ང་ཚོའི “རྒྱ་ནག་གཅིག” གི་སྲིད་བྱུས་ལ་རྩི་འཇོག་ཡོད།

xi-jinping-donald-trump-1024.jpg
དགྲ་ནོན་ཁྲོ་འབར་དང་ཞི་ཞིན་ཕེང་གི་ཁ་པར་ཁ་བརྡ། (པར་གཞན་ནས་བཤུས།)

ཨ་རིའི་སྲིད་འཛིན་དགྲ་ནོན་ཁྲོ་འབར་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེང་གི་ཁ་པར་ཁ་བརྡ་དེས་ཨ་རྒྱའི་འབྲེལ་བ་མུ་ནས་མུ་རུ་ཇེ་སྡུག་ཏུ་འགྲོ་རྒྱུའི་མཚམས་བཀག་ནས་ཇེ་བརྟན་དུ་བཏང་བ་ཙམ་ལས། སུ་ཕམ་སུ་རྒྱལ་གྱི་དབྱེ་བ་མེད་པའི་མ་ཚད། ཞི་ཅིན་ཕེང་གི་རྒྱལ་ཁ་ཞིག་དེ་བས་ཀྱང་མིན།
ཨ་རི་ཤར་མའི་དུས་ཚོད་ཀྱི་སྤྱི་ཟླ ༢ ཚེས ༩འི་ནམ་དཀྱིལ་ལ། ཨ་རིའི་སྲིད་འཛིན་དགྲ་ནོན་ཁྲོ་འབར་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེང་དབུ་ཁྲིད་རྣམ་པ་གཉིས་ཀས་ཁ་པར་གྱི་ལམ་ནས་བཀའ་མོལ་གནང་ཡོད་པ་དང་། ཁ་པར་ཁ་བརྡ་དེས་འཛམ་གླིང་ཧྲིལ་བོའི་མིག་འབྲས་གཞི་གཅིག་ཏུ་བསྡུས་ནས་དོ་སྣང་བསླངས་པ་མ་ཟད། དེའི་སྐོར་རྒྱ་ཆེན་པོས་གླེང་མོལ་བྱས་དང་བྱེད་ཀྱིན་ཡོད།
ཨ་རིའི་སྲིད་འཛིན་ཁྲོ་འབར་གྱིས་ཁ་པར་ཁ་བརྡ་སྐབས་རྒྱ་ནག་གཅིག་གི་སྲིད་བྱུས་དེ་དེ་སྔ་བཞིན་རྩི་འཇོག་བྱེད་རྒྱུ་ཡིན་ལུགས་མོས་མཐུན་གནང་པའི་ཐད། མི་སྐོར་ཞིག་གིས་དེ་ནི་ཁྲོ་འབར་གྱིས་པེ་ཅིང་ལ་མགོ་བསྒུར་བར་ངོས་འཛིན་བྱས་ཡོད་མོད། གནད་དོན་དབྱེ་ཞིབ་པའི་ཆེད་མཁས་པའི་སྡེ་ཡིས། གང་ལྟར་ཡང་། ཁྲོ་འབར་གྱིས་ད་གཟོད་ཨ་རི་དང་རྒྱ་ནག་གི་འབྲེལ་བར་བཏང་འཛིན་བྱས་ཏེ་ཇེ་བརྟན་དུ་བཏང་ཞིང་། ཁྲོ་འབར་གྱིས་ཨ་རིས་དུས་ཡུན་རིང་པོར་ལག་ལེན་དུ་བསྟར་བའི་རྒྱ་ནག་གཅིག་གི་སྲིད་བྱུས་རྩིས་ཡོད་མོས་མཐུན་གནང་བ་དེ་ཨ་རི་རང་ཉིད་ཀྱི་ཁེ་ཕན་དང་མཐུན་པས། དེ་ཞི་ཅིན་ཕེང་གི་རྒྱལ་ཁ་ཞིག་ལ་ངོས་འཛིན་བྱེད་མི་རུང་བར་འདོད།

འཛམ་གླིང་གི་རྒྱལ་ཁབ ༢༠ ཙམ་གྱི་དབུ་ཁྲིད་དང་ཁ་པར་བཀའ་མོལ་གནང་རྗེས། སེམས་འཚབ་དང་རེ་སྒུག་ཁྲོད་ཀྱི་ཞིན་ཅིན་ཕེང་ལ་ད་གཟོད་ཁྲོ་འབར་གྱི་ཁ་པར་སླེབས་བྱུང་། ཕོ་བྲང་དཀར་པོའི་གསལ་བསྒྲགས་ནང་། “སྲིད་འཛིན་ཁྲོ་འབར་གྱིས་ཞིན་ཅིན་ཕེང་གི་རེ་སྐུལ་ལྟར། ང་ཚོའི་རྒྱ་ནག་གཅིག་གི་སྲིད་བྱུས་ལ་དེ་སྔ་བཞིན་རྩི་འཇོག་བྱེད་རྒྱུར་མོས་མཐུན་གནང་ཡོད” ཅེས་བཀོད་འདུག

ཨ་རིའི་ནིའུ་ཡོག་དུས་བབ་དང་། ཝ་ཞིན་ཊོན་བང་ཆེན་སོགས་སྨྱན་བྱད་ཀྱིས་དེ་ནི་ཁྲོ་འབར་གྱིས་པེ་ཅིང་ལ་མགོ་བསྒུར་བ་ཞིག་དང་། ཞི་ཅིན་ཕེང་གི་རྒྱལ་ཁ་ཞིག་ཡིན་ལུགས་གནས་ཚུལ་ནང་བཀོད་ཡོད་པ་དང་། ལྷག་དོན་རྒྱ་ནག་གི་དྲིལ་བསྒྲགས་སྡེ་ཚན་དང་རྒྱ་ནག་མི་དམངས་སློབ་ཆེན་གྱི་དགེ་རྒན་ཆེན་པོ་ཧྲི་ཧིན་ཧོང་གིས་གཙོས་གཞུང་སྐུལ་སྨྱུག་ཐོགས་པའི་ཚོགས་ཀྱིས་ཨ་རིའི་སྲིད་འཛིན་ཁྲོ་འབར་ནི་ཤོག་བུས་བཟོས་པའི་སྟག་ཅེས་སྲིད་འཛིན་མིན་དུས་འབྲུག་འདྲ་ཞིག་གྲག་ཀྱང་། སྲིད་འཛིན་ཡིན་དུས་སྦྲུལ་འདྲ་ཞིག་ཞི་སོང་ཞེས་འཕྱ་སྨོད་བྱས་ནས་པེ་ཅིང་གི་རྒྱལ་ཁ་ཞིག་ལ་ངོས་འཛིན་བྱས་འདུག

འོན་ཀྱང་། ཕྱིས་སུ་སླེབས་པའི་ཁ་པར་དེའི་ཤུགས་རྐྱེན་དང་ནང་དོན་ལ་གོ་བ་ལེན་ཕྱོགས་ཐད་གནད་དོན་དབྱེ་ཞིབ་པ་ཚོའི་བཞེད་ཚུལ་མི་མཐུན་ཡང་ཐུན་མོང་གི་ངོས་འཛིན་གཅིག་ནི། བཟང་ཕྱོགས་ཀྱི་འཕེལ་རྒྱས་ཤིག་ལ་ངོས་འཛིན་བྱས་འདུག

དེ་ཡང་ཁར་ནེ་ཇི་རྒྱལ་སྤྱིའི་ཞི་བདེ་ཐེབས་རྩ་ཁང(Carnegie Endowment for International Peace) གི་འགན་འཛིན་གཞོན་པ་སྐུ་ཞབས་ཌོ་ལ་སི ཕོལ་ལགས་ཀྱིས། ཁ་པར་དེ་ནི་ཨ་རི་དང་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ཚོས་དུས་ཡུན་གང་ཙམ་ཞིག་ལ་འབྲེལ་མོལ་བསྟུད་མར་བྱས་པའི་གྲུབ་འབྲས་སུ་ད་གཟོད་དངོས་སུ་མངོན་གྱུར་ཐུབ་པ་ཞིག་ཡིན་རྒྱུ་རེད། སྐུ་ཞབས་ཁྲོ་འབར་མཆོག་གིས་སྲིད་འཛིན་བསྐོ་སྒུག་སྐབས་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝིན་དང་ཁ་པར་བཀའ་མོལ་གནང་བ་དང་། དེ་བཞིན་ཨ་རིའི་ཧྥོག་སི་བརྙན་འཕྲིན་གྱི་ཆེད་སྒྲིག་བཅར་འདྲི་སྐབས་གལ་ཏེ་རྒྱ་ནག་གིས་དཔལ་འབྱོར་དང་ཉོ་ཚོང་ཐད་ནས་བསམ་ཤེས་མི་བྱེད་ན། ང་ཚོས་རྒྱ་ནག་གཅིག་གི་སྲིད་བྱུས་ཟེར་བ་དེའི་བཀག་རྒྱ་འཁུར་དགོས་དོན་མེད་ཅེས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་དོགས་ཚོམ་བསླངས་རྗེས། པེ་ཅིང་ལ་མཚོན་ན་བསམ་ཡུལ་ལས་འདས་པའི་དོན་དག་ལ་ཐུག་ནས་སྲིད་འཛིན་ཁྲོ་འབར་གྱིས་མུ་མཐུད་ནས་རྒྱ་ནག་གཅིག་གི་སྲིད་བྱུས་དེ་རྩི་འཇོག་བྱེད་མིན་ལ་དོ་སྣང་དང་སེམས་ཁུར་ཆེན་པོ་བྱས་པ་རེད།

རྒྱ་ནག་གི་ལུགས་རྙིང་ལོ་སར་ལ་འཚམས་འདྲི་ཞུ་བའི་འཕྲིན་ཡིག་ཅིག་སྔོན་འགྲོའི་ཚུལ་དུ་ཕུལ་ཏེ། དེ་ནས་ཁ་པར་བཏང་ནས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྩི་འཇོག་ཡོད་པའི་རྣམ་འགྱུར་བསྟན་པ་དེ། སྤྱིར་ན་དེང་གི་འཛམ་གླིང་ཡོངས་ཀྱི་གནས་བབ་དང། བྱེ་བྲག་ཨ་རི་དང་རྒྱ་ནག་གི་འབྲེལ་བའི་གནས་སྟངས་དང་ཡོངས་སུ་མཐུན་པ་ཞིག་ཡིན། དེ་འདྲ་ཡིན་ཙང་། ཁ་པར་དེའི་ནུས་པའམ་ཤུགས་རྐྱེན་ནི་ཨ་རི་དང་རྒྱ་ནག་གི་འབྲེལ་བ་ཇེ་བརྟན་དུ་བཏང་བ་ཙམ་ལས་མཚོན་དོན་གཞན་མང་པོ་འགྲེལ་བརྗོད་བྱེད་དཀའ་བར་བསམས་འདུག

ཁར་ནེ་ཇི་རྒྱལ་སྤྱིའི་ཞི་བདེ་ཐེབས་རྩ་ཁང(Carnegie Endowment for International Peace) གི་འགན་འཛིན་གཞོན་པ་སྐུ་ཞབས་ཌོ་ལ་སི ཕོལ་ལགས་ཀྱིས་ཀྱང་ཁ་པར་ཁ་བརྡ་དེ་སྲིད་འཛིན་ཁྲོ་འབར་གྱི་གཟུར་བཤོལ་ཞིག་ལ་ངོས་འཛིན་བྱས་འདུག

ཡིན་ན་ཡང་སྲོལ་རྒྱུན་ཐེབས་རྩ་ཁང་གི་ཝལ་ཊིར ལོ་མན་གྱིས་པེ་ཅིང་གི་རྒྱལ་ཁ་ཞིག་མིན་པར་འདོད་ཡོད། ཁྲོ་འབར་གྱིས་རྒྱ་ནག་གྲོས་དོན་གཅིག་པུ་མ་ཡིན་པའི་གནད་དོན་གཞན་མང་པོའི་ཐད་བཟུང་པའི་སྲིད་སྐྱོང་སྟངས་དེ་ཟ་ངི་ཟིང་ངི་ཞིག་ཆགས་སོང་། ལྷག་པར་དུ་རྒྱ་ནག་གྲོས་དོན་ཐད་མགོ་འཛུགས་སྟངས་ཡག་པོ་ཞིག་མིན། ཡིན་ན་ཡང་། ཁོང་གིས་ཁ་པར་བཏང་བ་དེ་ཡང་དག་པའི་འགྲིམ་ལུགས་ཤིག་ཡིན། ཁོང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྩི་འཇོག་བྱས་ཡང་ཨ་རིའི་ལངས་ཕྱོགས་གཞིར་བཞག་ནས་གསལ་བཤད་གནང་བ་དེ་དོན་དག་ཡག་པོ་ཞིག་ཡིན། དེ་འདྲ་ཡིན་མོད་ཀྱང་། སྲིད་འཛིན་ཁྲོ་འབར་གྱིས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྩི་འཇོག་ཡོད་པ་བསྐྱར་བཤད་བྱས་པ་དེ་ཞི་ཅིན་ཕེང་གི་རྒྱལ་ཁ་ཞིག་ག་ལ་ཡིན། ང་ཚོས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྩི་འཇོག་བྱེད་དོན་ནི་རྒྱ་ནག་གི་དགོས་འདུན་བཙན་བཀའ་ལྟར་བྱས་པ་ཞིག་མིན་ལ། རྒྱ་ནག་གིས་ང་ཚོར་གནང་བའི་གསོལ་རས་ཤིག་དེ་བས་ཀྱང་མིན། ང་ཚོས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྩི་འཇོག་བྱེད་དོན་ནི་དེ་ང་ཚོའི་ཁེ་ཕན་དང་མཐུན་པས་ཡིན། དེའི་སྟབས་ཀྱིས་སྲིད་འཛིན་ཁྲོ་འབར་གྱིས་ཁ་པར་བཏང་ནས་ཨ་རི་རྒྱལ་ཁབ་གྱི་ཁེ་ཕན་དང་སྲིད་བྱུས་དང་ཡོངས་སུ་མཐུན་པ་ཞིག་ལ་བསྐྱར་དུ་རྩི་འཇོག་ཡོད་པ་གསལ་བཤད་གནང་པ་དེ། ཞི་ཅིན་ཕེང་གི་རྒྱལ་ཁ་ཞིག་ཡིན་མི་སྲིད། གལ་ཏེ་དེ་ལྟར་འདོད་ན་དེ་ནི་དགོད་བྲོ་བའི་རྒྱུ་ལས་མ་འདས་ཟེར།

རྒྱལ་ཁབ་ཀྱི་དབུ་ཁྲིད་བར་གྱི་འབྲེལ་མོལ་ལ་འཐབ་ཇུས་ཀྱི་ཆ་ངེས་ཅན་ཞིག་ཡོད་པ་ནང་བཞིན། ཨ་རི་དང་རྒྱ་ནག་གི་དབུ་ཁྲིད་བར་གྱི་འབྲེལ་མོལ་ཐམས་ཅད་ལ་འཐབ་ཇུས་ཀྱི་དགོས་དམིགས་ཆེན་པོ་ཡོད། ཐོག་མར་སྲིད་འཛིན་ཁྲོ་འབར་གྱིས་དང་ཐོག་དོགས་ཚོམ་ཅི་ཞིག་བྱས་པ་དང་། དོགས་ཚོམ་དེ་དང་མཉམ་དུ་ཆ་རྐྱེན་ཅི་ཞིག་བཏོན་པར་ཕྱི་མིག་ཅིག་བལྟས་ན། ཁོང་གི་སྐད་ཆ་ངོ་མ་དེ་གལ་ཏེ་རྒྱ་ནག་གིས་དཔལ་འབྱོར་དང་ཉོ་ཚོང་ཐད་ནས་བསམ་ཤེས་མི་བྱེད་ཚེ། ང་ཚོས་རྒྱ་ནག་གཅིག་གི་སྲིད་བྱུས་ཟེར་བའི་བཀག་རྒྱ་དེ་འཁུར་དོན་མེད། ཅེས་ཆ་རྐྱེན་སྔོན་དུ་བཏོན་ནས་དོགས་ཚོམ་རྗེས་སུ་བྱས་པ་བརྒྱུད། ཚིག་གཅིག་གིས་བཤད་རྒྱུ་གཏམ་རྒྱུ་མེད་པར་རྩ་བར་དེད་ཡོད། དེ་ནས་སྲིད་འཛིན་དངོས་སུ་ཆགས་ནས་འཛམ་གླིང་གི་རྒྱལ་ཁབ ༢༠ ཙམ་ལ་ཁ་པར་བཏང་ནས་གནད་དོན་མོད་པོར་གྲོས་མོལ་བྱས་ཀྱང་། འཛམ་གླིང་དཔལ་འབྱོར་གདོས་བཅས་ཨང་གཉིས་པ་ཡིན་པའི་རྒྱ་ནག་ལ་ཁ་ཡ་བྱས་མེད། དེ་ཙ་ན། འཛམ་གླིང་ཧྲིལ་བོས་དེའི་རྒྱུ་མཚན་མ་ཤེས་པར་དེའི་ལན་མ་ཁེད་པར་འཐོམ་ནས་ལྷག་པའི་སྐབས་ཤིག་ལ། སྲོལ་རྒྱུན་ལྟར་ན་ཨ་རིའི་སྲིད་འཛིན་གྱིས་རྒྱ་ནག་གི་ལུགས་རྙིང་ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཞུ་སྲོལ་ཡོད་ཀྱང་སྲིད་འཛིན་ཁྲོ་འབར་གྱིས་སྲོལ་རྒྱུན་དེ་རྒྱུན་འཛིན་མ་བྱས་སྟབས། འཛམ་གླིང་གི་དོགས་པ་དེ་བས་ཀྱང་ཇེ་ཆེར་སོང་ནས། ད་ཆུང་ན་དཔལ་འབྱོར་འཁྲུག་རྩོད་དང་ཆེ་ན་དམག་འཁྲུག་ཀྱང་བྱུང་མི་སྲིད་པ་མིན་ཞེས་ས་སྟོང་ནས་དངངས་སྐྲག་སྐྱེ་མཁན་ཉུང་ཉུང་མིན།

སྤྱིར་ན་བདུན་ཕྲག་གསུམ་གྱི་དུས་ཡུན་དེ་རིང་པོ་ཞིག་མ་རེད། ཡིན་ན་ཡང་རེ་སྒུག་དང་སེམས་འཚབ་ཁྲོད་ཀྱི་ཞི་ཅིན་ཕེང་ལ་མཚོན་ན་དེ་ནི་ལོ་གསུམ་གྱི་སྣང་བ་ཡོད་ངེས་ཡིན་ལ། རྣམ་པའི་རིག་གནས་གཙིགས་སུ་འཛིན་པའི་ཞི་ཅིན་ཕེང་དང་ཁོང་གི་མི་དམངས་ལ་མཚོན་ན་ཁྲོ་འབར་གྱིས་ཕྱིས་ནས་ཕྱིས་སུ་བཞག་སྟེ་ཁ་པར་མ་བཏང་བ་དེ་རྒྱ་ནག་རྒྱལ་ཁབ་ལ་དམའ་འབེབས་ཤིག་དང་བསམ་བཞིན་དུ་ཆེ་མཐོང་མ་སྤྲད་པ་ཞིག་ཅི་ལ་མིན།

སྐབས་ཤིག་ནས་བཟང་ཕྱོགས་ཀྱི་མདོག་ཅིག་གཞི་ནས་ཤར་ཡོང་བ་ནི། རྒྱ་ནག་གི་ལུགས་རྙིང་ལོ་སར་ཚེས་ལྔ་ཉིན་སྲིད་འཛིན་ཁྲོ་འབར་གྱི་བུ་མོ་ཨེ་ཝན་ཁཱ་ཡིས་ཁོང་མོའི་བུ་མོ་ཁྲིད་ནས་ཨ་རིའི་རྒྱལ་སར་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གི་ཆེད་དུ་བཤམས་པའི༼ ལོ་སར་དགོང་ཚོགས༽   ལ་ཞུགས་པ་མ་ཟད་ཁྲོ་འབར་གྱི་ཚ་མོ་ལོ་ལྔ་ཅན་དེས་རྒྱ་སྐད་ཀྱིས༼ ལོ་སར་བཟང༽   ཞེས་པའི་གླུ་དབྱངས་དེ་བླངས་པར་རྒྱ་ནག་གི་སྨྱན་བྱད་ཡོད་དོ་ཅོག་དང་རྒྱ་ནག་མི་དམངས་ཁྲོད་འུར་ཟིང་མི་ཆུང་བ་ཞིག་བསླངས། དེ་ནི་བཟང་ཕྱོགས་ཀྱི་རྣམ་འགྱུར་དང་པོ་རུ་ངོས་འཛིན་བྱས་ཆོག དེ་ནས་སྤྱི་ཟླ ༢ ཚེས ༨ ཉིན་ཁྲོ་འབར་གྱིས་འཚམས་འཕྲིན་ཞིག་ཞི་ཅིན་ཕེང་ལ་སྤྲིངས་ནས་རྒྱ་ནག་གི་ལོ་སར་ཚེས་བཅོ་ལྔ་སྟེ་ཡོན་ཞོ་དུས་སྟོན་དང་མེ་མོ་བྱ་ལོའི་ལོ་གསར་བར་བཀྲ་ཤིས་བདེ་ལེགས་ཞུས་པར། འཛམ་གླིང་མི་དམངས་དང་སྒོས་སུ་རྒྱ་ནག་པ་ཚོས་ཅི་ཡང་མེད་པ་ལས་ཕྱིས་དྲགས་པའི་འཚམས་འདྲི་དེ་དགའ་འོས་པ་ཞིག་ལ་ངོས་འཛིན་མི་བྱེད་རང་བྱེད་དང་ཆབས་ཅིག ཁྲོ་འབར་གྱིས་ཅིའི་ཕྱིར་ཁ་པར་མི་གཏོང་བ་རེད་དམ་ཅེས་ཡང་བསྐྱར་རྒྱུ་མཚན་འཚོལ་ཞིབ་ཀྱི་ལམ་ལ་ཞུགས། གང་ལྟར་ཡང་དེ་ནི་བཟང་ཕྱོགས་ཀྱི་རྣམ་འགྱུར་གཉིས་པ་དེ་ཡིན།

མཚམས་འདི་རུ་བཤད་རིན་ཡོད་པ་གཞན་ཞིག་གམ་མི་རྣམས་པས་དོ་སྣང་ཆེར་བྱས་མེད་པའི་དོན་དག་ཅིག་ནི། ཉི་ཧོང་གི་སྲིད་བློན་ཞིན་ཙོ་ཨ་པེ་མཆོག་སྤྱི་ཚེས ༩འི་ཉིན་ཨ་རིའི་ནང་གཟིགས་སྐོར་ལ་ཕེབས་ཀྱིན་ཡོད་ལ། སྲིད་འཛིན་ཁྲོ་འབར་གྱིས་ཆེས་མཐོའི་གུས་སྲོལ་ས་གདན་དམར་པོའི་རིམ་པས་སྣེ་ལེན་བྱེད་འཆར་ཡོད་པ་རེད། ཉི་ཧོང་གི་སྲིད་བློན་ལ་ཆེས་མཐོའི་གུས་སྲོལ་གྱི་སྣེ་ལེན་བྱས་ནས་རྒྱ་ནག་གི་སྲིད་འཛིན་ལ་ཁ་པར་ཞིག་ཀྱང་མ་བཏང་ན་ཞི་ཅིན་ཕེང་གི་ངོ་སོ་དེ་གང་ལ་འཇོག་གམ། རྣམ་པའི་རིག་གནས་ཀྱི་ཤེད་ཆེ་ཞིང་ཆེ་མཐོང་རྩི་བཀུར་དགོས་གལ་ཆེ་བའི་ཞི་ཅིན་ཕེང་ལ་མཚོན་ན་དེ་ནི་བཟོད་ཐབས་ཡེ་ནས་མེད་པའི་ལུས་ཤིག་ཡིན་པས། ཐབས་ཤེས་ཡོད་རྒུ་འཐེན་ནས་མ་མཐའ་ཡང་ཉི་ཧོང་གི་སྲིད་འཛིན་དང་མ་ཐུག་གོང་ཨ་རིའི་སྲིད་འཛིན་གསར་བའི་ཁ་པར་ཞིག་ཅི་ནས་ཀྱང་འབྱོར་ཐབས་བྱེད་དགོས།

དེ་འདྲའི་ངང་བལྟས་ཚེ། དང་ཐོག་སྲིད་འཛིན་ཁྲོ་འབར་གྱིས་བསྐོ་སྒུག་སྐབས་བཤད་པའི་སྐད་ཆ་ལྟར་ན། རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྩི་འཇོག་བྱེད་དགོས་ན་རྒྱ་ནག་གིས་དཔལ་འབྱོར་དང་ཉོ་ཚོང་ཐད་ནས་བསམ་ཤེས་བྱེད་དགོས་པ་དེ་རེད། དེ་མིན་རྒྱ་ནག་གི་ཨེ་ཞི་ཡའི་དགྲ་ཡ་ཨང་དང་པོ་དེ་ཉི་ཧོང་ཡིན་པས། ཨ་རིའི་སྲིད་འཛིན་གསར་བས་ཉི་ཧོང་ལ་རྒྱ་ནག་ལས་མི་ཚད་པའི་ཆེ་མཐོང་སྤྲད་པ་དེ་ཞི་ཅིན་ཕེང་གི་ངོ་ཚ་ཞིག་དང་རྒྱ་ནག་མི་དམངས་ལ་དམའ་འབེབས་ཤིག་ཡིན་ན། སྲིད་འཛིན་ཁྲོ་འབར་གྱི་ཁ་པར་ཞིག་རེག་ཐབས་སུ་གོང་ཞུས་ཆ་རྐྱེན་དེ་དག་ཁས་མི་ལེན་རང་ལ་ཐུག་ཡོད་པ་མ་རེད་དམ། དེའི་སྟབས་ཀྱིས་ཞི་ཅིན་ཕེང་གིས་སྲིད་འཛིན་ཁྲོ་འབར་གྱིས་བཏོན་པའི་དཔལ་འབྱོར་དང་ཉོ་ཚོང་གི་ཐད་ནས་བསམ་ཤེས་དགོས་པའི་དགོས་འདུན་ཇི་བཞིན་དུ་བསྒྲུབས་ཡོད་པར་ཡིད་ཆེས་བྱས་ཆོག གོང་དུ་ཞུས་པ་དེ་དག་ནི་ཉི་ཧོང་གི་སྲིད་འཛིན་ཞིན་ཙོ་ཨ་པེ་དང་མ་ཐུག་གོང་གི་ཆུ་ཚོད་འགའི་སྔོན་དེ། སྤྱི་ཚེས ༩འི་དགོང་མོའི་ནམ་དཀྱིལ་དུ་སྲིད་འཛིན་ཁྲོ་འབར་གྱིས་རེ་སྒུག་ཁྲོད་ཀྱི་ཞི་ཅིན་ཕེང་ལ་ཁ་པར་བཏང་བའི་རྒྱུ་མཚན་དུ་དྲངས་ཆོག་པར་བསམ་བྱུང་།

གོང་ཞུས་གནས་ཚུལ་དེ་དག་གིས། ཨ་རིའི་སྲིད་འཛིན་ཁྲོ་འབར་མཆོག་ནི་ཚོང་ལས་སྲིད་མི་ཤེས་ཟེར་མཁན་དག་ལ་ཁོང་ནི་འཐབ་ཇུས་ལ་མཁས་ཤིག་གྲོས་མོལ་ལ་དེ་བས་ཀྱང་མཁས་པ་ཞིག་ཡིན་པ་བདེན་དཔང་བྱས་ཡོད་པར་སྙམ།

ཨ་རིའི་སྲིད་འཛིན་དགྲ་ནོན་ཁྲོ་འབར་གྱིས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྩི་འཇོག་བྱས་པ་དེ། དེ་སྔའི་དངོས་ཡོད་གནས་སྟངས་སླར་གསོ་བྱས་པ་ཙམ་ཡིན་པས། མ་འོངས་པར་དཔལ་འབྱོར་དང་། ཉོ་ཚོང་། ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན་སོགས་ཀྱི་ཐད་ཀྱི་འབྲེལ་ལུགས་ཅི་ཞིག་ཡིན་པ་ད་དུང་ཚོད་དཔག་མི་རུང་བས། ང་ཚོས་རིམ་པས་བལྟ་ཆོག