ཏང་གི་མདོག་ཅན་སྨྱན་བྱད་ཡོད་ཚད་དམར་ཆེམས་སེ

jpg_2517
པར་གཞན་ནས་བཤུས།

རྒྱལ་སྤྱིའི་གསར་འགོད་པའི་མཉམ་འབྲེལ་ཚོགས་པས་ཉེ་ལམ་བསྒྲགས་པའི ༢༠༡༦ ལོའི་རྒྱ་ནག་གི་གསར་འགྱུར་རང་དབང་གི་སྙན་ཐོའི་ནང་། འདས་པའི་ལོ་གཅིག་གི་ནང་རྒྱ་ནག་གཞུང་གིས་སྨྲ་བརྗོད་རང་དབང་གི་བར་སྟོང་ཆུང་ནས་ཡང་ཆུང་དམ་ནས་ཡང་དམ་དུ་བཏང་བར་སྐྱོན་བརྗོད་བྱས་འདུག
རྒྱལ་སྤྱིའི་གསར་འགོད་པའི་མཉམ་འབྲེལ་ཚོགས་པས་སྤྱི་ཚེས ༢༠འི་ཉིན་སྤེལ་བའི་སྙན་ཐོར་གཞིགས་ན། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེང་གིས་ཏང་གི་སྨྱན་བྱད་ཚང་མའི་རུས་མིང་ཏང་ཡིན་དགོས་པའི་བཙན་བཀའ་བཏང་པའི་ཉི་མ་དེ་ནས་བཟུང་། རྒྱ་ནག་གཞུང་འབྲེལ་སྨྱན་བྱད་ཡོད་དོ་ཅོག་གིས་རྒྱ་ནག་གཞུང་དང་བཤད་ཚུལ་མི་གཅིག་པའི་སྐད་གདངས་གཅིག་ཀྱང་སྤེལ་མྱོང་མེད་ལ། ཐ་ན་རང་བྱུང་གནོན་འཚེ་དང་ལྐོག་ཟ་རུལ་སུངས་སོགས་གནས་ཚུལ་རིགས་ཀྱང་གཞུང་གི་ལྟ་སྟངས་བཤད་ཚུལ་ཇི་བཞིན་གཅིག་པ་གཅིག་རྐྱང་གིས་སྤེལ་ཡོད་པ་རེད།

རྒྱལ་སྤྱིའི་གསར་འགོད་པའི་མཉམ་འབྲེལ་ཚོགས་པས་སྤེལ་བའི་ཁ་བྱང་ལ ༼   སྨྱན་བྱད་དམར་གསོད། རྒྱ་ནག་གཞུང་གི་དམ་དྲག་དང་བཏང་འཛིན༽   ཞེས་པའི་སྙན་ཐོ་ཡིས། རྒྱ་ནག་དང་ཧོང་ཀོང་། ཨོ་མིན་བཅས་ཀྱི་གསར་འགྱུར་རང་དབང་གི་གནས་སྟངས་ལ་དབྱེ་ཞིབ་བྱས་ཡོད་པ་དང་། སྙན་ཐོའི་ནང་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་དང་། རྩོམ་པ་པོ། པར་སྐྲུན་ཚོང་པ། དྲྭ་རྒྱ་དང་ཟིན་བྲིས་ཀྱི་བདག་པོ། དེ་མིན་མི་སེར་གསར་འགོད་པ་སོགས་སྨྱན་བྱད་ལས་ཀ་བར་ཐུག་པའི་དཀའ་ངལ་དང་སྒྲུན་ཟླ་གླེང་བའི་མ་ཚད། རྒྱ་ནག་གཞུང་གིས་བཙོན་ལ་བཅུགས་པའི་གསར་འགྱུར་ལས་ཀ་བའི་གྲངས་ཀ་བསྡོམས་རྩིས་བྱས་ཡོད་ལ། ༢༠༠༨ ལོ་ནས་ད་བར་དུ། འབྲེལ་ཡོད་གྱོད་དོན ༦༨ བྱུང་བ་བཀོད་འདུག

༢༠༡༦ལོ་ནི་རྒྱ་ནག་ས་ཆེན་ཧྲིལ་བོ་སྐད་མགོ་མནན་ཞིང་དབྱངས་རྟ་བཅད་པའི་ལོ་ཞིག་ཡིན་ཞིང་། རྒྱལ་སྤྱིའི་གསར་འགོད་པའི་མཉམ་འབྲེལ་ཚོགས་པའི་དྲྭ་རྒྱའི་སྟེང་འདི་ལྟར་བྲིས་འདུག རྒྱ་ནག་གི་སྨྱན་བྱད་ཚང་མ་དམར་ཆེམས་སེ་ཡོད་ལ། དྲྭ་རྒྱའི་སྟེང་གཞུང་གི་ལྟ་བ་དང་མི་མཐུན་པའི་སྐད་ཆ་ཚིག་གཅིག་ཐོན་ཚེ་དེ་མ་ཐག་ནག་གསུབ་བྱེད་ཀྱིན་ཡོད་པ་དང་། དོན་རྐྱེན་ཆེ་རིགས་ཐམས་ཅད་རྒྱ་ནག་གཞུང་འབྲེལ་སྨྱན་བྱད་དག་གིས་བཀོད་རྒྱུ་དང་དེ་ནས་གཞུང་གི་ཇི་ལྟར་བཀོད་པ་དེ་ལྟར་དུ་གཞི་རིམ་སྨྱན་བྱད་དག་གིས་བསྐྱར་བཀོད་བྱ་རྒྱུ་ལས་རང་གི་ལྟ་ཚུལ་བཤད་སྟངས་བྱས་མི་ཆོག དེའི་སྟབས་ཀྱིས་རྒྱ་ནག་དབུས་གཞུང་གི་ལྟ་བ་དང་སྐད་ཆ་རྒྱ་ནག་གི་སྨྱན་བྱ་ཡོད་ཚད་ཀྱི་ཁྲོད་བསླེབས་ཡོད། བྲོ་མེད་ཆོ་མེད་སྣ་གཅིག་མ་དང་སྒེར་སྡེམ་གཉིས་ནི་རྒྱ་ནག་ནང་ལོགས་ཀྱི་སྨྱན་བྱད་ཀྱི་བརྗོད་བྱའི་ཁྱད་ཆོས་རུ་གྱུར་ཡོད། ཅེས་བཀོད་འདུག

དེ་བཞིན་དུ་རྒྱལ་སྤྱིའི་གསར་འགོད་པའི་མཉམ་འབྲེལ་ཚོགས་པའི་དྲྭ་ཚིགས་སུ། ༢༠༡༦ལོར། རྒྱ་ནག་ན་ཡོད་པའི་ཕྱི་རྒྱལ་གྱི་གསར་འགོད་པའི་གནས་སྟངས་ཏེ་ལས་ཀའི་མཐོང་མཆན་ཝེ་ཟཱ་དང་གསར་འགོད་པའི་དཔང་ཡིག་ཞུ་ལེན་སོགས་ཀྱི་ཐད་ནས་ཅུང་ཞིག་ཇེ་བཟང་དུ་ཕྱིན་ཡང་། བོད་ཁུལ་དང་། ཤར་ཏིར་ཀི་སི་ཐན་ནམ་ཞིང་ཅང་ས་ཁུལ། ནང་སོག་སོགས་ཚད་བཀག་ཅན་གྱི་ས་ཁུལ་དེ་དག་ཏུ་འགྲོ་རྒྱུ་ད་དུང་ཡང་ཧ་ཅང་དཀའ་ཞིང་། སིན་གཙེར་དང་ལྟ་རྟོག། འཇིགས་སྐུལ་དང་རྗེས་འདེད་ཀྱི་བྱ་སྤྱོད་རིགས་ཡོད་ཡོད་པ་རེད། ཅེས་དང་།

ཡང་ཧོང་ཀོང་གི་སྨྱན་བྱད་ལ་མཚོན་ན། ༢༠༡༦ལོར་མི་སེམས་སྡུག་པའི་མུན་ནག་གི་ལོ་ཞིག་ཡིན། རྒྱལ་སྤྱིའི་གསར་འགོད་པའི་མཉམ་འབྲེལ་ཚོགས་པས་འདི་ལྟར་བཤད་རྒྱུར། མི་རྣམས་བློ་འཚབ་ཡོང་སྤྱད་ཧོང་ཀོང་ཐོན་ལའོ་ཝོན་དཔེ་ཁང་གི་དོན་རྐྱེན་ལས་གཞན། ཧོང་ཀོང་གི་སྨྱན་བྱད་འགས་ཚ་འདྲི་ཚ་ལེན་དང་ཐབས་ཟད་འུ་ཐུག་ནས་ཉེས་མེད་ཉེས་ལེན་གྱི་གནས་ཚུལ་རིགས་རྟོག་པས་བཟོས་ནས་བཅར་འདྲི་བྱས་ཡོད་སྟབས། སྨྱན་བྱད་སྡེ་ཚན་ཞིག་གིས་རྒྱ་ནག་གཞུང་དང་མཉམ་ལས་བྱེད་སྲོལ་འདི་ལས་རིགས་ཀུན་སྤྱོད་དང་རྦད་དེ་རྒྱབ་འགལ་ཡིན་ལ། སྨྱན་བྱད་ནི་རང་དབང་གི་ལྟ་སྐུལ་སྡེ་ཁག་ཅིག་ཡིན་པའི་ཐུན་མོང་གི་ཡིད་ཆེས་རང་བཞིན་ལ་ཤུགས་རྐྱེན་ངན་པ་ཐེབས་ཡོད་ཅེས་སྐྱོན་བརྗོད་བྱས་འདུག

དེ་ལས་གཞན། ཨོ་མིན་གྱི་སྨྱན་བྱད་ཁག་ལའང ༢༠༡༦ལོར་དཀའ་ངལ་མང་པོ་ཞིག་ལ་ཐུག་ཡོད་ཅིང་། བཀག་རྒྱ་གཙོ་བོའི་རིགས་ནི་སྲིད་གཞུང་གིས་གནས་ཚུལ་དུས་ཐོག་ཏུ་གཏོང་གི་མ་བཅུག་པ་དང་སྨྱན་བྱད་དོ་དམ་ཚན་པའི་རང་ཉིད་ཞིབ་བཤེར་སོགས་ཡིན། ཞེས་སྙན་ཐོའི་ནང་བཀོད་འདུག

རྒྱལ་སྤྱིའི་གསར་འགོད་པའི་མཉམ་འབྲེལ་ཚོགས་པས་དྲྭ་ཚིགས་བརྒྱུད་འབོད་སྐུལ་བྱས་པ་གཤམ་ལྟར། སྨྱན་བྱད་ཀྱི་ལྟ་ཞིབ་དང་ལྟ་སྐུལ་གྱི་ནུས་པ་འདོན་དགོས་པ་ལས། དབང་ཆ་དེ་བཙན་འཕྲོག་བྱེད་རྒྱུ་མ་ཡིན། སྨྱན་བྱད་རང་ཉིད་ཀྱི་སེམས་སུ་འཛིན་རྒྱུ་ཞིག་ནི།

གཞུང་འཛིན་པ་དང་གཞི་རིམ་མང་ཚོགས་བར་གྱི་སྟོབས་ཤུགས་དོ་མཉམ་མིན་པའི་གནས་སྟངས་ཡོབས་ཁྱབ་ངང་ཡོད་པས། གནོད་འཚེ་ཆེ་ཞིང་། གུས་བཀུར་བྱེད་མཁན་མེད་པ། མི་རྣམས་བདེ་འཇགས་མིན་པའི་ཚོར་བ་ཅན་གྱི་སྤྱི་ཚོགས་ཤིག་ཏུ་གྱུར་ཉན་ཡོད། མི་རྣམས་ལྷིང་འཇགས་ཀྱི་སྤྱི་ཚོགས་ཤིག་ན་ཡོད་པ་དེས་སྤྱི་ཚོགས་དེ་འཆམ་མཐུན་ཡིན་པའི་མི་ཁྱབ་ལ། དེ་ལས་ལྡོག་ཏེ་ཉེན་ཁ་ཆེ་བའི་སྤྱི་ཚོགས་ཤིག་ཡིན། ཞེས་བཀོད་འདུག