
ཉེ་ལམ་སྤྱི་ཟླ ༢ ཚེས ༢༧ ཉིན། ཨེ་སི་ལམ་ཁ་ཆེ་རྒྱལ་ཁབ་ཟེར་བའི་སྒྲིག་འཛུགས་ཀྱི་ཡན་ལག་ཚོགས་པ་ཞིག་གིས་བརྙན་པར་ཞིག་ཡོངས་ཁྱབ་ཏུ་བསྒྲགས་ནས། ཡུ་གུར་བའི་དྲག་པོའི་འཐབ་འཁྲུག་པས་རྒྱ་ནག་གཞུང་ལ་འཁོན་ལན་སློག་རྒྱུ་ཡིན་ཚུལ་འཇིགས་པ་བསྐུལ་འདུག
ཁ་ཆེའི་བསྟན་སྲུང་དམག་མིར་ལྟ་སྐུལ་བྱེད་མཁན་ཤེས་ནུས་དྲྭ་ཚིགས་ཚོགས་པས (Site Intelligence Group)བསྒྱུར་བའི་བརྙན་པར་དེའི་སྐད་ཆའི་ འགྱུར་ལ་གཞིགས་ན། དུས་ཡུན་སྐར་མ ༣༠འི་བརྙན་པར་དེ་ནི་ཨེ་རག་གི་ནུབ་རྒྱུད་ཁུལ་བཙན་འཛིན་བྱས་པའི་ཨེ་སི་ལམ་ཁ་ཆེ་རྒྱལ་ཁབ་ཟེར་བའི་སྒྲིག་འཛུགས་དེའི་ཡན་ལག་ཚོགས་པ་ཞིག་གིས་ཁྱབ་བསྒྲགས་བྱས་ཤིང་། བརྙན་པར་དང་མཉམ་དུ་ཨ་རབ་ཀྱི་ཡི་གེ་དང་ཡུ་གུར་གྱི་ཡི་གེ་གཉི་གའི་གསལ་བཤད་ཡོད་པ་དང་། བརྙན་པར་ནང་ཡུ་གུར་བའི་འཐབ་མོ་བ་ཡིན་ཟེར་བ་འགའ་དང་། སྒྲིག་འཛུགས་ཀྱི་གསང་བ་ཕྱི་ལ་བཤད་པའི་ཉེས་ཆད་ཕོག་མཁན་འགའི་སྐེ་གཏུབ་པའི་བརྙན་པར་བཅས་བསྟན་འདུག
གོང་ཞུས་ཤེས་ནུས་དྲྭ་ཚིགས་ཚོགས་པའི་འགྱུར་ལྟར་ན། དེའི་ཁྲོད་ཀྱི་དྲག་ཆས་པ་ཞིག་གིས་སྲོག་ཆད་གཅོད་སྐབས། རྒྱ་ནག་པས་ཁོང་ཚོའི་སེམས་ཚོར་ལ་བསམ་ཤེས་བྱེད་མི་ཐུབ། ཁོ་ཚོ་ནི་ཥ་ལི་ཧྥ(khalifah)ཡི་འཐབ་མོ་བ་ཡིན། ང་ཚོའི་ལག་གི་མེ་མདའ་ཡིས་རྒྱ་ནག་པར་སྐད་ཆ་བཤད་ངེས་ཡིན་ལ། རྒྱ་ནག་ནང་ཁྲག་གི་འཁོར་ལོ་བསྐོར་ནས། གཉའ་གནོན་འོག་གི་མི་རྣམས་ལ་འཁོན་ལན་སློག་རྒྱུ་ཡིན་ཞེས་འཇིགས་སྐུལ་བྱས་འདུག
དཀྱིལ་ཤར་བསྟན་སྲུང་དམག་གིས་དམག་བསྡུ་རྟ་ཉོ་བརྒྱུད་སྟོབས་ཤུགས་རྒྱ་སྐྱེད་པར་རྒྱ་ནག་གཞུང་གིས་དོགས་ཟོན་ནན་མོ་བྱེད་ཀྱིན་ཡོད་ལ། ལྷག་པར་དུ་རྒྱ་ནག་གི་བཙན་དབང་འོག་ཡོད་པའི་ཤར་ཏིར་ཀི་སི་ཐན་ནམ་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཟེར་བའི་ནང་དེ་བས་ཀྱང་དོགས་ཟོན་དང་གཟབ་ནན་བྱས་དང་བྱེད་ཀྱིན་ཡོད། ཉེ་ཆར་ཞིབ་འཇུག་སྡེ་ཚན་གཉིས་ཀྱིས་བཀྲམས་པའི་ཕྱིར་ཤོར་བའི་ཨེ་སི་ལམ་ཁ་ཆེ་རྒྱལ་ཁབ་ཟེར་བའི་སྒྲིག་འཛུགས་ཀྱི་གསང་བའི་ཡིག་ཆ་ལྟར་ན། རྒྱ་ནག་གི་མི་སེར ༡༠༠ ལྷག་སི་རི་ཡ་ནས་ཨེ་སི་ལམ་ཁ་ཆེ་རྒྱལ་ཁབ་ཟེར་བའི་སྒྲིག་འཛུགས་ཀྱི་ཁོངས་སུ་ཞུགས་ཡོད་པ་བཀོད་ཡོད་པ་དང་། དེ་བཞིན་དུ་རྒྱ་ནག་གཞུང་གིས་ཡུ་གུར་བ ༣༠༠ ཡས་མས་ཤིག་གིས་སི་རི་ཡ་དང་ཨེ་རག་དུ་ཡོད་པའི་ཁ་ཆེ་བསྟན་སྲུང་དམག་གི་དམག་འཐབ་ཁྲོད་ཞུགས་ཡོད་ལུགས་བཤད་འདུག
རྒྱ་ནག་ཕྱི་རོལ་གྱི་རིགས་གཅིག་རྐང་འཛིན་ཆེད་མཁས་པས་ཡུ་གུར་བའི་དྲག་ཆས་མི་སྣ་ལ་ནུས་ཤུགས་ག་ཚོད་ཅིག་ཡོད་པར་དོགས་པ་ཟས་ཡོད། དབྱེ་ཞིབ་པ་ལ་ལས། རྒྱ་ནག་གཞུང་གིས་བསམ་ངན་ཁོག་བཅུག་གིས་ཡུ་གུར་བའི་ཉེན་ཁ་ཆེ་ལུགས་སྒྲོ་འདོགས་བྱས་ནས། རྒྱ་ནག་གཞུང་གིས་ཞིན་ཅང་ས་ཁུལ་དུ་གཞི་རྒྱ་ཆེན་པོའི་དྲག་གནོན་གྱི་ལས་འགུལ་ལ་ཁ་གཡར་ས་དང་ཁག་དཀྲི་ས་བྱས་ཚུལ་སྐྱོན་བརྗོད་བྱས་འདུག
ཨེ་སི་ལམ་ཁ་ཆེ་རྒྱལ་ཁབ་ཟེར་བའི་སྒྲིག་འཛུགས་དེས་བསྒྲགས་པའི་བརྙན་པར་དེའི་དམིགས་ཡུལ་ངོ་མ་དེ་གང་ཡིན་བཤད་དཀའ་ཡང་། བརྙན་པར་དེ་བསྒྲགས་པས་རྒྱ་ནག་གཞུང་གིས་ནམ་རྒྱུན་བཤད་བསྡད་པའི་བསྟན་སྲུང་དམག་གི་འཇིགས་སྐུལ་དྲག་སྤྱོད་པའི་ཉེན་ཁ་ཆེན་པོ་འདུག་ཅེས་པའི་བཤད་སྟངས་དེ་བདེན་པའི་ར་སྤྲོད་བྱས་པ་རེད། ཡིན་ན་ཡང་། གཅིག་བགྱིས་ན་བསམ་བཞིན་དུ་རྒྱ་ནག་གི་གཞི་མེད་ཉེན་འཛུགས་ལྟར། རྒྱ་ནག་གཞུང་གིས་འཇིགས་སྐུལ་དྲག་སྤྱོད་པར་ངོས་འཛིན་བྱས་ནས་ཉེས་མེད་ཉེས་འཛུགས་དང་། མ་ཡིན་ཡིན་མདོག་གིས་རྡུང་རྡེག་ཚད་མེད་པ་བྱས་དང་བྱེད་ཀྱིན་པར་ཡ་ལན་གྱི་ཚུལ་དུ་བསྒྲགས་པའང་ཡིན་སྲིད།
དེ་མིན་དུས་ཀྱི་ཆ་ནས་ཀྱང་ཆེད་དམིགས་ཀྱི་རྣམ་པ་ཡོད་ལ། དེའང་ཨེ་སི་ལམ་ཁ་ཆེ་རྒྱལ་ཁབ་ཟེར་བའི་སྒྲིག་འཛུགས་ཀྱིས་རྒྱ་ནག་ནང་ཁྲག་གི་རྒྱ་མཚོ་བསྐྱིལ་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་བའི་ཉི་མ་དེར། རྒྱ་ནག་གི་ཚད་ལྡན་དམག་དང་། དྲག་ཆས་ཉེན་རྟོག་པ། ཉེན་རྟོག་པ་བཅས་མི་ཆིག་ཁྲི་བརྒལ་བས་གྲུབ་པའི་མིང་ལ “འཇིགས་སྐུལ་དྲག་སྤྱོད་པར་རྒོལ་རྡུང་དང་བརྟན་བརླིང་ལ་སྲུང་སྐྱོབ” ཅེས་བཏགས་པའི་དཔུང་འཇུག་དམ་བཅའི་ཚོགས་ཆེན་ཟེར་བ་ཞིག་ཞིན་ཅང་རང་སྐྱོང་ལྗོངས་ཀྱི་རྒྱལ་ས་ཨོ་རོམ་ཆི་རུ་བསྐོངས་པ་དང་ཆབས་ཅིག གཞི་རྒྱ་ཆེན་པོས་དྲག་གནོན་ལས་འགུལ་གསར་བ་ཞིག་གི་མགོ་བརྩམས་ཡོད་པ་རེད། དེའི་མ་ཚད་དཔུང་འཇུག་དམ་བཅའི་ཚོགས་ཆེན་དེའི་ཁྲོད་ཁྲབ་ལྡན་འཁོར་ལོ་དང་། ཐད་འཕུར་གནམ་གྲུ ལྕགས་ཁྲབ་འཐབ་འཁོར་སོགས་བརྒྱ་ཕྲག་མང་པོའང་ཞུགས་ཡོད་འདུག
རྒྱ་ནག་གཞུང་གིས་ཞིན་ཅང་ཧྲིལ་བོར་དམ་དྲག་ཤིན་ཏུ་ནན་མོ་བྱེད་ཀྱིན་ཡོད་ཀྱང་། ཉེན་ཚབས་ཆེ་བའི་དྲག་པོའི་འཇབ་རྒོལ་རིགས་ད་དུང་ཡང་བསྟུད་མར་བྱུང་གིན་ཡོད་ལ། རྒྱ་ནག་གཞུང་འབྲེལ་གནས་ཚུལ་ལྟར་ན། ཟླ་བ་སྔོན་མར་ལག་ཏུ་གྲི་བཟུང་བའི་མི་གསུམ་གྱིས་ཞིན་ཅང་ས་ཁུལ་དུ་འཇབ་རྒོལ་བྱས་ནས་མི་ལྔ་དོན་རྐྱེན་ཁྲོད་ཤི་ཡོད་པ་རེད།
ཞིན་ཅིང་གི་ས་ཁུལ་ཞིག་གིས་སྤེལ་བའི་གསལ་བསྒྲགས་ལྟར་ན། གལ་ཏེ་འཇིགས་སྐུལ་དྲག་སྤྱོད་པ་ཐེར་འདོན་བྱེད་མཁན་དང་། ཡང་ན་འཇིགས་སྐུལ་པར་འཐབ་འཁྲུག་རྒྱག་མཁན་སོགས་ལ་རྒྱ་ནག་མི་དམངས་ཤོག་སྒོར་ས་ཡ་ལྔ་ཡི་བྱ་དགའ་ཡོད་ཚུལ་གསལ་བསྒྲགས་བྱས་འདུག
ཞིན་ཅང་གཞུང་འབྲེལ་ཞིན་ཧྭ་དྲྭ་ཚིགས་སུ། ཞིན་ཅང་རང་སྐྱོང་ལྗོངས་དམར་ཤོག་དྲུང་ཆེ་ཁྲིན་ཆོན་གོ་ཟེར་བས་འཇིགས་སྐུལ་དྲག་ཚོགས་དང་འཇིགས་སྐུལ་དྲག་སྤྱོད་པ་ཡོད་ཚད་མི་དམངས་འཐབ་འཁྲུག་གི་རྒྱ་མཚོའི་དུར་དུ་ཆུགས་ཞེས་ངར་སྐད་བརྒྱབས་འདུག ཁྲིན་ཆོན་གོ་ཟེར་བ་དེས་དེ་སྔ་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ལོ་མང་རིང་ཁུར་བ་རེད།
རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པས་སྤྱི་ཟླ ༣ ཚེས ༡ རེས་གཟའ་ལྷག་པའི་ཉིན། ཁོང་ལ་བརྙན་པར་དེའི་སྐོར་རྒྱུས་ལོན་མེད་ལུགས་དང་སྦྲགས། རྒྱ་ནག་གཞུང་གིས་འཇིགས་སྐུལ་རིང་ལུགས་རིགས་མཐའ་དག་ལ་ངོ་རྒོལ་ཡོད་ཅེས་འགྲེལ་བཤད་གནང་འདུག
རང་དབང་སྡེ་ཚན་གྱི་ཞིབ་འཇུག་སྙན་ཐོ་དང་། ཡང་ན་རྒྱ་ནག་གཞུང་སོགས་ཀྱིས་ཡུ་གུར་བ་སྐོར་ཞིག་ཁ་ཆེ་བསྟན་སྲུང་དམག་ཏུ་ཞུགས་ཡོད་ལུགས་ཡང་ནས་ཡང་དུ་བཤད་ཡོད་ཀྱང་། ད་བར་བདེན་དཔང་གསལ་བོ་ཞིག་བྱེད་ཐུབ་མེད། འོད་ཀྱང་། ཉེ་ཆར་བསྒྲགས་པའི་བརྙན་པར་དེ་ནི། ཕྱི་རོལ་ཡུལ་གྱིས་དངོས་སུ་མཐོང་བའི་ཡུ་གུར་བའི་སྐད་བཤད་པའི་དྲག་ཆས་མི་སྣ་ཞིག་གིས་ཨེ་སི་ལམ་ཁ་ཆེ་རྒྱལ་ཁབ་ཟེར་བའི་སྒྲིག་འཛུགས་ལ་སྲི་ཞུ་སྒྲུབ་ཀྱིན་པའི་བདེན་དཔང་ཐོག་མ་དེ་ཡིན། བརྙན་པར་དེ་ལས་ཤེས་ཐུབ་པའི་གནད་དོན་གཞན་ཞིག་ནི། རྒྱ་ནག་དེ་ཨེ་སི་ལམ་ཁ་ཆེ་རྒྱལ་ཁབ་ཟེར་བའི་སྒྲིག་འཛུགས་ཀྱི་དམིགས་འབེན་དུ་གྱུར་ཡོད་པ་དེ་རེད།
གོང་ཞུས་འདི་ལྟ་བུའི་བརྙན་པར་ཞིག་བསྒྲགས་པ་དེས་རྒྱ་ནག་གིས་ཞིན་ཅང་ཡུ་གུར་ས་ཁུལ་དུ་ལོ་མང་རིང་སྤེལ་བའི་མི་ཆོས་དང་བྲལ་བའི་དྲག་པོའི་རྡུང་རྡེག་གི་ལས་འགུལ་རིགས་མཐའ་དག་ཁྲིམས་མཐུན་དང་། ཡང་ན་གནས་ལུགས་རྒྱུ་མཚན་དང་ལྡན་པར་གྱུར་ཡོད་པས། མངོན་གསལ་དོད་པོ་ནས་ཤིན་ཏུ་མངོན་གསལ་དོད་པས་དྲག་གནོན་བྱེད་སྲིད་ལ། དེང་གི་འཛམ་གླིང་ཧྲིལ་བོའི་ཐུན་མོང་གི་ལྟ་བ་ཞིག་ནི། འཇིགས་སྐུལ་དྲག་སྤྱོད་པར་རྒོལ་རྡུང་གི་ལས་མཐའ་དག་ཁྲིམས་མཐུན་ལུགས་མཐུན་ཡིན། དེ་ལྟ་ན། ཨེ་སི་ལམ་ཁ་ཆེ་རྒྱལ་ཁབ་ཟེར་བའི་སྒྲིག་འཛུགས་ཀྱིས་རྒྱ་ནག་ཏུ་ཁྲག་གི་རྒྱ་མཚོ་བསྐྱིལ་ཐུབ་མིན་བཤད་དཀའ་ཡང་། རྒྱ་ནག་གཞུང་གིས་ཤར་ཏིར་ཀི་ས་ཐན་ནམ་ཞིན་ཅང་དུ་ཁྲག་གི་འཁོར་ལོ་བསྐོར་མི་སྲིད་པ་མིན། སེམས་ཁྲལ་འདི་ཡོ་རོབ་འཇར་མེན་ན་ཡོད་པའི་འཛམ་གླིང་ཡུ་གུར་བའི་ཚོགས་ཆེན་གྱི་མགྲིན་ཚབ་པ་སྐུ་ཞབས་ཏེལ་ཞ་ཐི རི་ཞི་ཐི་ལགས་ལའང་ཡོད་ལ། དེ་ཡང་ཁོང་གིས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས། རྒྱ་ནག་གཞུང་གིས་ཞིན་ཅང་ས་ཁུལ་དུ་ལོ་མང་རིང་ལག་ལེན་དུ་བསྟར་གྱིན་པའི་དམ་དྲག་གི་སྲིད་ཇུས་དེ་ཧ་ཅང་ཧ་ཅང་གི་དྲག་པོ་རེད། བརྙན་པར་དེ་ལ་ཁ་གཡར་ནས་རྒྱ་ནག་གཞུང་གིས་ཞིན་ཅང་ས་ཁུལ་དུ་སྔར་ལས་ཀྱང་ལྷག་པའི་དམ་དྲག་གི་སྲིད་ཇུས་མི་འཛིན་རྒྱུའི་རེ་བ་ཡོད་ཅེས་བློ་དོགས་ཤིག་དང་མཉམ་དུ་བཤད་འདུག
གང་ལྟར་བརྙན་པར་ནང་སྐད་ཆ་བཤད་མཁན་ལུས་ཧྲིལ་བོ་ལྭ་བ་ནག་པོ་གོན་པའི་སྐྱེས་པ་དེ་ཡུ་གུར་བ་ཞིག་ཡིན་མིན་མི་ཤེས་ཀྱང་། བརྙན་པར་དེ་ནི་ཨེ་སི་ལམ་ཁ་ཆེ་རྒྱལ་ཁབ་ཟེར་བའི་སྒྲིག་འཛུགས་དེས་རྒྱ་ནག་གཞུང་ལ་སྤྲད་པའི་དམག་བརྡ་ཞིག་ཏུ་ངོས་འཛིན་བྱེད་ཆོག
རྒྱ་ནག་གཞུང་གིས་ཤར་ཏིར་ཀི་སི་ཐན་ནམ་ཞིན་ཅང་ས་ཁུལ་དུ་ཡུ་གུར་མི་རིགས་ཀྱི་ཆོས་ལུགས་དད་མོས་དང་ཡུལ་སྲོལ་གོམས་གཤིས་ལ་དམ་དྲག་དང་བཏང་འཛིན་ཚད་ལས་བརྒལ་བ་བྱས་ཡོད་ལ། དཔེར་ན་ཡུ་གུར་བ་སྐྱེས་པ་ཚོས་ཁ་སྤུ་བཞག་མི་ཆོག་པ། བུད་མེད་ཚོས་ལུས་གཡོག་ལྭ་རིང་གོན་མི་ཆོག་པ། ཁ་ཆེ་བའི་སྨྱུང་གནས་དུས་ཆེན་སྐབས་ཡུ་གུར་བ་ཚོས་སྨྱུང་གནས་སྲུང་མི་ཆོག་པ་སོགས་དམ་དྲག་བྱས་ཡོད། རྒྱ་ནག་གཞུང་གིས་ཡུལ་སྲོལ་དེའི་རིགས་ནི་ཨེ་སི་ལམ་ཁ་ཆེའི་ཐལ་དྲག་རིང་ལུགས་ཀྱི་མཚོན་རྟགས་ཡིན་ལུགས་བསྙད་ཡོད་པ་རེད།
གོང་ཞུས་བརྙན་པར་དེའི་ནང་ང་ཚོ་ནི་ཥ་ལི་ཧྥ(khalifah)ཡི་འཐབ་མོ་བ་ཡིན་ཞེས་གླེང་ཡོད་པས། ཥ་ལི་ཧྥ་ཟེར་བ་དེ་ཅི་ཞིག་ཡིན་ནམ་ཞེ་ན། ཥ་ལི་ཧྥ་ནི་ཨེ་སི་ལམ་ཁ་ཆེའི་ཆོས་སྲིད་གཉི་ཀའི་དབང་འཛིན་པ་མཐོ་ཤོས་ཀྱི་མཚན་གནས་ཡིན་ལ། རྒྱལ་བོ་དང་གཅིག་མཚུངས་རེད། དེ་མིན་ཁ་ཆེ་ཆོས་ལུགས་ཀྱི་སོ་ནེ་གྲུབ་མཐའི་དབུ་ཁྲིད་ཀྱི་མཚན་གནས་ཀྱང་ཡིན། ཁ་ཆེའི་སྟོན་པ་མོ་ཧན་མོ་དྷི་སྐུ་གཤེགས་རྗེས་ཁ་ཆེའི་ཨ་རབ་སྲིད་དབང་གི་དབུ་ཁྲིད་ལ་ཥ་ལི་ཧྥ་ཟེར་ཞིང་། ཡོང་ཁུངས་དེ་ཨ་རབ་ཀྱི་སྐད་ཡིན། དེ་ལ་ཁྲི་འཛིན་དང་། སྲིད་ཚབ། རྒྱུད་འཛིན་པ་སོགས་ཀྱི་གོ་དོན་ཡང་ཡོད།