ཆེས་ལབ་རྒྱུ་ཡིན་ནམ།

Advertisements