རྒྱ་ནག་སློབ་མའི་ཏཱ་ལའི་བླ་མ་འགོག་པའི་ལས་དག་ནི། རྒྱུན་རིང་ཀླད་པ་འཁྲུད་བརྗེ་སློབ་གསོའི་ནད་བག་འབའ་ཞིག་མིན།

DalaiLama2_120418.jpeg
༢༠༡༢ལོའི་སྤྱི་ཟླ ༤པར་༧གོང་ས་མཆོག་སན་ཌི་ཡ་གྷོ་སློབ་ཆེན་དུ་བསྐོངས་པའི་གོ་ལའི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ཚོགས་མགོན་དུ་ཕེབས་པ།

ཨ་རིའི་ཁཱ་ལི་ཧྥོ་ནེ་ཡ་གཙུག་ལག་སློབ་ཆེན་གྱི་སན་ཌི་ཡ་གྷོ་ཡན་ལག་སློབ་ཆེན་གྱིས་ད་ལོའི་མཐར་ཕྱིན་སློབ་མའི་མཛད་སྒོའི་དམིགས་བསལ་སྐུ་མགྲོན་དུ་བོད་མའི་དབུ་ཁྲིད ༧སྤྱི་ནོར ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཆེད་དུ་གདན་ཞུ་གནང་བར་སློབ་ཆེན་དེའི་རྒྱ་ནག་གི་སློབ་མའི་མཉམ་འབྲེལ་མཐུན་ཚོགས་དང་རྒྱ་རིགས་མཁས་པའི་མཐུན་ཚོགས་ཟུང་འབྲེལ་གྱིས་ངོ་རྒོལ་དང་སྦྲགས་ཛ་དྲག་འབྲེལ་གཏུག་གི་དོན་རྐྱེན་བྱུང་རྗེས། ཨ་མེ་རི་ཀའི་སློབ་ཆེན་ཁག་གི་དགེ་རྒན་དང་སློབ་མ་ཁག་ཅིག་གིས་དེའི་ཐད་སོ་སོའི་ལྟ་ཚུལ་བཏོན་ཡོད་པ་དང་། རྒྱ་རིགས་མཁས་པ་ཁག་ཅིག་གིས་བྱ་སྤྱོད་དེ་ཀླད་པ་འཁྲུད་བརྗེ་སློབ་གསོའི་ནད་བག་ལ་ངོས་འཛིན་བྱས་པ་དེ་བཞིན་དུ་རྒྱུ་རྐྱེན་གཅིག་ཡིན་པའི་དབང་དུ་སོང་ཡང་། དེའི་རྒྱབ་ལྗོངས་ཆབ་སྲིད་དང་འབྲེལ་མེད་པ་ག་ལ་ཡིན།
དེ་ཡང་ཨ་རིའི་མ་ཨ་མེ་གཙུག་ལག་སློབ་ཆེན་གྱི་ཆབ་སྲིད་རིག་པའི་དགེ་རྒན་ཆེན་མོ་ལྕམ་རྗོན ཊེ་ཧྥུད ཌེར་ཡེར་ལགས་ཀྱིས། སན་ཌི་ཡ་གྷོ་ཡན་ལག་སློབ་ཆེན་གྱི་རྒྱ་ནག་སློབ་མའི་མཉམ་འབྲེལ་མཐུན་ཚོགས་ཀྱིས་སློབ་ཆེན་དེས ༧གོང་ས་ཏཱ་ལའི་བླ་མ་མཆོག་མཐར་ཕྱིན་མཛད་སྒོའི་དམིགས་བསལ་སྐུ་མགྲོན་དུ་གདན་ཞུ་གནང་བ་ཕྱིར་འཐེན་བྱེད་དགོས་ཞེས་འཇིགས་པ་བསྐུལ་བའི་བྱ་སྤྱོད་དེ༼   ཞི་བདེ་མཉམ་གནས་དོན་ཚན་ལྔ་ཡི་རྩ་དོན༽   ཀྱི་དགོངས་དོན་དང་འགལ་ཡོད་པས། བྱ་སྤྱོད་དེ་ཡིས་ཨ་རིའི་ནང་སྲིད་ལ་ཐེ་གཏོགས་བྱས་པ་རེད་ཅེས་སུན་འབྱིན་བྱས་པ་དང་ཆབས་ཅིག དེ་སྔ་མ་ཨ་མེ་གཙུག་ལག་སློབ་ཆེན་གྱིས ༧གོང་ས་ཏཱ་ལའི་བླ་མ་མཆོག་གདན་ཞུ་གནང་དུས་ཀྱང་རྒྱ་ནག་གཞུང་ཚབ་ཁང་གིས་དམིགས་བསལ་མི་སྣ་ཆེད་མངག་གིས་འགོག་ཐབས་བྱས་པ་རེད། ཡིན་ན་ཡང་སྐབས་དེའི་མ་ཡ་མེ་སློབ་ཆེན་གྱི་སློབ་སྤྱི་མཆོག་གིས་རྒྱ་ནག་གཞུང་ཚབ་ཁང་གི་སྐུ་ཚབ་དེར་ཐུག་འཕྲད་མ་གནང་པའི་མ་ཚད། ཁོང་གིས་ཕྱག་རོགས་ཤིག་མངག་ནས་མ་ཨ་མེ་གཙུག་ལག་སློབ་ཆེན་གྱིས་མི་སུ་གདན་ཞུ་གནང་མིན་དེ་ནང་ཁུལ་ལས་དོན་ལ་གཏོགས་པས། ཕྱི་རོལ་གྱི་མི་སུ་གང་ལའང་ཆོག་མ་ཆོག་བཤད་རྒྱུའི་ཐོབ་ཐང་མེད་ཅེས་ཚ་ལན་བཏབས་པ་རེད་ཅེས་དང་།

དེ་མིན་ཡང་ཁོང་མོས། སློབ་གྲྭ་ཆེན་མོའི་བསམ་པའི་དཔལ་ཡོན་ནི་བསམ་བློ་རང་དབང་ཡིན་ལ། རྒྱལ་ཁབ་གཞན་དེ་རྒྱལ་ཁབ་སུ་དང་གང་ཡིན་མིན་ལ་མ་བལྟས་པར། རྒྱལ་ཁབ་གཞན་གྱི་སྲིད་གཞུང་གིས་དབང་བསྒྱུར་བྱེད་ཀྱིན་པའི་སློབ་ཆེན་དག་ནི། མིང་དོན་མཚུངས་པའི་སློབ་ཆེན་ཞིག་མིན་ཞེས་གསུངས་འདུག

སན་ཌི་ཡ་གྷོ་ཡན་ལག་སློབ་ཆེན་གྱིས་ད་ལོའི་མཐར་ཕྱིན་མཛད་སྒོའི་དམིགས་བསལ་སྐུ་མགྲོན་དུ ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གདན་ཞུ་གནང་རྒྱུའི་གནས་ཚུལ་ཁྱབ་བསྒྲགས་བྱས་མ་ཐག སློབ་ཆེན་དེའི་རྒྱ་ནག་གི་སློབ་མའི་མཉམ་འབྲེལ་མཐུན་ཚོགས་དང་རྒྱ་རིགས་མཁས་པའི་མཐུན་ཚོགས་ཟེར་བ་གཉིས་ཟུང་འབྲེལ་གྱིས་ངོ་རྒོལ་དང་ཛ་དྲག་འབྲེལ་གཏུག་རབ་དང་རིམ་པ་བྱས་ནས་འགོག་ཐབས་བྱས་ཤིང་། སློབ་ཆེན་དེའི་སློབ་གྲྭའི་ཚགས་པར་སྟེང་སྤྱི་ཟླ ༢ ཚེས༧ ཉིན་རུས་མིང་ལ་ཝང་རི་ཞུན་ཟེར་བ་ཞིག་གིས་བྲིས་པའི་རྩོམ་ཡིག་ཅིག་སྤེལ་ནས། རྩོམ་ཡིག་ནང་། རྒྱ་ནག་གི་སློབ་མ་མང་པོ་ཁོང་ཁྲོ་ལངས་དོན་གཙོ་བོ་ནི་སློབ་ཆེན་གྱི་ངོས་ནས་ཏཱ་ལའི་བླ་མ་ཞེས་པའི་ཆབ་སྲིད་ཀྱི་མི་སྣ་དེ་གདན་ཞུ་གནང་གཏན་མ་ཁེལ་བའི་སྔོན་དུ་རིག་གནས་ཀྱི་ཆ་ལ་བསམ་བློ་བཏང་མེད་པ་དེ་ཡིན་ལ། ང་ཚོའི་རྒྱལ་ཁབ་ཀྱིས་ཏཱ་ལའི་བླ་མ་ལ་ལྟ་ཚུལ་ཐ་དད་པ་བཟུང་ཡོད། ཏཱ་ལའི་བླ་མས་འཚེ་མེད་ཞི་བའི་ཐབས་ལམ་ཟེར་བ་ཁ་ལ་ཁྱེར་ཡོད་ཀྱང་། དོན་གྱིས་བོད་དེ་རྒྱ་ནག་ལས་ཁ་བྲལ་དུ་གཏོང་རྒྱུར་དམིགས་ཡོད་ལུགས་བཀོད་འདུག

དོན་རྐྱེན་དེའི་ཐད་སན་ཌི་ཡ་གྷོ་ཡན་ལག་སློབ་ཆེན་གྱི་འབུམ་རམས་པའི་སློབ་མ་བྷ་བྷ་ལཱ བྷི་ཞི་ཟེར་བ་ཞིག་གིས་ཁོང་གིས་ལྟ་ཚུལ་བཏོན་ཡོད་ལ། དེ་ཡང་ཁོང་གིས་རྒྱ་ནག་གི་སློབ་མ་ཚོའི་སེམས་ཚོར་ངས་བསམ་ཤེས་བྱེད་ཐུབ། འོན་ཀྱང་སློབ་གྲྭས ༧གོང་ས་ཏཱ་ལའི་བླ་མ་གདན་ཞུ་གནང་བར་ནོར་འཁྲུལ་ཅི་ཡང་མེད་པར་འདོད། དེང་གི་འདི་ལྟ་བུའི་གནས་སྟངས་འོག་ཨ་མེ་རི་ཀར་དེ་བས་ཀྱང་དམངས་གཙོའི་གྲོས་མོལ་མཁོ་གལ་ཆེ་ན། སློབ་གྲྭའི་ངོས་ནས་རྒྱ་ནག་གི་སློབ་མ་དང ༧གོང་ས་ཏཱ་ལའི་བླ་མའི་བར་མཇལ་འཕྲད་བཀའ་མོལ་གི་གོ་སྐབས་ཤིག་གོ་སྒྲིག་བྱས་ནས་གདོང་དང་གདོང་ཐུག་ནས་སོ་སོའི་ལྟ་བ་བརྗོད་པར་བཅུག་ན་དགེ་མཚན་ཆེ་བ་ཡོད་པར་སྙམ་ཞེས་བསམ་ཚུལ་བཏོན་འདུག

དེ་བཞིན་དུ་སློབ་ཆེན་དེའི་ཆབ་སྲིད་སྡེ་ཚན་གྱི་འབུམ་རམས་པའི་སློབ་མ་རྗུན ཕཱ་ཊིན་ཟེར་བ་ཞིག་གིས། གལ་ཏེ་སློབ་གྲྭས ༧གོང་ས་ཏཱ་ལའི་བླ་མའི་གདན་ཞུའི་ཐག་གཅོད་དེ་ཕྱིར་འཐེན་གནང་ཡང་། སན་ཌི་ཡ་གྷོ་དང་ཨ་མེ་རི་ཀའི་མི་དམངས་ཁྲི་མ་སྟོང་གིས ༧གོང་ས་ཏཱ་ལའི་བླ་མར་དགའ་བསུ་ཞུ་ངེས་ཡིན་ལ། སྤྱིར་ན་བོད་ཁུལ་བརྟན་བརླིང་མིན་པའི་གནད་དོན་དེ་ཏཱ་ལའི་བླ་མ་དང་འབྲེལ་བ་ཡོད་མེད་ཀྱང་རྩོད་པའི་གནས་རེད།  གང་ལྟར༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་གལ་འགངས་ཆེ་ཞིང་བཀུར་འོས་པའི་འཛམ་གླིང་དབུ་ཁྲིད་ཅིག་ཡིན་པར་ངས་ཡིད་ཆེས་བརྟན་མོ་བྱས་ཡོད་ཅེས་བརྗོད་འདུག

རྒྱ་ནག་གཞུང་འབྲེལ ༼ གོ་ལའི་དུས་བབ༽   ཟེར་བས་སྔ་རྗེས་སུ་རྩོམ་ཡིག་སྤེལ་ནས་རྒྱ་ནག་གི་སློབ་མའི་མཐུན་ཚོགས་དང་རྒྱ་རིགས་མཁས་པའི་མཐུན་ཚོགས་ལ་རྒྱབ་སྐྱོར་དང་སན་ཌི་ཡ་གྷོ་ཡན་ལག་སློབ་ཆེན་ལ་གཞི་མེད་སྐྱོན་བརྗོད་མང་དག་ཅིག་བྱས་ཡོད། ཡང་དེ་དང་ཆབས་ཅིག ༧སྤྱི་ནོར ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་ཆོས་ལུགས་ལ་ཁ་གཡར་ནས་རྒྱལ་ཁབ་ཁ་བྲལ་གཏོང་མཁན་ཞིག་ཡིན་ལུགས་སྔར་སྲོལ་བཞིན་ཡང་བཤད་བསྐྱར་བཤད་བྱས་ཡོད་ལ། སྤྱི་ཟླ ༢ ཚེས ༩ ཉིན་ཡང་བསྐྱར་རྩོམ་ཡིག་ཅིག་སྤེལ་ནས། སན་ཌི་ཡ་གྷོ་ཡན་ལག་སློབ་ཆེན་དེའི་སློབ་སྤྱི་སྐུ་ཞབས་ཕུར་གྲུབ ཁོལ་སི་ལཱ (Pradeep khosla) ནི་རྒྱ་གར་གྱི་རིགས་རྒྱུད་ཡིན་པས། རྒྱ་གར་ཀྱི་རིགས་རྒྱུད་ཅན་གྱི་ཨ་རི་བ་ཚོས་རྒྱ་གར་དང་རྒྱ་ནག དེ་བཞིན་རྒྱ་ནག་དང་ཨ་རིའི་འབྲེལ་ལམ་ལ་གཏོར་བརླག་བྱ་འཆར་གྱི་ཞེ་ངན་བཅངས་ཡོད་ལུགས་སྐྱོན་འཛུགས་བྱས་འདུག

university-of-san-diego_2015-01-26_10-04-42-433
སན་ཌི་ཡ་གྷོ་ཡན་ལག་སློབ་ཆེན་གྱི་ཟུར་གཅིག

གོང་ཞུས་དོན་རྐྱེན་དེ་བྱུང་ནས་ཕྱི་རོལ་འཇིག་རྟེན་གྱིས་དོ་སྣང་ཆེན་པོ་བྱས་དང་བྱེད་ཀྱིན་པའི་སྐབས་སུ། གཞུང་འབྲེལ་མིན་པའི་སྒྲིག་འཛུགས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གསལ་བསྒྲགས་ཤིག་སྤེལ་ནས། རྒྱ་ནག་སློབ་མའི་མཐུན་ཚོགས་དང་རྒྱ་རིགས་མཁས་པའི་མཐུན་ཚོགས་ཀྱི་བྱ་སྤྱོད་དེས་ཨ་རིའི་སློབ་ཆེན་གྱི་རིག་གཞུང་རང་དབང་ལ་ཐེ་གཏོགས་དང་གཏོར་བརླག་བྱས་པར་ངོས་འཛིན་གྱིས་དེ་ཚོའི་སྤྱོད་ངན་ཐེར་འདོན་གནང་འདུག
དེ་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གསལ་བསྒྲགས་དེའི་ནང་། ཨ་རིའི་སན་ཌི་ཡ་གྷོ་ཡན་ལག་སློབ་ཆེན་གྱི་རྒྱ་ནག་གི་སློབ་མའི་མཐུན་ཚོགས་དང་རྒྱ་རིགས་མཁས་པའི་མཐུན་ཚོགས་ཀྱིས་དོན་རྐྱེན་དེའི་རྒྱུད་རིམ་ཁྲོད། ཨ་རིའི་ལོ་སི་ཨན་ཇི་ལེ་སི་གྲོང་ཁྱེར་ན་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་ལ་འབྲེལ་གཏུས་བྱས་ནས་གྲོས་མོལ་བྱས་ལུགས་གསལ་འདོན་བྱས་ཡོད་པས། རྒྱ་ནག་གི་མཐུན་ཚོགས་དེ་གཉིས་ཀའི་བྱ་བ་སྤྱོད་པས་ཨ་རི་མི་དམངས་ཀྱི་དོ་སྣང་བསླངས་ཡོད་པ་མ་ཟད། ནང་སྒོས་སུ་བྱ་སྤྱོད་དེར་ཨ་རི་གྲོས་ཚོགས་ཀྱིས་དོ་སྣང་དང་ཐུགས་ཁུར་ཆེན་པོ་བྱས་ཡོད། རྒྱ་ནག་གཞུང་ཚབ་ཁང་གིས་ཐད་ཀར་དང་ཡང་ན་གཞན་བརྒྱུད་གང་རུང་གི་ལམ་ནས་ཨ་རིའི་སློབ་ཆེན་ཁག་གི་རིག་གཞུང་རང་དབང་ལ་ཐེ་གཏོགས་བྱེད་མི་རུང་ལ་བྱེད་ཀྱང་མི་ཆོག བྱེད་རྒྱུའི་ཐོབ་ཐང་ཡང་མེད་ཅེས་དེ་ཚོའི་ཚུལ་མིན་གྱི་བྱ་སྤྱོད་རིགས་ཐེར་འདོན་བྱས་འདུག

དེ་བཞིན་དུ་ཡང་གསལ་བསྒྲགས་དེའི་ནང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནི་ཞི་བདེ་དང་། སྙིང་རྗེ། བྱམས་བརྩེ། འཆམ་མཐུན་དར་སྤེལ་དུ་བཏང་དང་གཏོང་གིན་པའི་ཞི་བདེའི་དེད་དཔོན་ཡིན་པ་ཨ་རི་དང་འཛམ་གླིང་མི་དམངས་ཀྱིས་ཤེས་གསལ་རེད། དེ་ལས་ལྡོག་པའི ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་དཀྲུག་ཤིང་རྒྱག་མཁན་ཞིག་དང་ཆབ་སྲིད་རྡུང་རྡེག་པ་ཞིག་ཡིན་ལུགས་ཀྱི་སྨྲ་བ་བརྗོད་མཁན་གྱི་སྒྲིག་འཛུགས་དང་མི་སྒེར་སུ་ཡིན་ཡང་། དེ་ཚོས ༧སྤྱི་ནོར ༧གོང་ས་མཆོག་གིས་ད་བར་དུ་འཛམ་གླིང་གང་སར་སྤེལ་དང་སྤེལ་གྱིན་པའི་གསུང་གི་སྙིང་བོ་དང་དགོངས་པ་མ་ཤེས་པ་རང་རེད་ཅེས་ནན་གྱིས་བརྗོད་འདུག

རྒྱ་ནག་གི་སློབ་མའི་མཐུན་ཚོགས་དང་རྒྱ་རིགས་མཁས་པའི་མཐུན་ཚོགས་ཀྱིས་ངོ་རྒོལ་བསྟུད་མར་བྱས་རྐྱེན་སན་ཌི་ཡ་གྷོ་ཡན་ལག་སློབ་ཆེན་གྱི་སློབ་སྤྱི་ཡིས་རྒྱ་ནག་གི་སློབ་མའི་མཐུན་ཚོགས་ཀྱི་སྐུ་ཚབ་དང་ཐུག་ནས་གསལ་བཤད་གནང་ཡོད་པ་དང་། དེ་ཡང་རྒྱ་ནག་གཞུང་འབྲེལ ༼ གོ་ལའི་དུས་བབ༽   ཟེར་བས་སྤྱི་ཚེས ༡༥འི་ཉིན་སྤེལ་བའི་གནས་ཚུལ་ནང་། སན་ཌི་ཡ་གྷོ་ཡན་ལན་སློབ་ཆེན་གྱི་སློབ་སྤྱི་སྐུ་ཞབས་ཕུར་གྲུབ་ཁོལ་སི་ལཱ་དང་རྒྱ་ནག་གི་སློབ་མའི་མཐུན་ཚོགས་ཀྱི་སྐུ་ཚབ་དང་གྲོས་མོལ་བྱས་ཡོད་ཀྱང་། སློབ་སྤྱི་ཡིས ༧གོང་ས་ཏཱ་ལའི་བླ་མ་གདན་ཞུའི་ཐག་གཅོད་དེ་ཕྱིར་འཐེན་བྱེད་མི་སྲིད་ཅེས་ཁག་ཐེག་བྱས་ཡོད་པ་བཀོད་འདུག

རྒྱ་ནག་གཞུང་གིས་ལོ་མང་རིང་ནས་ཨ་རིའི་སློབ་གསོའི་རྩ་འཛུགས་ལ་ཤུགས་རྐྱེན་འཇོག་འདོད་དང་གནོད་པ་སྐྱེལ་འདོད་ཡོད་ལ། དཔེར་ན་ཨ་རིའི་སློབ་ཆེན་མང་པོ་ཞིག་ཏུ་རྒྱ་ནག་གཞུང་འབྲེལ་རྒྱབ་ལྗོངས་ཅན་གྱི་ཁོན་ཙི་སློབ་གླིང་ཞེས་པ་བཙུགས་ཡོད། ཁོན་ཙི་སློབ་གླིང་ཞེས་པ་དེ་བརྒྱུད་ནས་རྒྱ་ནག་གཞུང་གི་བོད་དོན་ཐད་ཀྱི་ལྟ་བ་ལངས་ཕྱོགས་དྲིལ་བསྒྲགས་བྱེད་ཀྱིན་ཡོད།

རྒྱ་ནག་གཞུང་གིས་གཞུང་འབྲེལ་དང་ཕྱེད་གཞུང་འབྲེལ། དམངས་ཁྲོད་བཅས་ཐབས་ལམ་དེ་གསུམ་མཉམ་གཅིག་ཏུ་སྦྲེལ་བའི་ཕྱི་འབྲེལ་ལམ་ལུགས་ཤིག་ལག་ལེན་དུ་བསྟར་གྱིན་ཡོད་ལ། གཞུང་འབྲེལ་མིན་པའི་ཕྱི་འབྲེལ་ཟེར་བ་དེ་ནི་མི་དམངས་རང་བཞིན་གྱི་ཤོག་ཁག་ལ་གོ་ཆོག དེའི་ནང་དུ་གཞོན་ནུ་དང་། བུད་མེད། ལས་རྩལ། ཚོང་ལས། སློབ་མ་སོགས་ཀྱི་རྩ་འཛུགས་འདུས་ཡོད་པས། གོང་དུ་ཞུས་པའི་ཨ་རིའི་སློབ་ཆེན་ཁག་ན་ཡོད་པའི་རྒྱ་ནག་གི་སློབ་མའི་མཐུན་ཚོགས་ཟེར་བ་དེའང་དེ་ཡི་ཁུངས་སུ་གཏོགས།

གང་ལྟར་མདོར་བསྡུས་ན། འདི་དང་འདི་ལྟ་བུའི་གནས་ཚུལ་རིགས་བྱུང་རྐྱེན་གཙོ་བོའི་འབྱུང་ཁུངས་དེ་རྒྱ་ནག་གི་འདས་པའི་ལོ་ངོ ༧༠ ཙམ་ལ་སྤེལ་བའི་ཀླད་མ་འཁྲུད་བརྗེ་སློབ་གསོ་ལ་རག་ལས་ཡོད་ལ། དེའི་དབང་གིས་རྒྱ་ནག་སྐམ་ས་ཆེན་མོའི་མི་རྣམས་ལ་ཡིན་མིན་དཀར་ནག་གི་དབྱེ་བ་འབྱེད་རྒྱུའི་ལྷན་སྐྱེས་ཀྱི་ནུས་པ་མེད་ལ། མ་མཐའི་ཀུན་སྤྱོད་ཀྱི་ཚད་ཐིག་ཞིག་ཀྱང་མེད། སྤྱིར་ན་རྒྱ་ནག་གི་སློབ་མ་དེ་དག་རང་དབང་ཡུལ་གྲུ་ཨ་རིར་སླེབས་ནས་བདེན་རྫུན་དཀར་ནག་གི་དབྱེ་བ་འབྱེད་རྒྱུའི་གོ་སྐབས་དང་ཆ་རྐྱེན་འཛོམས་ཡོད་ཀྱང་། ཁོང་ཚོ་ད་དུང་ཡང་མི་རིགས་རིང་ལུགས་ཀྱི་འདུ་ཤེས་ལས་འགྲོལ་མི་ཐུབ་ཅིང་། རང་ཞིབ་རང་བཤེར་གྱི་དྲྭ་རྒྱ་ལས་ཐར་ཐུབ་མེད།

ཡིན་ན་ཡང་། ང་ཚོས་ངེས་པར་དུ་ཤེས་དགོས་པ་ཞིག་ནི། རྒྱ་ནག་སློབ་མའི་མཐུན་ཚོགས་དང་མཁས་པའི་མཐུན་ཚོགས་ཟེར་བས་ཏཱ་ལའི་བླ་མ་འགོག་ཐབས་ཀྱི་བྱ་སྤྱོད་དེ། རྒྱུན་རིང་སྤེལ་བའི་ཀླད་པ་འཁྲུད་བརྗེ་སློབ་གསོའི་ནད་བག་འབའ་ཞིག་ལས་བྱུང་བའི་གནད་དོན་ཞིག་མིན། དེའི་རྒྱབ་ན་སེལ་དཀའ་བའི་མི་རིགས་ཀྱི་འགལ་ཟླ་དང་། གཏིང་ནག་པའི་ཆབ་སྲིད་ཀྱི་འཐབ་རྩོད། རྟོགས་དཀའ་བའི་རྒྱ་ནག་པའི་གཡོ་སྒྱུ་ལ་སོགས་ཀྱང་ཡོད།