
ཉེ་ལམ་དེང་སྐབས་སྤྱི་ཚོགས་སུ་ཤིན་ཏུ་བྲིན་ཆེ་བའི་དཔེ་དེབ་ཅིག་བཀླགས་པ་ཡིན། དངོས་ཡོད་གནས་ཚུལ་དང་དཔེ་མཚོན་གྱི་ལམ་ནས་རྒྱ་ནག་གཞུང་གི་ལྐོག་མཚང་རྗེན་པར་འབྱིན་པའི་དཔེ་དེབ་ཅིག་བཀླགས་པ་ཡིན། དཔེ་དེབ་དེས་བདག་གི་ཤེས་པའི་རྒྱ་ནག་དམར་གཞུང་དེ་ཇེ་གསལ་ནས་ཤིན་ཏུ་ཇེ་གསལ་ལ་བཏང་།
དཔེ་དེབ་དེའི་ཁ་བྱང་ལ ༼འཆི་བདག་རྒྱ་ནག༽ (Death by China) དང་། ཁ་བྱང་ཕལ་བར༼རྒྱ་ནག་དམར་གཞུང་གིས་འགྲོ་བ་མིའི་སྤྱི་ཚོགས་ལ་བཟོས་པའི་གནོད་འཚེ ༽ ཞེས་བཏགས་འདུག
ཐོག་མར༼འཆི་བདག་རྒྱ་ནག༽ཅེས་པའི་དེབ་དེའི་རྩོམ་པ་པོ་རྣམ་པ་གཉིས་ངོ་སྤྲོད་མདོར་བསྡུས་ཤིག་ཞུས་ན། རྩོམ་པ་པོ་སྐུ་ཞབས་ཕེ་ཊེར ནཱ་ཝ་རོ(Peter Navarro)ལགས་ནི་ཧྰར་ཝར་ཌི་གཙུག་ལག་སློབ་ཆེན་གྱི་དཔལ་འབྱོར་རིག་པའི་འབུམ་རབས་པ་དང་། ཨ་རིའི་ཁཱ་ལི་ཧྥོ་ནེ་ཡ་གཙུག་ལག་སློབ་ཆེན་ཨར་ཝིན་ཡན་ལག་སློབ་ཆེན(University of California, Irvine)གྱི་ཚོང་དོན་རིག་པའི་དགེ་རྒན་ཆེན་མོ་རེད། ཁོང་ནི་རྒྱུགས་ཆེ་བའི༼རྒྱ་ནག་དམག་འཁྲུག་ཡོང་ལ་ཁད༽ཅེས་པའི་དེབ་དེའི་རྩོམ་པ་པོའང་ཡིན། གོ་ལ་ཧྲིལ་བོ་ན་སྐད་གྲགས་ཆེ་བའི༼ནིའུ་ཡོག་དུས་བབ༽དང་། ༼བོལ་སྲང་ལམ་ཉིན་རེའི་ཚགས་པར༽། དེ་མིན༼ཧཱར་ཝར་ཌི་ཚོང་དོན་དཔྱད་ཞིབ༽དང་། ༼ཨ་རིའི་ཚོང་ལས་གཟའ་དེབ༽སོགས་དྲྭ་ཚིགས་དང་ཚགས་པར། གཟའ་དེབ་སོགས་སྨྱན་བྱད་དག་ན་དུས་རྒྱུན་དུ་ཁོང་གི་དཔྱད་རྩོམ་རིགས་མཐོང་རྒྱུ་ཡོད།
རྩོམ་པ་པོ་གཞན་དེ་ནི་སྐུ་ཞབས་གྷི་རེག ཨ་ཊི་རེ(Greg Autry)ལགས་ཡིན། ཁོང་ནི་ཨ་རིའི་ཁཱ་ལི་ཧྥོ་ནེ་ཡ་གཙུག་ལག་སློབ་ཆེན་ཨར་ཝིན་ཡན་ལག་སློབ་ཆེན་གྱི་ཚོང་དོན་རབ་འབྱམས་པ་དང་། ད་ལྟ་སློབ་ཆེན་དེ་གའི་ཆབ་སྲིད་སྤྱི་འབྲེལ་དང་དཔལ་འབྱོར་འབུམ་རམས་པའི་སློབ་མ་རེད། ཁོང་གིས་ཚན་རིག་ལག་རྩལ་ཁྱབ་ཁོངས་ཀྱི་སྡེ་ཚན་མང་པོ་གསར་འབྱེད་གནང་བའི་ཁོངས་སུ༼ཐབས་ཇུས་དང་དཔལ་འབྱོར་སྤྱི་ཁོག་རིག་པ༽ལ་སོགས་ཀྱི་སྡེ་ཚན་ཡང་ཡོད་པ་རེད།
༼འཆི་བདག་རྒྱ་ནག༽གི་རྩོམ་པ་པོ་གཉིས་ཀ་ད་ལྟའི་ཨ་རི་གཞུང་གི་མཐོ་རིམ་འགོ་ཁྲིད་དུ་བསྐོས་ཡོད་ལ། སྐུ་ཞབས་ཕེ་ཊེར ནཱ་ཝ་རོ་ལགས་ནི་ཕོ་བྲང་དཀར་པོའི་རྒྱལ་ཁབ་ཉོ་ཚོང་ལྷན་ཁང་གི་འགན་འཛིན་ཡིན།
༼འཆི་བདག་རྒྱ་ནག༽ཅེས་པའི་དེབ་དེ་ལེའུ་ཆེན་པོ་བཅུ་དྲུག་དང་མཚམས་སྦྱོར་གླེང་གཞི་གཉིས། རྩོམ་པ་པོའི་གླེང་གཞི། མཇུག་བྱང་བཅས་བསྡོམས་པའི་ཤོག་གྲངས ༢༩༧ གྱིས་གྲུབ་པ་དང་། ཨ་མེ་རི་ཀའི་ཕི་རན་ཊི་སི ཧེ་ཡོལ(Prentice Hall) པར་སྐྲུན་ཁང་གིས་སྤྱི་ལོ ༢༠༡༡ ལོའི་སྤྱི་ཟླ ༥ར་པར་བསྐྲུན་དང་འགྲེམས་སྤེལ་གནང་འདུག
རྩོམ་པ་པོས༼འཆི་བདག་རྒྱ་ནག༽གི་ལེའུ་དང་པོའི་ཐིག་ཕྲེང་དང་པོར “རྒྱ་ནག་ནི་ཤི་གསོན་ཆགས་འཇིག་ལ་ཐུག་པའི་འཇིགས་སྐུལ་ཆེན་པོ་དེ་ཡིན”ཞེས་རྒྱ་ནག་དམར་གཞུང་གི་ཉེན་ཁའི་རང་བཞིན་རྒྱབ་མཐོང་བའི་སྒོ་ནས། གཏིང་རྟོགས་པའི་སྒོ་ནས། ཕུག་མཁྱེན་པའི་སྒོ་ནས “ང་ཚོ་ཚང་མ་དངོས་སུ་མཐོང་རྒྱུ་ཚོར་རྒྱུ་ཡོད་པའི་ཉེན་ཁ་ཆེན་པོ་དེར་ཐུག་ཡོད། འཛམ་གླིང་འདིའི་སྟེང་གི་མི་འབོར་ཆེས་མང་ཞིང་དཔལ་འབྱོར་གྱི་གདོས་བཅས་ཆེ་ཤོས་སུ་ཆགས་གྲབས་ཡོད་པའི་རྒྱ་ཁབ་དེ། ཧ་ཅང་མགྱོགས་མྱུར་ངང་འཇིག་རྟེན་ཁམས་འདིའི་འཇིགས་སུ་རུང་བའི་མི་མངོན་པའི་ལག་དམར་དུ་འགྱུར་གྱིན་ཡོད”ཅེས་མགོ་བརྩམས་ནས། རྩོམ་པ་པོས་དབང་ཤེད་ཆེ་བ། འབྱོར་བ་ཆེ་བ། རུལ་སུངས་ཆེ་བ། ཧམ་པ་ཆེ་བའི་རྒྱ་ནག་དམར་གཞུང་གིས་དུས་ནས་དུས་སུ་མི་རིགས་རིང་ལུགས་ལག་ཆར་སྤྱད་དེ་སོ་སོའི་དམིགས་ཡུལ་འགྲུབ་ཐབས་བྱེད་ཀྱིན་པས། འཛམ་གླིང་ཞི་བདེ་དང་དར་རྒྱས། འགྲོ་བ་མིའི་བདེ་ཐང་དང་བདེ་འཇགས་ལ “ནཱ་ཙི་ཡི་རྗེས་ཀྱི་འཇིགས་སྐུལ་ཆེ་ཤོས་སུ་ཆགས་རྒྱུ་ནི་དུས་ཀྱི་སྔ་ཕྱི་ཙམ་ཡིན” ཞེས་ཉེན་བརྡ་བཏང་ཡོད།
སྤྱིར་ན་དེབ་འདིའི་ནང་གལ་གནད་མི་ཆེ་བ་གཅིག་ཀྱང་མེད་མོད། ཚད་ཀྱིས་བསྡམས་ཕྱིར་དཔེ་མཚོན་རེ་འགའ་དྲངས་ན། ལེའུ་བཞི་བ་ཨ་རིའི་བཟོ་སྐྲུན་ལས་རིགས་ཀྱི་རྨང་གཞི་ཉམས་དམས་སུ་སོང་བར། ང་ཚོ་ཅིའི་ཕྱིར་བཟོད་ཐབས་བྲལ་ཞེས་པའི་ནང་འདས་པའི་ལོ་ངོ་བཅུ་ཕྲག་འགའི་རིང་། རང་དབང་ཉོ་ཚོང་གི་ཤིང་རྟ་ལ་ཞོན་པའི་ཧམ་འཕྲོག་ལང་ཤོར་དུ་སོང་བའི་རྒྱ་ནག་གིས་ང་ཚོས་བལྟས་བལྟས་རིག་རིག་ལ་ཨ་རིའི་བཟོ་སྐྲུན་ལས་རིགས་ཀྱི་ལས་ཀའི་གོ་སྐབས་ས་ཡ་མང་པོ་རྐུ་ཁྱེར་བྱས་པ་རེད། དོན་དངོས་སུ་རྒྱ་ནག་གི་འགྲན་རྩོད་གནས་བབ་ཀྱི་འབྱུང་ཁུངས་ལ་ཞིབ་ཏུ་བརྟག་ཚེ། ཕྱེད་ཀ་ལས་མང་བའི་རྒྱ་ནག་གི་འགྲན་རྩོད་གནས་བབ་ཀྱི་འབྱུང་ཁུངས་དེ་འདྲ་མཉམ་མ་ཡིན་པའི་ཉོ་ཚོང་གཡོ་ཐབས་བརྒྱད་ལས་བྱུང་ཞིང་། རང་དབང་ཉོ་ཚོང་གི་སྒྲིག་སྲོལ་ལྟར་ན། གཡོ་ཐབས་དེ་དག་ཚང་མ་ཁྲིམས་ཀྱིས་བཀག་པའི་འཛེམ་བྱ་རྐྱང་རྐྱང་རེད། ཅེས་བཀོད་འདུག
གཡོ་ཐབས་དེ་བརྒྱད་ནི།
༡༽ ཁྲིམས་འགལ་ཉོ་ཚོང་ཕྱིར་འཚོང་གི་ཁ་གསབ།
༢༽ ཚོད་དཔག་དམའ་དྲགས་པའི་དངུལ་གྱི་འཛའ་ཐང་དང་བཏང་འཛིན།
༣༽ མངོན་སུམ་འཛེམ་བག་མེད་པར་འདྲ་བཟོ་དང་འདྲ་བཤུ ཕྱོགས་ཡོངས་ནས་ཨ་རིའི་ཤེས་ཡོན་ཀྱི་ཐོན་དངོས་བདག་དབང་རྐུ་ཞིང་ལེན་པ།
༤༽ གཞི་རྒྱ་ཆེན་པོས་ཁོར་ཡུག་ལ་གཏོར་བརླག་བྱེད་པ།
༥༽ ལས་བཟོ་བའི་བདེ་ཐང་དང་བདེ་འཇགས་ཀྱི་ཚད་ཐིག་ལྷོད་ཅིང་ཡངས་པ།
༦༽ ཁྲིམས་འགལ་གྱི་སྒོ་ཁྲལ་དང་གནད་ཡོད་རྒྱུ་ཆ་དང་རྒྱུ་ཆས་ཕྱིར་འཚོང་བྱེད་རྒྱུར་ཚད་བཀག
༧༽ འཕྲོག་བཅོམ་རང་བཞིན་གྱི་རིན་གོང་གཏན་འབེབས་དང་བྱ་སྤྱོད་ཀྱིས་ཕྱི་རྒྱལ་གྱི་སྒྲུན་ཟླ་ཚོ་གལ་གནད་ཆེ་བའི་ཐོན་ཁུངས་ཀྱི་ཁྲོམ་ར་ནས་ཕྱིར་ཕུད་རྗེས། སྒེར་སྡེམ་རིན་གོང་གྱིས་འཛད་སྤྱོད་པ་མགོ་སྐོར་གཡོ་འཕྲུལ་བྱེད་པ།
༨༽ ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ཀྱི་ལྕགས་རི་བརྩིགས་ནས། ཕྱི་རྒྱལ་གྱི་སྒྲུན་ཟླ་ཡོད་དོ་ཅོག་གིས་རྒྱ་ནག་ནང་དུ་ཚོང་ལས་བྱེད་རྒྱུར་འགལ་རྐྱེན་བར་ཆད་བཟོ་བ། བཅས་བརྒྱད་པོ་དེ་རེད།
རྩོམ་པ་པོས“དེ་ཚོར་མཐོང་ཆུང་མ་བྱེད། དེ་དག་ནི་མིང་དོན་མཚངས་པའི་དཔལ་འབྱོར་ལག་ཆ་རང་ཡིན་ན། རེ་རེ་ལ་མེ་ཤུགས་ཆེན་པོ་ཡོད” ཅེས་ནན་གྱིས་བརྗོད་འདུག
དེ་བཞིན་དུ་ལེའུ་བདུན་པ་འཆི་བདག་མི་སེར་སྤེལ་མཁན་མཚལ་འབྲུག་གིས་འཛམ་གླིང་གི་ཐོན་ཁུངས་མཁོ་འདོན་ཡོད་ཚད་གཡོ་འཛིན་བྱས་པ་ཞེས་པར། རྒྱ་ནག་གི་ཚན་རིག་པ་ཞིག་གི་སྐད་ཆ་ལུང་དྲངས་པའི་ནང་། “རྒྱ་ནག་ལ་གཙང་པོ ༦༠༠ ལྷག་ཡོད་པའི་ནང་ནས ༤༠༠ ལྷག་འབག་བསླད་ཐེབས་ནས་བེད་མེད་དུ་གྱུར་ཟིན་པས། གནད་དོན་ཀྱི་མཐའ་མ་མཐོང་བའི་སྔོན་དུ། ང་ཚོས་ངེས་པར་དུ་ཡུལ་མི་དུང་ཕྱུར་གསུམ (༣༠༠༠༠༠༠༠༠) ཨ་ཧྥི་རི་ཀར་གཞི་སྤོ་དགོས” ཞེས་བཀོད་ཡོད་པ་དང་། དེར་གཞིགས་ན། རྒྱ་ནག་དམར་གཞུང་གིས་མི་སེར་གཞི་སྤོའི་སྲིད་ཇུས་དེ་ད་ལྟའི་དབང་བསྒྱུར་འོག་གི་བོད་དང་ཡུ་གུར། སོག་ཡུལ་ཙམ་མིན་པར་རྒྱལ་ཁབ་ནས་རྒྱལ་ཁབ་། གླིང་ཆེན་ནས་གླིང་ཆེན། མཐར་སའི་གོ་ལ་ཧྲིལ་བོ་དམིགས་ཡོད་པའི་ཧམ་སེམས་རྗེན་པར་བཏོན་འདུག
དེ་མིན༼འཆི་བདག་རྒྱ་ནག༽ནང་བོད་དོན་སྐོར་ཡང་ཕྱོགས་འགའ་ནས་གླེང་ཡོད་པ་དང་། དཔེར་ན་ལེའུ་བཅུ་བ་འཆི་བདག་དྲྭ་ཇག་ཧེག་པ་དམར་པོའི་འཇབ་རྒོལ་ཞེས་པའི་ནང་། རྒྱ་ནག་དམར་གཞུང་གིས་ཆེད་དུ་བཏང་བའི་མིང་ལ་འདྲེ་ཙིག(Gh0st Rat)ཅེས་པའི་ཤིང་རྟ་ནད་དུག་གིས་དྷ་རམ་ས་ལའི ༧གོང་ས་ཏཱ་ལའི་བླ་མ་མཆོག་དང་དེ་གའི་བཙན་བྱོལ་བོད་གཞུང་གི་གློག་ཀླད་ལ་འཇབ་རྒོལ་བྱས་ཚུལ་དང་། དེ་ལས་གཞན་བོད་དང་ཐེ་ཝན་སོགས་ནི་དུས་དང་རྣམ་པ་ཀུན་ཏུ་འཁྲུག་ཟིང་ལངས་སྲིད་པའི་ས་ཁུལ་ཞིག་ལ་ངོས་འཛིན་བྱས་འདུག གཞན་ཡང་རྩོམ་པ་པོས་ཨ་རིས་ངེས་པར་དུ་བོད་དང་སོག་པོ། ཡུ་གུར་སོགས་གྲངས་ཉུང་མ་རིགས་ཀྱི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་དགོས་ལ། ངེས་པར་དུ་རྒྱ་ནག་དམར་གཞུང་གིས་གྲངས་ཉུང་མི་རིགས་ས་ཁུལ་དེ་དག་ཏུ་རིགས་ཚོགས་གཙང་སེལ་གྱི་ལས་འགུལ་སྤེལ་གྱིན་པ་མཚམས་འཇོག་ཡོང་རྒྱུར་རྒྱ་ནག་ལ་གནོན་ཤུགས་དང་མི་རིགས་དེ་ཚོར་མཐུན་རྐྱེན་དང་རོགས་རམ་གནང་དགོས་ཞེས་འབོད་སྐུལ་ཡང་གནང་འདུག
དེབ་འདིའི་ནང་འཆི་བདག་རྒྱ་ནག་དམར་གཞུང་གིས་འགྲོ་བ་མིའི་སྤྱི་ཚོགས་ལ་བཟོས་པའི་གནོད་འཚེའི་རང་བཞིན་དོན་དངོས་དཔེ་མཚོན་དང་བཅས་མཚམས་སྦྱོར་བྱས་པ་བརྒྱུད་རྒྱ་ནག་དམར་གཞུང་གིས་ཇི་ལྟར་རིག་གཞུང་བཙན་རྒྱལ་རིང་ལུགས་ལག་ལེན་དུ་བསྟར་གྱིན་པའི་ཚུལ་ཞིབ་ཕྲའི་ངང་དབྱེ་ཞིབ་དང་ངོ་སྤྲོད་གནང་ཡོད་ལ། རྩོམ་པ་པོས་དཔེ་མཚོན་མང་པོ་སྟེ། ཚོང་རྫས་རྫུན་མ་ནས་དུག་ཅན། ཁོར་ཡུག་འབག་བཙོག ཆབ་སྲིད་རུལ་སུངས། དྲྭ་ཇག་ཧེག་པར་བརྟེན་ནས་ཚན་རྩལ་དང་ཚོང་ལས་གསང་བ། དམག་དོན་གསང་བ་རྐུ་ཁྱེར། དངུལ་གྱི་འཛའ་ཐང་བཏང་འཛིན། སྨྱོ་ཧམ་ཆེ་བའི་དམག་དོན་རྒྱ་སྐྱེད། བཙན་རྒྱལ་མི་སེར་སྤེལ་བའི་བཤུ་གཞོག་གི་ཕྱི་འབྲེལ། དེ་བཞིན་སྤྱིར་ན་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོལ་རོལ་དང་། ནང་སྒོས་སུ་རྒྱ་ནག་གི་དབང་བསྒྱུར་འོག་གི་བོད་དང་སོག་ཡུལ། ཡུ་གུར་སོགས་སུ་རིགས་འགྱུར་སྲིད་ཇུས་བཙན་ཤེད་ཀྱི་སྤེལ་གྱིན་པ་ལ་སོགས། རྒྱ་ཆེ་བའི་ཀློག་པ་པོའི་སྤྱན་ལམ་དུ་ཕྱི་རོལ་ཡུལ་གྱི་ཤེས་དཀའ་མཐོང་དཀོན་པའི་རྒྱ་ནག་དམར་གཞུང་གི་ལྐོག་མཚང་དང་མ་མཐའི་ཀུན་སྤྱོད་ཀྱི་ཚད་ཐིག་ཙམ་ཡང་མེད་པའི་ངོ་གདོང་ངོ་མ་དེ་གསལ་རྗེན་དུ་བཤམས་ཡོད་པ་རེད།
རྩོམ་པ་པོས་རྒྱ་ནག་དམར་གཞུང་གིས་སྤྱིར་ན་འཛམ་གླིང་ཡོངས་དང་བྱེ་བྲག་ཨ་རི་ལ་དམིགས་ཡུལ་ཡོད་པ། འཆར་གཞི་ཡོད་པའི་སྒོ་ནས་གཡོ་སྒྱུ་དང་ཕྲ་མར་བརྟེན་ནས་ལག་ལེན་དུ་བསྟར་དང་སྟོར་གྱིན་པའི་ངན་ཇུས་རིགས་ཐེར་འདོན་བྱས་པ་དང་ཆབས་ཅིག རྒྱ་ནག་དམར་གཞུང་ལ་ཇི་ལྟར་གདོང་ལེན་བྱེད་སྟངས་ཐད་སོ་སོའི་དགོངས་ཚུལ་བཏོན་ཡོད་ལ། དེ་ཡང་རྩོམ་པ་པོས་ལེའུ་མཐའ་མ་སྟེ་རྒྱ་ནག་དང་མཉམ་གནས་མཉམ་འཚོ་ཞེས་པའི་ནང་། རྒྱ་ནག་གི་གད་སྙིགས་དང་དུག་ཅན་བཟའ་བཏུང་ལ་གཡོལ་ཐབས། རྒྱ་ནག་གི་ལས་གནས་འཕྲོག་བྱེད་ལག་ཆ་རྩ་མེད་དུ་གཏོང་བ། རྒྱ་ནག་གི་གསང་ཉུལ་བ་དང་དྲྭ་རྒྱའི་དམག་འཁྲུག་ལ་ཚད་ཐིག་འཇོག་པ། རྒྱ་ནག་གི་དམག་དོན་དར་འཕེལ་ལ་གདོང་ལེན་དང་ཕར་རྒོལ། མི་སེར་སྤེལ་བའི་རྒྱ་ནག་མཚལ་འབྲུག་གི་དོ་བསྡོ་བ། རྒྱ་ནག་དམར་གཞུང་གི་རྒྱ་ནག་ས་ཆེན་སྟེང་གི་དམར་གསོད་རིགས་ལ་འགོག་རྒོལ། རྒྱ་ནག་གི་མཁའ་དབྱིངས་སྒྲུན་ཟླར་གདོང་ལེན་བཅས་རེ་རེ་བཞིན་དུ་གདོང་ལེན་བྱེད་སྟངས་དང་འགོག་ཐབས་ཐད་དགོངས་ཚུལ་ལམ་སྟོན་གནང་འདུག
གོང་ཞུས་བརྗོད་བྱ་དེ་དག་ལས་དཔེ་མཚོན་འགའ་དྲངས་ན། ཨ་རིའི་རིན་ཐང་དང་ལྟ་བ་འཛམ་གླིང་གང་སར་ཁྱབ་རྒྱུའི་གལ་ཆེའི་རང་བཞིན་ལ་གཞིགས་ནས། ཨ་རིའི་རྒྱང་སྲིང་གི་སྲུང་སྐར་བརྙན་འཕྲིན་ཞབས་ཞུ་རྒྱ་ནག་ནང་ཀག་མེད་ཐད་ཀར་སྤེལ་གཏོང་བྱ་རྒྱུ་དེ་ཧ་ཅང་གལ་འགངས་ཆེན་པོ་རེད། རྒྱ་ནག་གཞི་རིམ་ཞིང་གྲོང་ཁག་ཏུ། ལོ་བརྒྱ་ལོན་པའི་ས་ཁང་ཞིག་ཏུ་བཅའ་དངོས་གཞན་མེད་ཀྱང་བརྙན་འཕྲིན་ཞིག་ཡོད་པས། རྒྱ་ནག་གཞི་རིམ་མི་དམངས་ཀྱི་དགའ་ཕྱོགས་དེ་ང་ཚོའི་མཐུན་རྐྱེན་ཞིག་ཅི་ལ་མིན། གལ་ཏེ་རྒྱ་ནག་གཞུང་གི་ངོ་རྒོལ་བྱེད་ན། དེ་ནི་ང་ཚོའི་ཁྲོམ་རའི་ནང་ཞུགས་སྟངས་ཤིག་ཡིན་ལ། ཞུགས་སྟངས་དེ་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་གྲོས་ཆོད་ནང་དོན་དང་མཐུན་གྱིན་ཡོད་ཅེས་ལབ་ཆོག་ཅེས་དང་། དེ་བཞིན་དུ་འབྱུང་འགྱུར་ཨ་རིའི་བུ་རབས་ཚ་རྒྱུད་ཚོ “གུང་ཁྲན་རིང་ལུགས་ཀྱི་ཟླ་འོད་འོག”གནས་མི་དགོས་པའི་ཆེད་དུ། ང་ཚོས་རྒྱ་ནག་གི་སྔན་བླངས་ནས་ཟླ་བ་གོ་ལའི་བདག་དབང་གསལ་བསྒྲགས་བྱེད་དགོས། ཞེས་པ་ལ་སོགས་ཀྱི་དགོངས་འཆར་བཏོན་འདུག
རྩོམ་པ་པོས་མཇུག་གི་གཏམ་དུ། ནུབ་ཕྱོགས་རྒྱལ་ཁབ་དག་གིས་དཔལ་འབྱོར་འཕེལ་རྒྱས་སུ་སོང་ན་རྒྱ་ནག་དེ་རང་དབང་གི་དམངས་གཙོའི་རྒྱལ་ཁབ་ཅིག་ཏུ་འགྱུར་ཡོང་ཞེས་པའི་ནོར་འཁྲུལ་ཆེ་བའི་ལྟ་བ་ལངས་ཕྱོགས་འོག་ལོ་མང་པོར་རེ་སྒུག་བྱས་ཀྱང་། ད་ལྟ་རེ་བ་དེ་རེ་སྟོང་ཞིག་ཡིན་པ་བདེན་དཔང་བྱས་ཟིན་པས། ད་ནི་རྨོངས་པའི་གཉིད་ལས་སད་རན་རེད། ང་ཚོའི་རེ་སྒུག་སྐབས་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དེ་དམངས་གཙོའི་དུར་སར་བསྒྱུར། བོད་དང་ཡུ་གུར། སོག་ཡུལ་སོགས་སུ་རིགས་ཚོགས་གཙང་སེལ་གྱི་ལས་འགུལ་རིམ་པ་སྤེལ་པ་ལ་སོགས། འདས་པའི་རྒྱ་ནག་གི་ངན་སྤྱོད་དང་གཡོ་སྒྱུ་ལ་གཞིགས་ནས། པེ་ཅིང་ལ་གདོང་ཕྱོགས་དུས། ང་ཚོས་ངེས་པར་དུ་ཡིད་ཆེས་མེད་པ་དང་། དུས་ནས་དུས་སུ་ཡང་ཡང་ལྟ་ཞིབ་བྱེད་དགོས་ཞེས་བཀོད་འདུག
༼འཆི་བདག་རྒྱ་ནག༽ ཅེས་པའི་དེབ་འདིར་རྒྱ་ནག་གཞུང་གིས་དོ་སྣང་ཆེན་པོ་བྱས་ཡོད་ལ་ཨ་རི་གཞུང་དམངས་གཉིས་ཀས་ཀྱང་དོ་སྣང་ཆེན་པོ་བྱས་འདུག
དཔེར་ན་ཨ་རིའི་སྲིད་འཛིན་དགྲ་ནོན་ཁྲོ་འབར་མཆོག་གིས་དེབ་འདིས་ང་ཚོ་དང་རྒྱ་ནག་བར་གྱི་གནད་དོན་མང་པོ་ཞིག་བྲིས་ཡོད་པས་ཚང་མས་དེབ་འདི་ཀློག་རྒྱུར་ངས་སྐུལ་མ་བྱས་པ་ཡིན་ཞེས་དང་། དེ་བཞིན་དུ་ཨ་རིའི་གྲོས་ཚོགས་འཐུས་མི་རོ་ར་བྷ་ཆུར་ལགས་ཀྱིས་དེབ་འདིས་ཞི་བདེ་མིན་པའི་རྒྱ་ནག་གིས་འཛམ་གླིང་ལ་གནོད་འཚེ་ཆེན་པོ་གཏོང་གིན་པའི་ཉེན་བརྡ་གསལ་བོ་བརྒྱབས་འདུག་ཅེས་དང་། ཡང་ཨ་རིའི་དཔལ་འབྱོར་རིག་པ་བ་ཨ་ཨན་ཧྥི་ཆིར་ལགས་ཀྱིས་རྒྱ་ནག་གིས་རང་དབང་ཉོ་ཚོང་གི་དར་ཆ་འཕྱར་ནས་ཚོང་ལས་གཙིགས་འཛིན་རིང་ལུགས་དང་། ཉོ་ཚོང་སྲུང་སྐྱོབ་རིང་ལུགས། དེ་བཞིན་དམག་ཤེད་བེད་སྤྱད་ནས། གོ་རིམ་ལྡན་པའི་ངང་ཨ་རིའི་དཔལ་འབྱོར་ཉམས་དམས་སུ་གཏོང་ཐབས་བྱས་པའི་རྣམ་པ་དེབ་འདིས་ཞིབ་ཕྲས་བཏོན་ཡོད་པས། ཨ་རི་བ་ཚང་མས་དེབ་འདི་ངེས་པར་དུ་ཀློག་དགོས་ལ། ལྷག་དོན་ཨ་རིའི་གྲོས་ཚོགས་འཐུས་མི་རྣམ་པས་འཆི་བདག་རྒྱ་ནག་ཀློག་དགོས་ཞེས་ཚོར་ཤུགས་ཆེན་པོ་སྐུལ་མ་བྱས་འདུག
ཀློག་པ་པོ་མང་པོ་ཞིག་གིས༼འཆི་བདག་རྒྱ་ནག༽ཞེས་པའི་དེབ་འདི་མཚམས་སྦྱོར་བྱས་པ་ནང་བཞིན། བདག་གིས་ཀྱང་རྒྱ་ཆེ་བའི་བོད་རིགས་ཀློག་པ་པོའི་སྡེ་ལ་དེབ་འདི་མཚམས་སྦྱོར་བྱེད་འདོད་བྱུང་། གལ་ཏེ་ཉིད་ཀྱིས་དེབ་གཅིག་ཁོ་ན་ཀློག་ནས་རྒྱ་ནག་གི་ལྐོག་མཚང་ཤེས་འདོན་ན༼འཆི་བདག་རྒྱ་ནག༽ ཀློག གལ་ཏེ་ཉིད་ཀྱིས་དེབ་གཅིག་ཁོ་ན་ཀློག་ནས་རྒྱ་ནག་དམར་གཞུང་གིས་འཛམ་གླིང་ཡོངས་ལ་གནོད་འཚེ་ག་ཚོད་ཅིག་གཏོང་གིན་ཡོད་མེད་ཤེས་འདོད་ན༼འཆི་བདག་རྒྱ་ནག༽ཀློག མདོར་ན ༼འཆི་བདག་རྒྱ་ནག༽ ཅེས་པའི་དེབ་འདི་ནི་རྒྱ་ནག་དམར་གཞུང་ངོ་མ་དེ་ཤེས་པར་འཇུག་པའི་ལྡེ་མིག་ཅིག་ཡིན་པར་ངོས་འཛིན་དང་ཡིད་ཆེས་བརྟན་པོས་སྤྱིར་བཏང་བོད་མི་ཡོངས་དང་། ནང་སྒོས་སུ་བོད་ཕྱི་རོལ་དུ་མཚར་ལོངས་བྱུང་བའི་བོད་བྱེས་བཞུགས་བོད་རིགས་སྤུན་ཟླ་ཚོས་ཅིས་ཀྱང་ཀློག་དགོས་པའི་དེབ་ཅིག་སྟེ༼འཆི་བདག་རྒྱ་ནག༽ལྷན་རྒྱས་ཚོར་མཚམས་སྦྱོར་དང་ཀློག་སྐུལ་ནན་གྱིས་ཞུས་པ་ཡིན།