སྐྱོན་བརྗོད་བཀག་ཅིང་འགོག་པ། ལོ་རྒྱུས་བསྒྱུར་ཞིང་སྒྱུར་བ།

མཆན:“ཧྥན་སི”-འདི་ཕལ་ཆེར་མིང་ཚིག་གསར་བ་ཞིག་ཡིན་རྒྱུ་རེད་འདོད། སྒྲ་བསྒྱུར་མིང་ཚིག་ཅིག་ཡིན། དབྱིན་སྐད་དུ Fans དང་། རྒྱའི་སྐད་དུའང་སྒྲ་བསྒྱུར་གྱིས 粉丝 ཞེས་བྲིས་འདུག ནང་དོན་ནི། ལས་རྩལ་བ་དང་། གླུ་བ་གླུ་མ། གློག་བརྙན་འཁྲབ་མཁན་ལ་སོགས་ལ་དགའ་མོས་སྐྱེས་ནས་དེའི་རྗེས་སུ་འབྲང་མཁན་ལ་གོ འདི་ལྟ་བུའི་མིང་ཚིག་རིགས་ཐད་ཀར་སྒྲ་བསྒྱུར་བྱས་ན་དགེ་མཚན་ཡོད་པར་འདོད་ནས་དེ་ལྟར་བྱས་པ་ཡིན། གཅིག་བགྱིས་ན་བོད་རང་ལ་མིང་ཚིག་འདི་དང་ནང་དོན་གཅིག་མཚུངས་ཀྱི་ཐ་སྙད་ཡོད་སྲིད། ང་རང་ཐ་སྙད་ལ་རྨོངས་པའི་དབང་གིས་བསྒྱུར་རྒྱུ་ལས་ཐབས་གཞན་བྲལ།

screen-shot-2017-02-06-at-10-07-10
མའོ་ཧྥན་གྱི་ཚོགས།

རིག་གཞུང་པ་སྐུ་ཞབས་ཏེང་ཞིང་ཁྲོ་ཡིས་མའོ་ཙེ་ཏུང་ལ་དགག་རྒྱག་གི་སྨྲ་བརྗོད་སྤེལ་བ་ཙམ་གྱིས་ལས་གནས་ནས་གནས་དབྱུང་བཏང་། གོ་ས་ནས་མར་ལ་ཕབ། དེ་བཞིན་དུ་རྒྱ་ནག་ཧྲི་ཅ་གྲོང་རིག་གནས་རླུང་བརྙན་འཕྲིན་གསར་འགྱུར་པར་སྐྲུན་ཁང་གི་འགན་འཛིན་གཞོན་པ་ཙུ་ཁྲོང་ཥིག་ལགས་ཀྱིས་མའོ་ཡི་རྗེས་མཇུག་པ་མའོ་ཧྥན་གྱི་སྤྱོད་ངན་ལ་སྐྱོན་བརྗོད་ཀྱི་སྨྲ་བ་སྟབས་གཞུང་གིས་རྡུང་རྡེག་བཏང་། དེ་མིན་མིང་གྲགས་ཆེ་བའི་རང་དབང་རིང་ལུགས་པ་སྐུ་ཞབས་མོ་ཡས་ཧྲི་ཡི་དྲྭ་ཚིགས་དང་ཝེ་པའོ་སོགས་ནག་གསུབ་བྱས། རང་དབང་རིང་ལུགས་པ་ཁྲིམས་ལུགས་ཆེད་མཁས་པ་སྐུ་ཞབས་ཥིག་ཝེ་ཧྥང་ལ་མའོ་ཧྥན་གྱིས་རུབ་རྡུང་བྱས། གཞན་ཡང་སྐུ་ཞབས་ཏེང་ཞིང་ཁྲོ་ལ་རྒྱབ་སྐྱོར་མཁན་རྩོམ་པ་པོ་ལུ་ཡང་ལགས་ལ་མའོ་ཙེ་ཏུང་གི་རྗེས་མཇུག་པ་མའོ་ཡི་ཧྥན་སི་ཡིས་གཅར་རྡུང་བྱས་། བརྙན་འཕྲིན་ཁང་གི་ལས་བྱེད་པས་སྐུ་ཞབས་ཏེང་ཞིང་ཁྲོ་ལ་གདུང་སེམས་མཉམ་བསྐྱེད་བྱས་པས་ལས་གནས་ནས་གནས་དབྱུང་བཏང་། དེ་ལྟ་བུའི་རབ་དང་རིམ་པར་བྱུང་བའི་དོན་རྐྱེན་དག་ལ་སེམས་ཁུར་མི་བྱེད་རང་བྱེད་ཡིན་ལ། དེང་སྐབས་རྒྱ་ནག་ནང་དུ་མི་དམངས་རིང་ལུགས་ཀྱི་སྟོབས་ཤུགས་ཉེན་རེར་ཇེ་ཆེ་ཇེ་དྲག་ཏུ་འགྲོ་བཞིན་ཡོད།

ལོ་གསར་བའི་མགོ་བརྩམས་མ་ཐག་ཙམ་ལ། རྒྱ་ནག་ཧྲན་ཏོང་བཟོ་སྐྲུན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཏེང་ཞིང་ཁྲོ་ཡིས་རང་ཉིད་ཀྱི་ཝེ་པའོ་ཡི་སྟེང་མའོ་ཙེ་ཏུང་ལ་སྐྱོན་བརྗོད་ཀྱི་སྨྲ་བ་བརྗོད་པར་བརྟེན། མའོ་ཙེ་ཏུང་གི་རྗེས་མཇུག་པའི་ཚོགས་ཀྱིས་ཁ་རྡུང་དྲག་པོ་བྱས་མཐར། ཧྲན་ཏུང་གི་རྩོམ་པ་པོ་ལུ་ཡང་སོགས་ཀྱིས་ལག་ཏུ “དགེ་རྒན་ཆེན་མོ་ཏེང་ཞིང་ཁྲོ་ཡི་སྨྲ་བརྗོད་རང་དབང་གི་ཐོབ་ཐང་ལ་རྒྱབ་སྐྱོར་ཡོད” ཅེས་བྲིས་པའི་འཕྲད་དར་འཕྱར་ནས་དགེ་རྒན་ཆེན་མོ་ཏེང་ཞིང་ཁྲོ་ལ་རྒྱབ་སྐྱོར་ཁྲོམ་སྐོར་བྱེད་སྐབས། དུས་ཐོག་ས་ཐོག་དེ་ནས་མའོ་ཡི་ཧྥན་སིས་རྩོམ་པ་པོ་ལུ་ཡང་ལ་གཅར་རྡུང་དྲག་པོ་བྱས་པ་རེད།

གསར་འགྱུར་སྨྱན་བྱད་ཁག་གི་གནས་ཚུལ་ལྟར་ན། དྲག་རྒོལ་བ་ཚོས་གདུག་རྩུབ་ཆེན་པོས་དགེ་རྒན་ཆེན་པོ་ཏེང་ཞིང་ཁྲོ་ལ་རྒྱབ་སྐྱོར་བྱེད་མཁན་དག་གི་ཁྲོད་མི་བཅུ་གྲངས་ཤིག་ལ་གཅར་རྡུང་དྲག་པོ་བྱས་ཤིང་། སྐབས་དེར་ཉེན་རྟོག་པ་མང་པོ་ཡོད་ཀྱང་ལྟད་མོ་བའི་ཚུལ་བཟུང་བ་ལས་འོས་འགན་ཁུར་དུ་བླངས་བའི་འགོག་ཐབས་ཅི་ཡང་སྤེལ་མི་འདུག

དེ་བཞིན་དུ་ཨེ་ཞི་ཡ་རང་དབང་རླུང་འཕྲིན་ཁང་གི་གནས་ཚུལ་ལ་གཞིགས་ན། དགེ་རྒན་ཆེན་པོ་ཏེང་ཞིང་ཁྲོ་ཡིས་མའོ་ཙེ་ཏུང་གི་སྐྱོན་བརྗོད་པའི་སྨྲ་བརྗོད་ཝེ་པའོ་སྟེང་སྤེལ་རྗེས། ཧྲན་ཏུང་སློབ་ཆེན་གཞུང་གིས་ཏེང་ཞི་ཁྲོ་ཡི་ལས་མཚམས་བཅད་ནས་རྟོག་ཞིབ་བྱས་ཏེ། འཛིན་སྐྱོང་ཉེས་ཆད་བཅད་པའི་མ་ཚད། ཁྲིམས་སྲོལ་ལྟར་ལས་འཁྱུར་ངལ་གསོ་བྱེད་དགོས་པའི་བཀའ་ཕབ་པ་དང་ཆབས་ཅིག སློབ་ཁྲིད་ཀྱི་བྱ་འགུལ་མཐའ་དག་མཚམས་བཅད་ཡོད་འདུག
དེ་མིན་ཡང་གནས་ཚུལ་ལྟར་ན། ཥིག་ནན་ལུའོ་ཥིག་གྲོང་ཁྱེར་གྱི་བརྙན་འཕྲིན་ཁང་གི་ལས་བྱེད་པ་ཞིག་གིས་རང་ཉིད་ཀྱི་ཝེ་པའོ་བརྒྱུད་དགེ་རྒན་ཆེན་པོ་ཏེང་ཞིང་ཁྲོ་ལ་གདུང་སེམས་མཉམ་བསྐྱེད་དང་སྦྲགས་མའོ་ཡི་རྗེས་མཇུག་མཁན་མའོ་ཧྥན་ལ་སྐྱོན་བརྗོད་བྱས་སྟབས་ལས་ཀ་ནས་གནས་དབྱུང་བཏང་ཡོད་པ་རེད། འབྲེལ་ཡོད་གནས་ཚུལ་ཐད་བརྙན་འཕྲིན་ཁང་དེས་བཏོན་པའི་བརྡ་སྦྱོར་ནང་། ལུའོ་ཥིག་བརྙན་འཕྲིན་ཁང་གི་ལས་བྱེད་པ་ཟུར་བ་ལིའུ་ཡོང་གིས་ལུའོ་ཥིག་བརྙན་འཕྲིན་ཁང་གི་ལས་རིམ་བཟོ་སྒྲིག་པ་ཡིན་མདོག་གིས་ཁོང་རང་ཉིད་ཀྱི་ཝེ་པའོ་སྟེང་ནོར་འཁྲུལ་ཅན་གྱི་སྨྲ་བ་བརྗོད་པ་དེ་ཚུལ་མིན་གྱི་བྱ་སྤྱོད་ཐ་ཤལ་རིགས་ཡིན་པ་མ་ཟད། ཆབ་སྲིད་སྒྲིག་སྲོལ་དང་། ལས་རིགས་ཀྱི་ཀུན་སྤྱོད། སྤྱི་ཚོགས་ཀྱི་སྤྱོད་ལམ་དང་འགལ་བ་ཐལ་དྲགས་པས། ཤུགས་རྐྱེན་ངན་པ་བཞག་ཡོད། ཅེས་བཀོད་འདུག

དོན་རྐྱེན་རབ་དང་རིམ་པ་དེ་དག་ལས་མངོན་པ་ཞིག་ནི། གཞུང་འཛིན་དམར་ཤོག་ཚོགས་པས་ལོ་རྒྱུས་དང་འདུ་ཤེས་འཛིན་སྟངས་ལ་བཏང་འཛིན་ནན་མོ་བྱས་པ་དང་འགྲོས་མཉམ་དུ། མི་དམངས་མི་རིགས་རིང་ལུགས་ཀྱི་ལྡོག་འགྲོའི་སྟོབས་ཤུགས་ཤིག་རྒྱ་ནག་ཡོངས་སུ་ཇེ་ཆེ་ཇེ་དྲག་ཏུ་འཕེལ་གྱིན་ཡོད། རྒྱ་ནག་དེང་གཞུང་གི་ལོ་རྒྱུས་ལ་གོ་བ་ལེན་སྟངས་ལ་དོགས་པ་ཟ་མཁན་ཡོད་དོ་ཅོག་ལ་ལས་རིགས་འཚོ་ཐབས་དང་མཚན་སྙན་ལ་ཉེན་ཁའི་འཇིགས་པ་ཐེབས་ངེས་ཡིན། དེ་ལས་ལྡོག་ཏེ་དེ་ཚོར་སྐོར་རྡུང་བྱེད་མཁན་ཚོ་ལ་གཞུང་གི་མ་རིག་མ་གོ་ཁད་བྱེད་པ་མ་ཟད་ལྐོག་ཏུ་རྒྱབ་སྐྱོར་ཡང་ཡོད།
ཞི་ཅིང་ཕེང་གཞུང་གིས་གཞུང་དང་སྨྲ་གདངས་བརྗོད་ཚུལ་མི་གཅིག་པའི་སྨྲ་བརྗོད་མཐའ་དག་རྩ་མེད་དུ་གཏོང་ཞོར་དུ། མི་དམངས་རིང་ལུགས་དང་བཟོ་བ་གྲལ་རིམ་གྱི་བློ་ཁ་ལ་བཏང་འཛིན་དང་བེད་སྤྱོད། ཡང་དེ་དང་ཆབས་ཅིག་མི་རིགས་རིང་ལུགས་དང་ཕྱི་གཞན་ཟུར་འབུད་རིང་ལུགས་བཅས་མཉམ་གཅིག་ཏུ་སྦྲེལ་གྱིན་ཡོད། དེ་ནི་རྒྱ་ནག་དབང་སྡེམ་རིང་ལུགས་ཀྱི་ཁྱད་འཕགས་ཀྱི་ཁྱད་ཆོས་ཡིན།

རི་འགོག་དམག་འཁྲུག་ལོ ༨ ནས ༡༤རུ་བསྣུར།

ཉེ་ལམ་རྒྱ་ནག་སློབ་གསོ་ལྷན་ཁང་གི་བཀའ་རྒྱའི་ཡིག་ཆ་བཀྲམས་ནས་སློབ་གྲྭ་འབྲིང་རིམ་གྱི་བསླབ་གཞི་བཅོས་སྒྲིག་བྱེད་དགོས་པའི་དགོས་འདུན་བཏོན་ཏེ། དེ་སྔོན་གྱི་ལོ་བརྒྱད་རིང་གི་རི་འགོག་དམག་འཁྲུག་ཅེས་པའི་བཤད་སྲོལ་དེ་ལོ་བཅུ་བཞི་རིང་གི་རི་འགོག་དམག་འཁྲུག་ཏུ་བཅོས་བསྒྱུར་བྱེད་དགོས་ལུགས་བཀའ་ཁྱབ་བཏང་འདུག ཉི་ཧོང་གི་བཙན་འཛུལ་ལ་འགོག་རྒོལ་འཐབ་རྩོད་ཀྱི་ལོ་རྒྱུས་དེ་གཞི་རྒྱ་ཇེ་རིང་ཇེ་ཆེར་བཏང་བ་བརྒྱུད་དམར་ཤོག་ཚོགས་པའི་རྒྱལ་གཅེས་རྒྱལ་སྐྱོབ་ཀྱི་ལོ་རྒྱུས་ཡག་བཤད་མཛེས་བཟོ་བྱེད་འཆར་ཡིན་པས། དེ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་འཛིན་སྐྱོང་ཁྲིམས་མཐུན་ཡིན་པའི་ཡོང་ཁུངས་གཅིག་པུ་དེ་ཡིན་པས་ཀྱང་རེད།

དགེ་རྒན་ཆེན་པོ་ཏེང་ཞིང་ཁྲོ་མའོ་ཧྥན་གཡོན་ཐལ་པའི་རྒོལ་རྡུང་གི་དམིགས་འབེན་དུ་གྱུར་དོན་ནི། ཁོང་གིས་ལོ་སྔོན་མའི་མཇུག་ཏུ་ཝེ་པའོ་སྟེང་སྤེལ་བའི་དཔྱད་བརྗོད་ཁག་ཅིག་ལ་འབྲེལ་བ་ཡོད།  དེའི་ནང་དཔྱད་བརྗོད་གཅིག་ནི་སྤྱི་ཟླ ༡༢ པའི་ཚེས ༢༦ སྟེ་མའོ་ཙེ་ཏུང་གི་འཁྲུངས་སྐར་ཉིན་ཝེ་པའོ་སྟེང་སྤེལ་འདུག ཝེ་པའོ་སྤེལ་རྩོམ་དེའི་ནང་། “གལ་ཏེ་མའོ་ཙེ་ཏུང ༡༩༤༥ ལོར་ཤི་བ་ཡིན་ན། རྒྱ་ནག་པ་འབུམ་དྲུག་དམག་འཁྲུག་ཁྲོད་འཆི་མི་དགོས། གལ་ཏེ ༥༨ ལོར་ཤི་ཚེ། རྒྱ་ནག་པ་བྱེ་བ་གསུམ་ལྟོག་ཤི་མི་ཐེབས། གལ་ཏེ ༦༦ ལོར་ཤི་ཚེ། རྒྱ་ནག་པ་བྱེ་བ་གཉིས་འཐབ་རྩོད་ཁྲོད་འཆི་མི་དགོས། ༧༦ལོར་ད་གཟོད་ཤི་བ་རེད། ང་ཚོ་ལ་ད་གཟོད་ཁ་ལ་ཟ་རྒྱུ་ཞིག་རེག་པ་རེད། མའོ་ཡི་ཡང་དག་པའི་ལས་ཤིག་ནི། ཤི་བ་དེ་རེད།” ཅེས་བྲིས་འདུག ཡིན་ན་ཡང་། ད་ལྟ་ཏེང་ཞིང་ཁྲོ་ཡི་ཝེ་པའོ་ནག་གསུབ་བྱས་ཟིན་པས་ནོར་འཁྲུལ་གྱི་སྨྲ་བརྗོད་ཟེར་བ་འདི་དག་ཀྱང་མཐོང་ཐབས་མེད།

མའོ་ཧྥན་ཟེར་བ་དེ་ནི་ལས་འཁྱུར་ངལ་གསོ་བ་དང་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་རྒན་པས་གྲུབ་པའི་མའོ་ཙེ་ཏུང་གི་རྗེས་མཇུག་པ་གཡོན་ཐལ་པའི་ཤོག་ཁག་ཅིག་རེད། ད་ལྟའི་ཆར་ཤོག་ཁག་དེས་འདུ་འཛོམས་ཀྱི་ལས་འགུལ་རིགས་བསྟུད་མར་སྤེལ་གྱིན་ཡོད་ལ། མའོ་ཙེ་ཏུང་གི་བཀའ་དྲིན་མངོན་སུམ་གསལ་རྗེན་དུ་འུར་བསྟོད་བྱེད་མུས་སུ་ཡོད། མའོ་ཡི་རྗེས་མཇུག་ཤོག་ཁག་དེས་ནམ་རྒྱུན་མའོ་ཙེ་ཏུང་ལ་དགག་པ་རྒྱག་མཁན་ཐུན་མོང་གི་ཤེས་ལྡན་མི་སྣ་དང་ཡང་ན་དམར་ཤོག་ཚོགས་མི་དག་ལ་དགག་རྒྱག་བྱེད་པ་མ་ཟད་འཕྱ་སྨོད་བྱེད་གྱིན་ལས། ཁོང་ཚོའི་བྱ་སྤྱོད་ལ་དེང་གཞུང་གི་ཁག་ཐེག་ཡོད་པ་མཚོན་འདུག
ལོ་རྒྱུས་སྨྲ་བ་མང་པོ་ཞིག་གིས་ཞི་ཅིང་ཕེང་གིས་མའོ་ཙེ་ཏུང་གི་དར་ཆ་ཡང་བསྐྱར་སྒྲེང་བ་དང་། ལས་འགུལ་མང་པོ་ཞིག་གཞི་རྒྱ་ཆེན་པོས་ཡང་བསྐྱར་བེད་སྤྱོད་བཏང་ནས་གཞུང་དང་ལྟ་དད་ཐ་དད་མཁན་ལ་རྡུང་རྡེག་དང་འཇིགས་སྐུལ་གྱིན་ཡོད་པས། དེ་དང་དེ་སྔ་མའོ་ཙེ་ཏུང་གིས་དམར་ཆུང་དམག་བེད་སྤྱོད་བཏང་བ་གཉིས་བསམ་བློ་གཅིག་པ། ཐབས་ཇུས་གཅིག་པ་ཡིན་པར་ངོས་འཛིན་བྱས་ཡོད།

མའོ་ཧྥན་དང་མའོ་ཡི་ལྟ་བ་ལ་མངོན་པར་བསྟོད་པའི་གཡོལ་ཐལ་ཤོག་ཁག་ངན་འཛོམས་བྱེད་སའི་ཝུ་ཡུག་ཀྲི་ཞིང(乌有之乡)ཟེར་བའི་དྲྭ་ཚིགས་སུ། ཉེ་ལམ་རྩོམ་ཡིག་ཅིག་སྤེལ་ནས། མའོ་ཙེ་ཏུང་ལ་དགག་པ་རྒྱག་མཁན། ཞི་ཅིང་ཕེང་ལ་དགག་པ་རྒྱག་མཁན། དམར་ཤོག་ཚོགས་པར་དགག་པ་རྒྱག་མཁན་སྐོར་ཞིག་འཆུན་འདོམས་བྱས་པར་ཡིད་ཚིམ་པའི་དགའ་སྤྲོའི་རྣམ་འགྱུར་བཏོན་འདུག

༢༠༡༥ ལོར། རྒྱ་ནག་དབུས་གཞུང་གི་མདོ་འཛིན་པ་གྲགས་ཅན་པི་ཧྥུ་ཅན་གྱིས་ཆང་ཁ་ཞིག་ཏུ་ཁ་མཚར་ཀུ་རེ་ཡི་ཚུལ་དུ་བཤད་པའི་སྐད་ཆ་དུམ་བུ་ཞིག་ཕྱིར་བཀྲམས་པའི་ནང་། ཁོང་གིས་སྨྲ་བརྗོད་ཅུང་རྩུབ་མོས་མའོ་ཙེ་ཏུང་ལ་སྐྱོན་བརྗོད་བྱས་ཡོད་སྟབས། རྩོད་གླེང་མི་ཆུང་བ་ཞིག་བསླངས་པ་དང་། དོན་རྐྱེན་དེའི་རྗེས་སུ་མདོ་འཛིན་པ་པི་ཧྥུ་ཅན་རྒྱ་ནག་དབུས་བརྙན་འཕྲིན་གྱི་གར་སྟེགས་སྟེང་ཐོན་མྱོང་མེད། གོ་ཚོད་ལ་གནས་དབྱུང་བཏང་འདུག

དགེ་རྒན་ཆེན་མོ་ཏེང་ཞིང་ཁྲོ་ནི་མའོ་ཧྥན་གྱི་དགག་པ་རྒྱག་ཡུལ་དམིགས་འབེན་གསར་ཤོས་དེ་རེད།

དགེ་རྒན་ཆེན་མོ་ཏེང་ཞིང་ཁྲོ་ཡིས་སྨྲ་བ་ཅི་ཞིག་བརྗོད་མིན་ལ་མ་བལྟས་པར། གལ་ཏེ་ནོར་འཁྲུལ་ཆེ་བའི་སྐད་ཆ་བཤད་ཡོད་ཀྱང་། ཁྲིམས་ལུགས་ལྟར་འགན་འཁྲི་བདའ་འདེད་བྱེད་རྒྱུ་ལས། དེ་ལྟ་བུའི་རྣམ་པས་འགག་རྒྱག་དང་རྡུང་རྡེག་བྱེད་སྲོལ་དེ་ཁྲིམས་ཀྱིས་སྐྱོང་བའི་རྒྱལ་ཁབ་ཅིག་ཡིན་ཟེར་བའི་གཞུང་ཞིག་གི་བྱ་སྤྱོད་དང་རྦད་དེ་འགལ་ཟླ་ཡིན། དེ་དང་རིག་གནས་གསར་བརྗེ་གཉིས་ལ་ཁྱད་པར་ཞིག་མཐོང་སོང་ངམ།

Advertisements