རྒྱ་གཞུང་གི་གནོན་ཤུགས་འོག་ཀུ་ཤུས༼ ནིའུ་ཡོག་དུས་བབ༽ ཀྱི་གསར་འགྱུར་ཉེར་སྤྱོད་མཉེན་ཆས་རྒྱ་ནག་ཁུལ་ནས་ཕྱིར་ཕུད་བཏང་འདུག

screen-shot-2017-01-23-at-10-33-23འཛམ་གླིང་ན་སྐད་གྲགས་ཆེ་བའི་ཁེ་ལས་ཁང་ཀུ་ཤུ་ཡིས་རྒྱ་ནག་གཞུང་གི་དམིགས་ཡུལ་ངན་པའི་གནོན་ཤུགས་མ་ཐེག་པར་གཉའ་ཆག་དཔའ་ཞུམ་ནས་རྒྱ་ནག་ཁུལ་གྱི་ཉེར་སྤྱོད་ཚོང་ཁང(App Store)ནས༼ནིའུ་ཡོག་དུས་བབ༽ཀྱི་གསར་འགྱུར་ཉེར་སྤྱོད་མཉེན་ཆས་ཕྱིར་ཕུད་བཏང་འདུག
ཀུ་ཤུ་ཁེ་ལས་ཁང་གི་ཨ་རིའི་གཞུང་དང་རྒྱ་ནག་གཞུང་ཐད་འཛིན་པའི་རྣམ་འགྱུར་རྦད་དེ་ཐ་དད་པ་ཡིན།
༼ནིའུ་ཡོག་དུས་བབ༽   ཀྱིས་སྤྱི་ཟླ ༡ ཚེས ༥ ཉིན་སྤེལ་པའི་གནས་ཚུལ་ནང་། ཟླ་བ་སྔོན་མའི་མཇུག་ཙམ་ལ། ཀུ་ཤུ་ཁེ་ལས་ཁང་གིས་རྒྱ་ནག་གཞུང་གི་རེ་འདུན་ལྟར་ཀུ་ཤུ་ཡི་རྒྱ་ནག་ཁུལ་གྱི་ཉེར་སྤྱོད་ཚོང་ཁང་ལས༼ནིའུ་ཡོག་དུས་བབ༽   ཀྱི་ཉེར་སྤྱོད་མཉེན་ཆས་ཕྱིར་ཕུད་བཏང་འདུག་བཅས་བཀོད་འདུག

ཀུ་ཤུ་ཁེ་ལས་ཁང་གི་བྱ་སྤྱོད་དེས་རྒྱ་ནག་ཏུ་རྒྱ་ཆེ་བའི་ཀློག་པ་པོས་དམིགས་བསལ་གྱི་མཉེན་ཆས་མི་དགོས་པར༼ནིའུ་ཡོག་དུས་བབ༽   ལྟ་ཀློག་གི་ལམ་ཁ་ཧ་ཅང་ཉུང་ཉུང་ཞིག་ཡོད་པའི་ནང་གི་གཅིག་བཀག་པ་རེད། ༢༠༡༢ལོར། ༼ནིའུ་ཡོག་དུས་བབ༽   ཀྱིས་སྐབས་དེའི་རྒྱ་ནག་གི་སྲིད་བློན་ཝིན་ཇ་པའོ་ཡི་ནང་མིའི་རྒྱུ་ནོར་སྐོར་གྱི་རྩོམ་ཡིག་རབ་དང་རིམ་པ་སྤེལ་པར་རྐྱེན་བྱས་ནས། རྒྱ་ནག་གཞུང་གིས ༼ནིའུ་ཡོག་དུས་བབ༽   ཀྱི་དྲྭ་ཚིགས་འགོག་མགོ་བརྩམས་ཤིང་། ཉེ་བའི་ཟླ་ཤས་ནས་བཟུང་། རྒྱ་ནག་གཞུང་གིས་ཡང་ཀློག་པ་པོས ༼ནིའུ་ཡོག་དུས་བབ༽   ཀྱི་རྒྱ་ཡིག་ཉེར་སྤྱོད་མཉེན་ཆས་བཀོལ་སྤྱོད་བྱ་རྒྱུར་འགོག་ཅི་ཐབ་བྱས་དང་བྱེད་ཀྱིནཡོད། དེ་བཞིན་དུ། ཀུ་ཤུ་ཁེ་ལས་ཁང་གིས་སྤྱི་ཟླ ༡༢ ཚེས ༢༣ ཉིན་ནས་བཟུང་། རྒྱ་ནག་ཁུལ་གྱི་ཉེར་སྤྱོད་ཚོང་ཁང་ལས ༼ནིའུ་ཡོག་དུས་བབ༽   ཀྱི་རྒྱ་ཡིག་དང་དབྱིན་ཡིག་གསར་འགྱུར་ཉེར་སྤྱོད་མཉེན་ཆས་ཕྱིར་ཕུད་བཏང་ཡོད་ཀྱང་། ༼དངུལ་རྩིས་དུས་བབ༽ (Financial times)   དང ༼ཝོལ་སྲང་ལམ་ཉིན་རེའི་ཚགས་པར༽   (Wall Street Journal) སོགས་རྒྱལ་སྤྱིའི་དྲྭ་ཚིགས་གཞན་དག་གི་ཉེར་སྤྱོད་མཉེན་ཆས་སོར་འཇོག་བྱས་འདུག

ཀུ་ཤུ་ཁེ་ལས་ཁང་གི་མགྲིན་པ་ལྕམ་ཧྥིར་ཌི སེན་ཙི (Fred Sainz)ལགས་ཀྱིས༼ནིའུ་ཡོག་དུས་བབ༽   ཀྱི་ཉེར་སྤྱོད་མཉེན་ཆས་སྐོར་གླེང་དུས། ང་ཚོར་བརྡ་སྦྱོར་འབྱོར་བ་ལྟར་ན། ཉེར་སྤྱོད་མཉེན་ཆས་དེ་ས་གནས་དེའི་ཁྲིམས་ལུགས་དང་འགལ་ཡོད་པ་འགྲེལ་བརྗོད་བྱས་བྱུང་། རྒྱུ་མཚན་དེར་བརྟེན་ནས། ངེས་པར་དུ་རྒྱ་ནག་ཁུལ་གྱི་ཀུ་ཤུ་ཉེར་སྤྱོད་ཚོང་ཁང(App Store) ལས་ཕྱིར་ཕུད་གཏོང་དགོས་པར་ཐུག་ཅེས་གསལ་བཤད་ཙམ་ལས། ཁྲིམས་ལུགས་ཅི་ཞིག་དང་འགལ་བ་སོགས་ཞིབ་ཕྲ་འགྲེལ་བཤད་གནང་མི་འདུག

ཨ་རིའི་ནིའུ་ཡོག་ན་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་སྐུ་ཞབས་ལིའུ་ཆིན་ལགས་ཀྱིས་ཀུ་ཤུ་ཁེ་ལས་ཁང་གི་ཨ་རིའི་གཞུང་དང་རྒྱ་ནག་གཞུང་ཐད་འཛིན་པའི་རྣམ་འགྱུར་རྦད་དེ་ཐ་དད་པ་རེད་ཅེས་བརྗོད་ཡོད་ལ། དེ་ཡང་ཁོང་གིས། ཨ་རི་དབུས་བརྟག་དཔྱད་ལྷན་ཁང་གིས་མི་གསོད་ལག་དམར་ཞིག་ལ་ཞིབ་བཤེར་བྱེད་ཆེད། ཀུ་ཤུ་ཁེ་ལས་ཁང་གིས་གྱོད་དོན་དེའི་ཞིབ་བཤེར་ལ་རོགས་འདེགས་བྱས་ཏེ་ཉེས་ཅན་མི་སྣ་དེའི་ཀུ་ཤུ་ལག་འཁྱེར་ཁ་པར་གྱི་གསང་སྒོ་འབྱེད་རོགས་གནང་དགོས་པའི་དགོས་འདུན་བཏོན་ཡང་། ཀུ་ཤུ་ཁེ་ལས་ཁང་གིས་རྩ་བ་ཉིད་ནས་དང་ལེན་བྱས་མེད། རང་གི”ལྷ་སྡེ་དང་སྦྱིན་བདག” གི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཆེད་དུ་ཞུམ་མེད་དཔའ་ངར་སྟོན་པའི་ཚུལ་གྱིས་ཨ་རི་གཞུང་གི་རེ་འདུན་ལ་དང་ལེན་བྱས་མེད། ཡིན་ན་ཡང་། རྒྱ་ནག་གཞུང་གི་རེ་འདུན་ལ་ཐུག་དུས་འཆི་བ་མིན་པ་གཞན་ཐམས་ཅད་ཁས་ལེན་བྱེད་ཀྱིན་པ་ལས། ཁེ་བཟང་ཁོ་ནར་རྔམ་པའི་ཚོང་པའི་རང་གཤིས་མངོན་ཡོད། ཅེས་དང་། དེ་མིན་ཡང་ཁོང་གིས། ཀུ་ཤུ་ཁེ་ལས་ཁང་གིས་རྒྱ་ནག་གཞུང་གིས་བཀའ་བཀོད་ལ་ངོ་ལོག་རྒྱག་མི་ཐུབ་པར་རྒྱུན་མཚན་མེད་པ་མིན། ཨ་རི་ནི་ཁྲིམས་ཀྱིས་སྐྱོང་བའི་རྒྱལ་ཁབ་ཅིག་ཡིན་པས་ཁེ་ལས་ཁང་གིས་གཞུང་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཆོག་ལ། དེ་ལྟར་བྱས་ཀྱང་ཁེ་ལས་ཁང་གི་ཚོང་ལས་ལ་གྱོང་མི་རེག དེ་ལས་ལྡོག་ཏེ་རྒྱ་ནག་ཏུ་། གལ་ཏེ་སུ་གང་གིས་རྒྱ་ནག་གཞུང་གི་བཀའ་བཀོད་ལ་མ་ཉན་ཚེ། རྒྱ་ནག་ནང་ཚོང་ལས་གཉེར་ས་ཡེ་ནས་མེད།

༼ནིའུ་ཡོག་དུས་བབ༽  པེ་ཅིང་ཡན་ལག་ཁང་གིས་འགྲེལ་བཤད་ལྟར་ན། རྒྱ་ནག་གཞུང་གིས་གནད་དོན་དེའི་སྐོར་ཁོང་ཚོ་དང་འབྲེལ་བ་བྱས་མེད་པ་དང་། ༼ནིའུ་ཡོག་དུས་བབ༽   ཀྱི་མགྲིན་ཚབ་པ་ཨེ་ལེན མུར་ཧྥེ(Eileen Murphy) ཡིས། ༼ནིའུ་ཡོག་དུས་བབ༽   ཀྱི་ངོས་ནས་ཀུ་ཤུ་ཁེ་ལས་ཁང་གིས་གནད་དོན་དེའི་ཐད་བསྐྱར་ཞིབ་གནང་རྒྱུའི་རེ་འདུན་བཏོན་པ་ཡིན་ཞེས་གསལ་བསྒྲགས་ཤིག་ཏུ་བཀོད་འདུག
དེ་བཞིན་དུ་ཡང༼ནིའུ་ཡོག་དུས་བབ༽   ཀྱི་མགྲིན་ཚབ་པས། རྒྱ་ནག་གཞུང་གིས་ང་ཚོའི་ཉེར་སྤྱོད་མཉེན་ཆས་ཕྱིར་ཕུད་དགོས་པའི་རེ་འདུན་དེ་ནི་རྒྱ་ནག་གཞུང་གིས་རྒྱ་ཆེ་བའི་ཀློག་པ་པོས༼ནིའུ་ཡོག་དུས་བབ༽   ཀྱི་རྒྱ་ནག་སྐོར་གྱི་རང་དབང་གི་གནས་ཚུལ་རིགས་ཀློག་རྒྱུ་འགོག་ཐབས་ཀྱི་ངན་སེམས་ཀྱི་ཆ་ཤས་ཡིན་ལ། གནས་ཚུལ་དེ་དག་དང་འཛམ་གླིང་ས་ཁུལ་དང་རྒྱལ་ཁབ་གཞན་དག་གི་གནས་ཚུལ་དང་ཁྱད་པར་ཅི་ཡང་མེད། ཅེས་འགྲེལ་བརྗོད་གནང་འདུག

དེ་བཞིན་པེ་ཅིང་གི་ཐོབ་ཐང་སྲུང་སྐྱོབ་མཁན་སྐུ་ཞབས་ཧའོ་ཇ་ལགས་ཀྱིས། རྒྱ་ནག་གཞུང་གིས་ཀུ་ཤུ་ཁེ་ལས་ཁང་གིས ༼ནིའུ་ཡོག་དུས་བབ༽   ཀྱི་ཉེར་སྤྱོད་མཉེན་ཆས་ཕྱིར་ཕུད་གཏོང་བ་བརྒྱུད་ནུབ་ཕྱོགས་ཀྱི་ཚགས་པར་དང་དྲྭ་ཚིགས་གཞན་ལ་འཇིགས་སྣང་སྐྱེད་པའི་ནུས་པ་འདོན་ཐབས་རེད་ཅེས་བརྗོད་འདུག དེ་ཡང་ཁོང་གིས། གལ་ཏེ་ཉིད་ཀྱིས་ངའི་ཁ་ལ་མི་ཉན་ན། རྒྱ་ནག་གི་ཚོང་ར་བརླག་འགྲོ་བའི་བརྡ་ལན་ཕྱི་རྒྱལ་གྱི༼དངུལ་རྩིས་དུས་བབ ༽  དང་།  ༼སྲུང་སྐྱོབ་ཚགས་པར༽   ལ་བརྒྱབས་པ་རེད།  ༼ནིའུ་ཡོག་དུས་བབ༽   རྒྱ་ནག་གཞུང་གི་མིག་ནང་གི་ཚེར་མར་གྱུར་བ་དེ་ལས་ཚགས་པར་དེ་ནི་དྲང་བདེན་ལ་ཕྱོགས་ཤིང་གནས་ལུགས་རྩི་བའི་ཚགས་པར་ཞིག་ཡིན་པ་མཚོན་ཡོད། རྒྱ་ནག་གཞུང་གིས་ཇི་ལྟར་བཀག་ཀྱང་ཀློག་པ་པོ་མང་པོ་ཞིག་གིས་ཐབས་བརྒྱ་ཇུས་སྟོང་གིས༼ནིའུ་ཡོག་དུས་བབ༽   ཀློག་གིན་རེད། ཅེས་གསལ་བཤད་བྱས་འདུག

ཀུ་ཤུ་ཁེ་ལས་ཁང་གིས་དེ་སྔོན་ཡང་སྐད་གྲགས་ཆེན་པོ་མིན་པའི་ཉེར་སྤྱོད་མཉེན་ཆས་རིགས་ཕྱིར་ཕུད་གཏོང་མྱོང་ཡོད། ད་བར་དུ་ཀུ་ཤུ་ཁེ་ལས་ཁང་གིས་རྒྱ་ནག་གཞུང་གི་བཀའ་བཀོད་དེ་ཞིབ་དཔྱད་ཇི་ལྟར་བྱས་པ་མི་ཤེས་ཤིང་། དེ་སྔོན་དེ་ལྟ་བུའི་བཀའ་བཀོད་ལ་ངོ་ལོག་བྱས་ཡོད་མིན་ཡང་མི་གསལ།
༼ནིའུ་ཡོག་དུས་བབ༽   ཀྱི་ཉེར་སྤྱོད་མཉེན་ཆས་དེས་ཁྲིམས་འགལ་ཅི་ཞིག་བྱས་པ་དང་། མི་སུ་དང་ནམ་ཞིག་ལ་ཀུ་ཤུ་ཁེ་ལས་ཁང་ལ་འབྲེལ་བ་བྱས་པ། དེ་བཞིན་རྒྱ་ནག་ཁྲིམས་ཁང་གི་ཁྲུན་ཐག་བཅད་ཡོད་མེད་སོགས་ཀུ་ཤུ་ཁེ་ལས་ཁང་གིས་འགྲེལ་བརྗོད་ཅི་ཡང་བྱས་མེད།