
༡༩༨༢ ལོར། ས་རྡུལ་གྱིས་བར་སྣང་ཁེངས་པའི་རྒྱ་ནག་ཀྲེང་ཏིང་རྫོང་ཆུང་དེ་མི་གཉིས་བསླེབས་བྱུང་། གཅིག་ནི་བཙུན་པ་ཧྲི་ཡུག་མེང་ཡིན་ཞིང་། ཁོང་གིས་ཀྲེང་ཏིང་རྫོང་དཀྱིལ་དུ་ཆགས་པའི་ངོ་མཚར་ཆེ་བའི་དགོན་པ་ཞིག་གཏོར་ཤུལ་གྱི་ཁང་རོ་གྱང་ཆག་ལ་བདག་སྐྱོང་བྱས། གཞན་པ་དེ་ནི་རྒྱ་དམར་གཞུང་གི་མཐོ་རིམ་དཔོན་རིགས་ཤིག་གི་བུ་སྟེ་ཞི་ཅིན་ཕེང་རེད། ལོ་དེར་ཞི་ཅིན་ཕེང་དགུང་ལོ ༢༨ ཡིན་ཞིང་། སྦྱོར་བརྡར་ཆེད་དུ་གཞི་རིམ་ཁུལ་ཏུ་འགོ་ཁྲིད་ལ་མངགས། ད་ལྟའི་རྒྱ་ནག་གི་དབང་ཆ་ཡོང་ཚད་གཅིག་ལྕོགས་ཀྱི་དབུ་ཁྲིད་མཐོ་ཤོས་ཞི་ཅིན་ཕེང་ལགས། སྐབས་དེར་དཔོན་པོ་ཆུང་ཆུང་ཞིག་ལས་མ་རེད།
དམིགས་བསལ་གྱི་དུས་སྐབས་དེར། དམིགས་བསལ་གྱི་ས་ཁུལ་དེར། མི་དེ་གཉིས་བར་དམིགས་བསལ་གྱི་འབྲེལ་བ་ཞིག་ཆགས་པ་མ་ཟད། དེ་ཡི་ཤུགས་རྐྱེན་དུས་དེ་རིང་ད་དུང་ཡང་མཐོང་རྒྱུ་ཡོད། ཞི་ཅིན་ཕེང་གི་རྒྱབ་སྐྱོར་འོག བཙུན་པ་ཡུག་མེང་གིས་རྫོང་གྲོང་དེར་ཆེགས་པའི་ལེན་ཇི་དགོན་པ་སླར་གསོ་གནང་བ་དང་། ལིན་ཇི་དགོན་པ་ནི་རྒྱ་རྒྱུད་ནང་བསྟན་ཆོས་ལུགས་ཀྱི་གྲུབ་མཐའ་ཞིག་གི་གདན་ས་གཙོ་བོ་དེ་ཡིན། རྗེས་སུ་ལས་གནས་འཕོ་སྤོས་བྱས་ཀྱང་། ཞི་ཅིན་ཕེང་དུས་རྟག་ཏུ་ཕྱིར་ཀྲེང་ཏིང་རྫོང་ལ་ཡོང་ནས་མཐུན་གྲོགས་ཡུག་མེང་དང་ཐུག་འཕྲད་གནང་གིན་ཡོད་པའི་མ་ཚད། འགོ་ཁྲིད་མང་པོར་ཀྲེང་ཏིང་རྫོང་དུ་ཆེད་མངག་གིས་ཏང་དང་ཆོས་ལུགས་མཉམ་ལས་མཉམ་གནས་བྱེད་ཐབས་ལ་སློབ་སྦྱོང་བྱེད་དུ་བཅུགས་ཡོད།
ཞི་ཅིན་ཕེང་ཆོས་ལུགས་དང་འབྲེལ་འདྲིས་བྱུང་བའི་དེང་ཐོག་གི་བརྒྱུད་རིམ་ལས། མའོ་ཙེ་ཏུང་སོགས་དབུ་ཁྲིད་གཞན་དག་ལས་རྣམ་པར་མཁྲེགས་པའི་རྒྱལ་ཁབ་འཛིན་སྐྱོང་གི་བྱེད་ཐབས་ཅན་ཞི་ཅིན་ཕེང་ལ་རྒྱུས་མངའ་ཅུང་གཏིང་ཟབ་མོ་ཞིག་རྙེད་ཐུབ། ཕྱིའི་ཡུལ་གྲུ་ཁག་ན་ཁོང་གི་མཚན་སྙན་དགུང་དང་མཉམ་པ་དེ། གཙོ་བོ་མངའ་ཁོངས་རྒྱ་བསྐྱེད་ནས་ལྷོ་རྒྱ་ནག་རྒྱ་མཚོ་ཧྲིལ་བོ་ཧམ་ཟ་བྱེད་ཐབས་བྱས་པ་དང་། མི་རྣམས་ཧ་ལས་དགོས་པའི་རུལ་སུངས་ལ་རྡོང་རྡེག་གི་འགུལ་སྤྱོད་བཅས་རྒྱུ་མཚན་དེ་གཉིས་ཀས་རེད། འོན་ཀྱང་། རྒྱལ་ཁབ་ནང་ཁུལ་དུ། གཙོ་འཛིན་འདིས་གུང་ཁྲན་ཏང་གི་ལམ་ཕྱོགས་ལ་འཕོ་འགྱུར་གཏོང་ཐབས་བྱས་དང་བྱེད་ཀྱིན་ཡོད་ལ། ཐབས་ལམ་གྱི་ཁོངས་སུ་ཆོས་ལུགས་ལ་ལར་རྒྱབ་སྐྱོར་བྱས་པ་བརྒྱུད་ནས་རྒྱ་ནག་པའི་བསམ་བློའི་འཚོ་བའི་གསོན་ཤུགས་རྒྱས་ཐབས་བྱེད་ཀྱིན་ཡོད།
གནའ་ནས་དེང་སང་བར་ཆོས་ལུགས་དུག་ཏུ་མཐོང་པའི་སྲིད་ཚོགས་ཤིག་ཡིན་པའི་ཆ་ནས། ད་ལྟ་ཞི་ཅིན་ཕེང་གི་དབུ་ཁྲིད་པའི་གུང་ཁྲན་ཏང་གིས་ཆོས་ལུགས་ལ་རྒྱབ་སྐྱོར་ཡོད་པའི་བཟོ་བསྟན་པས། བྱེད་ལུགས་འགྲོ་སྟངས་དེས་མི་རྣམས་པའི་སེམས་སུ་རང་དབང་མེད་པར་དད་པ་ལ་ཁ་གཡར་ནས་རང་ཉིད་ཀྱི་དབང་བསྒྱུར་ཁྲིམས་མཐུན་ལུགས་མཐུན་དུ་གཏོང་བའི་མི་དྲག་དབུ་ཁྲིད་རྣམས་ངང་གིས་ཤར་ཡོང་། དཔེར་མཚོན་ཞིག་ནི་ར་ཞི་ཡའི་སྲིད་འཛིན་ཝ་ལཱ་ཌི་མིར ཕུ་ཊོན་ལྟ་བུའོ།
སྤྱི་ཚོགས་སུ་འགལ་བ་ཇེ་དྲག་དང་། དཔལ་འབྱོར་གྱི་འཕེལ་འགྲོས་ཇེ་དལ་ལ་སོང་བ་དང་མཉམ་དུ། རྒྱ་ནག་གིས་རེ་བ་ཆོས་ལུགས་ལ་བཅོལ་ཏེ། དེ་ལ་བརྟེན་ནས་རང་ཉིད་ཀྱི་དབང་ཤུགས་མུར་གནས་ཡོང་ཐབས་བྱེད་ཀྱིན་ཡོད།
ཞི་ཅིན་ཕེང་གིས་རྒྱ་ནག་དེ་ནང་ཆོས་ལྟ་བུའི་ཆོས་ལུགས་ཆེ་ཁག་སྲུང་སྐྱོབ་བྱེད་མཁན་རྒྱལ་ཁབ་ཞིག་ལ་བཞེངས་སྐྲུན་བྱེད་འདོད་ཡོད་པའི་མ་ཚད། དེ་ལ་བརྟེན་ནས་ཨ་མེ་རི་ཀས་སྣེ་ཁྲིད་པའི་ས་ཡི་གོ་ལའི་སྟེང་རྒྱ་ནག་གི་གོ་ས་ཇེ་མཐོར་གཏོང་འདོད་ཀྱང་ཡོད། ད་ལྟའི་མཐའ་མའི་གཏན་ཁེལ་མིན་པའི་གོ་སྒྲིག་ལྟར་ན། ཞི་ཅིན་ཕེང་དང་དགྲ་ནོན་ཁྲོ་འབར་གཉིས་ཟླ་རྗེས་མར་ཨ་རིའི་ལྷོ་སྣེའི་གླིང་ཕྲན་ཞིག་ཏུ་མཇལ་འཕྲད་གནང་འཆར་ཡོད་པ་རེད།
དོན་ངོ་མའི་བཤད་ན། ཞི་ཅིན་ཕེང་གི་ལེགས་བཤད་ཅིག་ནི། མི་དམངས་ལ་དད་པ་ཡོད་ན། མི་རིགས་ལ་རེ་བ་ཡོད། རྒྱལ་ཁབ་ལ་སྟོབས་ཤུགས་ཡོད། ཅེས་པ་དེ་རེད།
རྩ་བའི་ཆ་ནས་གུང་ཁྲན་ཏང་ཆོས་ལུགས་ལ་གཏན་ནས་མི་དགའ་བ་མིན་མོད། ༡༩༤༩ ལོར་ནང་ཁུལ་འཁྲུག་རྩོད་ལས་རྣམ་པར་མ་རྒྱལ་བའི་ཡར་སྔོན། གུང་ཁྲན་ཏང་གིས་རྒྱ་ནག་ནུབ་བྱང་ཁུལ་དུ་རྟེན་གཞི་ས་ཁུལ་བཙུགས་པ་རེད། དེ་ཡི་ཚོགས་མི་ནད་ཡམས་དང་འཇབ་རྒོལ་སོགས་ཀྱི་དབང་གིས་ཤིན་ཏུ་ཇེ་ཉུང་དུ་སོང་བ་དང་། གུང་ཁྲན་ཏང་ལ་ས་གནས་ས་ཁུལ་དེའི་མཐུན་གྲོགས་དགོས་མཁོ་ཧ་ཅང་ཆེ་ཞིང་། དཔེར་ན་བོད་རྒྱུད་ནང་བསྟན་གྱི་ནང་པ་བ་དང་ཧེ་རིགས་ཁ་ཆེ་ཆོས་ལུགས་པ། ད་དུང་ལྷག་བསམ་དག་པའི་གཞུང་དྲང་རྒྱ་རིགས་ཞིང་པ། དགོས་དབང་དེར་གཞིགས་ནས་གུང་ཁྲན་ཏང་གིས་དངོས་ཕན་རིང་ལུགས་ཀྱི་ལམ་ལུགས་ལག་ལེན་དུ་བསྟར་བ་རེད། ཆོས་ལུགས་ཀྱིས་དེ་ཡི་དབང་བསྒྱུར་ལ་གནོད་འཚེ་མེད་པའི་གནས་སྟངས་འོག ཕལ་ཆེར་འབྲེལ་ཡོད་ལས་དོན་ལ་ཐེ་གཏོགས་བྱས་མེད།
༡༩༥༠ལོའི་མཇུག་ཏུ་གནས་ཚུལ་ལ་འགྱུར་བ་ཐེབས་སོང་། སྐབས་དེར། མའོ་ཙེ་ཏུང་ཁོང་གི་སྐུ་ཚེ་ཧྲིལ་བོའི་མཇུག་མཐའི་རིམ་པ་དེར་གོམ་ཁ་ཕྱོགས་ཤིང་། དེ་ནི་རང་སྣང་དགུང་དང་མཉམ་པའི་དུས་སྐབས་ཤིག་ཡིན། མའོ་ཡི་བཀའ་བཀོད་ལྟར་དགོན་པ་དང་ལྷ་ཁང་ཁྲི་ཕྲག་མང་པོ་རྩ་གཏོར་བཏང་། ཡིན་ན་ཡང་། ཏང་ནང་ཁུལ་གྱི་མི་སྐོར་ཞིག་གིས་གཟབ་ནན་གྱི་རྣམ་འགྱུར་བཟུང་ཡོད་ལ། མཐར་མཇུག་མི་དེ་དག་གིས་དབང་ཆར་བཏང་འཛིན་བྱས།
ཞི་ཅིན་ཕེང་གི་ཕ་རྒན་ཞི་ཀྲུང་ཞུན་ནི་བདེན་དོན་ལ་ཡིད་ཆེས་བྱེད་མཁན་གྱི་ཁྲོད་གནད་འགག་གི་མི་སྣ་དེ་ཡིན། ཞི་ཀྲུང་ཞུན་གྱིས ༡༩༨༠ ལོའི་བསྟོད་ནས་བཟུང་གུང་ཁྲན་ཏང་གི་ཆོས་ལུགས་ལས་དོན་ལ་འཛིན་སྐྱོང་དོ་དམ་གནང་ཞིང་། ལོ་གཉིས་ཀྱི་རྗེས་སུ་ཁོང་གི་འགོ་ཁྲིད་འོག རྒྱ་ནག་དབུས་གཞུང་གིས་དུས་དེ་རིང་ད་དུང་ཡང་གལ་ཆེན་དུ་ཆགས་པའི་ཆོས་ལུགས་སྲིད་ཇུས་ཐད་ཀྱི་ཡིག་ཆ་དེ་ཁྱབ་བསྒྲགས་བྱས་ཤིང་། ཡིག་ཆ་དེ་ནི་ཡིག་ཆ་ཨང ༡༩ བ་ཟེར་བ་དེ་ཡིན། ཡིག་འབྲུ་ཁྲི་གཅིག་སྟོང་གཅིག་གི་ཡིག་ཆ་དེས་ཆོས་ལུགས་བྱེད་སྒོར་དམ་དྲག་བྱེད་མི་རུང་བ་ཚོགས་མི་ཚོར་ཉེན་བརྡ་བཏང་ཡོད་ལ། གལ་ཏེ་དེ་ལྟར་སྤེལ་ཚེ་མི་སེམས་རྒྱང་བཀྱེད་འགྲོ་ཞེས་ཡིག་ཆའི་ནང་བཀོད་འདུག ཡིག་ཆས་དགོན་པ་དང་ལྷ་ཁང་སླར་གསོ་བྱེད་དགོས་པ་མ་ཟད། ཆོས་ལུགས་མི་སྣ་གོ་སྒྲིག་འོས་འཚམས་གནང་དགོས་པའི་དགོས་འདུན་ཡང་བཏོན་ཡོད།
ལོ་དེར་ཁོང་གི་བུ་ཞི་ཅིན་ཕེང་ཀྲེང་ཏིང་རྫོང་དུ་འབྱོར་ཡོད། ཞི་ཅིན་ཕེང་གིས་བཙུན་པ་ཡུག་མེན་ལགས་དང་རྫོང་རྙིང་དེ་རུ་ཆགས་པའི་དགོན་པ་གཉིས་ལ་གདོང་ལེན་བྱེད་སྟངས་ལ། གཅིག་བགྱིས་ན་རྒྱུ་རྐྱེན་མང་པོ་ཞིག་ཡོད་ཀྱང་སྲིད། ཀྲེང་ཏིང་ནི་ཧ་ཅང་གི་ཁེར་རྐྱང་དང་དབུལ་ཕོངས་ཀྱི་ས་ཁུལ་ཞིག་ཡིན། འོན་ཀྱང་། གནའ་རྫོང་དེ་རིག་གཞུང་གིས་ཕྱུག་པས། གལ་ཏེ་ཡུལ་སྐོར་སྤྲོ་འཁྱམ་ལས་རིགས་རིགས་སྤེལ་ཚེ་མདུན་ལམ་ཆེན་པོ་ཡོད་པ་ཚོད་དཔག་བྱེད་ཐུབ། ཞི་ཅིན་ཕེང་གིས་ཁྱིམ་རྒྱུད་ཀྱི་འབྲེལ་བར་བརྟེན་ནས་ཀྲེང་ཏིང་དུ་གནའ་བོའི་གློག་བརྙན་བཟོ་སྐྲུན་རྟེན་གཞི་ཞིག་འཛུགས་བསྐྲུན་བྱས་པ་དང་། ཞི་ཅིན་ཕེང་གིས་དཔལ་འབྱོར་འཕེལ་རྒྱས་འཐབ་ཇུས་ཁྲོད་ཕལ་ཆེར་ཆོས་ལུགས་དེ་སྣ་གཅིག་ལ་ངོས་འཛིན་བྱས་ཡོད་ལོས་ཆེ། ཁོང་གི་ཨ་ཕ་ནང་བཞིན། ཞི་ཅིན་ཕེང་གིས་ཀྱང་གཅིག་བགྱིས་ན་ཆོས་ལུགས་དེ་རྒྱ་ནག་ནང་ཁུལ་གྱི་སྲོལ་རྒྱུན་ཆོས་ལུགས་གཏིང་ཟབ་པའི་ས་ཁུལ་ཁག་འཛིན་སྐྱོང་དང་དོ་དམ་བྱེད་པའི་ལག་ཆ་རུ་བེད་སྤྱད་ཡོད།
འདས་པའི་ལོ་ལྔའི་ནང་བདག་ཐེངས་འགའ་ཤས་ལ་ཀྲེང་ཏིང་ལ་སོང་ནས་བརྟག་དཔྱད་རྗེས། རྒྱ་ནག་གི་ད་ལྟའི་དབུ་ཁྲིད་དེའི་རྙོག་དྲ་ཆེ་བའི་པར་རིས་གཞན་ཞིག་ཤེས་རྟོགས་བྱུང་། ཞི་ཅིན་ཕེང་ནི་དངོས་ཕན་རིང་ལུགས་པ་ཞིག་ཡིན་མོད་ཀྱི། ད་དུང་ཡང་དཔང་རྟགས་ལ་ལ་ལས། ཁོང་གི་ནང་སེམས་ཀྱི་གཏིང་ན་རྒྱ་ནག་གི་སྲོལ་རྒྱུན་ཆོས་ལུགས། དཔེར་ན་ནང་ཆོས་དང་། ཏོ་ལུགས། དམངས་ཁྲོད་ཀྱི་དད་མོས་སོགས་ལ་ལྷག་བསམ་ཟོལ་མེད་ཀྱི་གུས་བཀུར་ཞིག་སྦས་ཤིང་བསྐུངས་པ་མཐོང་ཐུབ། དེ་སྔ་ཁོང་ནི་ལིན་ཇི་དགོན་པའི་དུས་རྒྱུན་དུ་ཡོང་བའི་མགྲོན་པོ་ཡིན། བཙུན་པ་ཡུག་མེད་ལགས་ཀྱིས་དགོན་པ་སླར་གསོའི་ཆེད་ཞལ་འདེབས་སློང་དུས་ཞི་ཅིན་ཕེང་གིས་གཞུང་གི་འགྲོ་ལུགས་ཐད་ཀྱི་བཀག་རྒྱ་སེལ་ཐབས་གནང་ཞིང་། ས་གནས་དེའི་ཟིན་བྲིས་ལ་གཞིགས་ན། ༡༩༨༣ལོར། ལིན་ཇི་དགོན་པ་དེ་དུས་ཧ་ཅང་གོག་གོག་ཧྲུལ་ཧྲུལ་ཡིན་ཡང་། ཞི་ཅིན་ཕེང་གིས་དགོན་པའི་ཆོས་སྒོ་འབྱེད་རྒྱུའི་ཆོག་མཆན་གནང་པའི་མ་ཚད། ཞི་ཅིན་ཕེང་གི་རྒྱབ་སྐྱོར་འོག བཙུན་པ་ཡུག་མེད་ལགས་ལིན་ཇི་དགོན་པའི་དགོན་བདག་ཏུ་བསྐོས་འདུག
དེ་རིང་། ཀྲེང་ཏིང་ནི་མངའ་ཁུལ་རྒྱ་ཆེ་བའི་ཧིག་པེ་ཞིང་ཆེན་གྱི་རྒྱལ་ས་ཧྲི་ཇ་ཀྲུང་གི་ཁོངས་གཏོགས་རྫོང་ཞིག་ཡིན་ལ། ལིན་ཇི་དགོན་པའི་རྣམ་པའང་འགྱུར་བ་ཆེན་པོ་ཕྱིན་འདུག གོག་ཧྲུལ་དུ་སོང་བའི་གནའ་བོའི་མཆོད་རྟེན་རྙིང་པ་ཞིག་ནས་དེ་རིང་གི་འདུ་ཁང་དང་། གྲྭ་ཤག་སོགས་མཁར་གྱི་བཀོད་པས་རྣམ་པར་བརྒྱན་པའི་དགོན་སྡེ་ཞིག་ཏུ་གྱུར་ཡོད། བཙུན་པ་ཡུག་མེན་ལགས་སྤྱི་ལོ ༢༠༡༠ལོར་སྐུ་གཤེགས་པ་དང་། གང་ཉིད་ཀྱི་བཞུགས་ཡུལ་དེ་དེ་རིང་དྲན་རྟེན་ཁང་དང་འཇལ་ས་ཡོད་པའི་གནས་ཁམས་ཆེན་ཞིག་ཏུ་གྱུར་འདུག
རྩད་འཚོལ་ཞིག་གི་སྐབས་སུ། བཙུན་པ་ཡུག་མེད་ལགས་ཀྱི་རྗེས་འབྲང་པ་བཙུན་པ་ཧྲི་ཥིས་ཁྲང་དང་འཇལ་མོལ་གྱི་གོ་སྐབས་བྱུང་། ཥིས་ཁྲང་ལགས ༡༩༨༩ ལོར་ལིན་ཇི་དགོན་པར་འབྱོར་ཞིང་། སྐབས་དེར་ཞི་ཅིན་ཕེང་ལས་འགན་འཕོ་འགྱུར་གྱི་དགོས་དབང་ལྟར་རྒྱ་ནག་གི་མཚོ་འགྲམ་ས་ཁུལ་ཞིག་ཏུ་མངག་ནས་ལོ་མང་ཕྱིན་ཡང་། ཞི་ཅིན་ཕེང་དུས་རྟག་ཏུ་ཀྲེང་ཏིང་ལིན་ཇི་དགོན་དུ་ཡོང་གི་ཡོད་པས། ཁོང་ནི་སྐབས་དེའི་དཔང་མིའི་ནང་གི་གཅིག་ཡིན།
ཞི་ཀྲུའུ་ཞི་ཡིས་ནང་ཆོས་ལ་བླ་ན་མེད་པའི་བྱས་རྗེས་བཞག་ཡོད། ང་ཚོས་བཙུན་པ་ཡུག་མེན་ལགས་ཀྱི་ཕྱག་བྲིས་དང་། ན་བཟའ། ཕྱག་དེབ། སྐུ་པར་ལ་ལྟ་གཟིགས་ཀྱིས་སྐབས་སུ་བཙུན་པ་ཥིས་ཁྲང་ལགས་ཀྱི་དེ་ལྟར་བཤད། ཁོང་གིས་གུས་བཀུར་གྱི་རྣམ་འགྱུར་བཏོན་སོང་། ཡིན་ན་ཡང་ཁོང་ནི་ནང་པ་བ་ཞིག་ཡིན་མིན་ངས་མི་ཤེས། ཁོང་ནི་དབུ་ཁྲིད་གཞན་དག་མང་པོ་དང་མི་འདྲ་བར་ནང་ཆོས་ལ་རྒྱུས་མངའ་ཅན་ཞིག་ཡིན་ཟེར།
ང་ཚོས་བཀྲམ་དངོས་ཤེལ་སྒྲོམ་ཞིག་གི་མདུན་དུ་འགྲོ་མཚམས་བཞག ཤེལ་སྒྲོམ་དེའི་ནང་དུ་ཞི་ཅིན་ཕེང་དང་བཙུན་པ་ཡུག་མེན་རྣམ་པ་གཉིས་ཀྱི ༡༩༨༠འི་ནང་བསྒྲོན་པའི་པར་ཞིག་བཤམས་འདུག ཁོང་རྣམ་པ་གཉི་ཀའི་གཟིགས་བརྙན་དེ་ཅུང་ཁྱད་མཚར་པོ་ཞིག་རེད། ཞི་ཅིན་ཕེང་ནི་དུས་རབས་དེའི་རྒྱ་ནག་པའི་ཁྲོད་གཟིགས་སྟོབས་ཆེ་ཤོས་ཀྱི་གྲས་ཡིན་ཞིང་། སྐུ་གཟིགས་ཀྱི་མཐོ་ཚད་ལ་ཁྲུ་དྲུག་ལྷག་ཡོད་ལ། ལྷོ་ཀོ་རི་ཡའི་གློག་བརྙན་སྐར་ཆེན་ཚོའི་དབུ་སྐྲའི་འཇོག་སྟངས་བཞིན་ཅུང་ཞིག་ལྟག་ཏུ་ཕྱོགས་ནས་འཕྲད་དུ་ཤད་ཡོད་པ་དང་། དབུ་སྐྲ་ནག་ཅིང་སྟུག ཁོང་གི་འཁྲིས་ན་ལངས་པའི་ཡུག་མེན་ལགས་ནི་ངུར་སྨུག་གི་གཟན་ཤམ་མནབས་པའི་བཙུན་པ་སྐུ་གཟིགས་དམའ་མོ་ཅན་ཞིག་ཡིན་ཞིང་། དབུ་སྐྲ་བཞར་ནས་གཙང་མ་གཙང་རྐྱང་། ཞལ་ན་སྒོམ་སྒྲུབ་པ་དག་ལ་མངའ་བའི་འཛུམ་མདངས་ཅན་ཞིག་རེད། བཙུན་པ་ཡུག་མེད་ཀྱི་འཛུམ་མདངས་དེས་བདག་དང་མཉམ་དུ་ཡོད་པའི་མི་འདི་ནི་དེ་སྔ་ངའི་དད་པ་རྩ་གཏོར་བྱེད་མཁན་ཏང་ཁག་དེའི་འཐུས་ཚབ་ཡིན་པས། བདག་གི་ད་ལྟའི་གནས་སྟངས་འདི་ལས་ལྷག་པའི་བག་མེད་ཚུལ་འཆལ་ཞིག་གང་ན་ཡོད་དམ་ཞེས་བཤད་ཀྱིན་པ་དང་ཀུན་ནས་མཚུངས།
ཞི་ཅིན་ཕེང་གི་ཆབ་སྲིད་ལོ་རྒྱུས་ཁྲོད་ཀྲེང་ཏིང་ནི་དམིགས་བསལ་གྱི་དཔེ་མཚོན་དེ་མིན། ༢༠༠༥ ལོར་ཀྲེང་ཏིང་དང་ལིན་ཇི་དགོན་པར་གཟིགས་ཞིབ་སྐབས། ཞི་ཅིན་ཕེང་གིས་ནང་པའི་དབུ་ཁྲིད་ཚོས་ལིན་ཇི་དགོན་པ་ཇི་ལྟར་སླར་གསོ་བྱས་པ་ཞིབ་འཇུག་བྱེད་དགོས་པའི་རེ་འདུན་བཏོན་པ་དང། དེ་ཡི་སྟོན་བྱའི་ནང་དོན་ནི། གཞུང་དང་ཆོས་ལུགས་ལས་རིགས་བར་གྱི་མཉམ་ལས་བྱེད་ཕྱོགས་དེ། དེ་སྔ་ཁོང་གིས་ཀྲེང་ཏིང་རྫོང་དུ་ལས་འགན་འཁུར་དུས་ཀྱི་ལས་དོན་སྤེལ་ཕྱོགས་ལ་མིག་དཔེ་ལྟ་དགོས་ཞེས་པ་ལས་མ་འདས། དེ་དང་ཆབས་ཅིག ཞི་ཅིན་ཕེང་གིས་ནང་པ་བ་ཚོས་རྡོག་རྩ་གཅིག་ཏུ་སྒྲིལ་ནས་རྒྱ་ནག་གི་ཆོས་ལུགས་ཆེ་ཤོས་ཀྱི་འཕེལ་རྒྱས་ལ་ནུས་ཤུགས་འདོན་དགོས་པའི་འབོད་སྐུལ་གནང་ཡོད་ཅིང་། གུང་ཁྲན་ཏང་གི་དབུ་ཁྲིད་མཐོ་གྲས་ཤིག་གིས་དེ་ལྟ་བུའི་འབོད་སྐུལ་བྱས་པ་དེ། རྒྱུན་ལྡན་ཞིག་ག་ལ་ཡིན།
དེ་ཡིས་ཞི་ཅིན་ཕེང་ལ་རང་ཉིད་ཀྱི་ཆོས་ལུགས་དང་དད་པ་ཡོད་པ་མཚོན་ཡོད་དམ། གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ཆ་ནས། རྒྱ་ནག་གི་དབུ་ཁྲིན་རྣམས་ངེས་པར་དུ་ལྷ་མེད་སྨྲ་བ་ཤར་སྟག་ཡིན་དགོས། འོན་ཀྱང་། ཞི་ཅིན་ཕེང་ལ་རྒྱུས་མངའ་ཅན་འགའ་ཡིས་ཁོང་གིས་མ་མཐའ་ཡང་ནང་ཆོས་དང་ཡང་ན་རྒྱ་ནག་གི་སྲོལ་རྒྱུན་ཆོས་ལུགས་ལ་བསྟོད་ཀྱང་བཀུར་བའི་རྣམ་འགྱུར་བཟུང་ཡོད་པར་ཡིད་ཆེས་བྱས་འདུག
བྱིས་པའི་དུས་ཀྱི་གྲོགས་པོ་ཞིག་དང་། ལོ་རབས ༨༠འི་ནང་གི་ཁྱིམ་མཚེས་ཤིག་གིས་ཨ་རིའི་ཕྱི་འབྲེལ་དཔོན་རིགས་ཤིག་དང་གླེང་མོལ་སྐབས། གོང་ཞུས་ལྟ་བ་དེར་ངོས་ལེན་བྱས་འདུག ཝི་ཁི་ལེ་ཁི་སིས་བཀྲམས་པའི་སྒྲ་ཕབ་ཡི་གེ་ལས། ཕྱི་འབྲེལ་འཕྲིན་ཡིག་ནང་དགེ་རྒན་ཆེན་མོ་ཞེས་འབོད་པའི་ཞི་ཅིན་ཕེང་གི་གྲོགས་པོ་རྙིང་པ་དེས། ཞི་ཅིན་ཕེང་ཀྲེང་ཏིང་ནས་ལས་འགན་འཕོ་འགྱུར་ཐེབས་རྗེས་གང་ཉིད་ཧྥུ་ཅན་དུ་ཆེད་བཅར་གྱིས་ཞི་ཅིན་ཕེང་དང་མཇལ་འཕྲད་གནང་བ་དང་། སྐབས་དེར་ཞི་ཅིན་ཕེང་གིས་ནང་ཆོས་དང་། དྲག་རྩལ། རྩ་རླུང་། གཟུགས་པོའི་བདེ་ཐང་ལ་ཕན་པའི་མི་མངོན་པའི་ནུས་ཤུགས། དེ་མིན་ནང་པའི་གདན་ས་ཁག་ལ་དགའ་མོས་ཆེན་པོ་ཡོད་པའི་རྣམ་འགྱུར་བཏོན་ལུགས་འགྲེལ་བརྗོད་གནང་འདུག
དགེ་རྒན་ཆེན་པོ་དེས་ཀྱང་ཞི་ཅིན་ཕེང་དངོས་གནས་ནང་པ་བ་ཞིག་ཡིན་མིན་མི་ཤེས་ཀྱང་། ཞི་ཅིན་ཕེང་གིས་ནང་ཆོས་ལ་ཞིབ་འཇུག་གཏིང་ཟབ་བྱས་ཡོད་པར་ཧ་ལས་སོང་ཚུལ་དང་། ཞི་ཅིན་ཕེང་གིས་རང་བྱུང་ལས་བརྒལ་བའི་ནུས་ཤུགས་ལ་ཡིད་ཆེས་བྱས་འདུག་ཅེས་དགེ་རྒན་ཆེན་པོ་དེས་འགྲེལ་བརྗོད་བྱས་འདུག
གཅིག་བགྱིས་ན་ཞི་ཅིན་ཕེང་ནང་ཆོས་ལ་དགའ་མོས་ཡོད་པ་བདེན་མོད། འོན་ཀྱང་ཞི་ཅིན་ཕེང་གིས་ཡེ་ཤུ་ཆོས་ལུགས་ལ་ལྟ་སྟངས་ཤིག་བཟུང་ཡོད་པ་འདྲ། སྤྱི་ལོ ༢༠༠༢ ལོ་ནས ༢༠༠༧ལོའི་བར། ཁོང་གིས་ཀྲེ་ཅིང་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེའི་གཙོ་འགན་འཁུར་དུས། ཁོང་གིས་དབུ་ཁྲིད་པའི་གཞུང་དང་ས་གནས་ཡེ་ཤུའི་ཆོས་ལུགས་པའི་བར་འགལ་ཟླ་རྒྱ་ཁྱབ་ཏུ་ཕྱིན་ཡོད་ལ། མཚམས་ཤིག་ལ་ཁྱོད་ཤི་ང་གསོན་གྱི་ཚད་ལ་སླེབས་པ་རེད། ཡི་ཤུ་བ་འགས་ཧང་ཀྲུག་གྲོང་ཁྱེར་ཞོ་ཧྲན་ཁུལ་དུ་ཡེ་ཤུའི་ལྷ་ཁང་ཞིག་བཞེངས་པ་དང་། ༢༠༠༦ ལོར་གཞུང་གིས་ལྷ་ཁང་དེ་ཁྲིམས་འགལ་བཟོ་བཀོད་ཡིན་པར་བསྙད་ནས་དེ་གཏོར་རྩིས་བྱས་པ་རེད། ཡིན་ཡང་སྐབས་དེར་ཡི་ཤུའི་བ་བརྒྱ་ཕྲག་འགའ་ཡོང་ནས་བཀག་འགོག་བྱས་ཡོད།
ཡིན་ན་ཡང་། མཐའ་མཇུག་ལྷ་ཁང་དེ་གཞུང་གིས་བཙན་གྱིས་རྩ་གཏོར་བྱས་ཤིང་། དོན་རྐྱེན་དེ་ནི་ཞི་ཅིན་ཕེང་གིས་ཀྲེ་ཅིང་ཞིང་ཆེན་འཛིན་སྐྱོང་སྐབས་ཀྱི་ཧ་ཅང་གི་ཁ་སྐྱེངས་དགོས་པའི་ལས་དོན་ཞིག་ཏུ་གྱུར་ཡོད།
ཞི་ཅིན་ཕེང་གིས་རྒྱ་ནག་དབུ་ཁྲིད་པའི་ལོ་ལྔའི་ནང་། རྒྱ་ནག་ནང་གི་ཡེ་ཤུ་བའི་གནས་སྟངས་ཧ་ཅང་ཐབས་སྐྱོ་བོ་ཡིན། དེ་ལ་ཧང་སངས་མི་དགོས། མིང་ངན་ཀུན་ལ་ཁྱབ་པ་དེའང་ཀྲེ་ཅིང་ཞིན་ཆེན་ཡིན། རྒྱ་གྲམ ༡༥༠༠ ལྷག་གཞུང་གི་བཙན་བཀའ་ལྟར་ལྷ་ཁང་སྟེང་ནས་གཏོར་བ་རེད། གཅིག་བགྱིས་ན་དེའང་མ་བསྒྲིགས་རང་འགྲིག་ཅིག་ཡིན་མི་སྲིད། སྲིད་ཇུས་དེ་སྤེལ་མཁན་དང་བཙན་བཀའ་དེ་གཏོང་མཁན་གྱི་ཀྲེ་ཅིང་ཞིང་ཆེན་གྱི་དབུ་ཁྲིད་དག་ནི ༢༠༠༦ ལོའི་ཡེ་ཤུའི་ལྷ་ཁང་གཏོར་བཤིག་དོན་རྐྱེན་སྐབས་ཀྱི་ཞི་ཅིན་ཕེང་གི་ལག་འོག་གི་ཁྲིམས་འཛིན་དཔོན་རིགས་སྐོར་ཞིག་རེད། ཐག་ཆོད་ནས་བཤད་ཆོག་པ་ཞིག་ལ། གལ་སྲིད་ཡེ་ཤུའི་ལྷ་ཁང་སྟེང་གི་རྒྱ་གྲམ་དག་གཏོང་དགོས་ན། ངེས་པར་དུ་ཞི་ཅིན་ཕེང་གི་མོས་མཐུན་དགོས་པ་དེ་རེད། དེ་ཡིས་ཡང་ཐེངས་གཅིག་ལ་བདེན་དཔང་བྱས་པ་ཞིག་ནི། གདོད་མ་མ་ཡིན་པའི་ཕྱི་ཡོང་ཆོས་ལུགས་ཡི་ཤུ་དང་ཁ་ཆེ་ཆོས་ལུགས་སོགས། མི་རྣམ་པའི་སེམས་ན་རྒྱ་ནག་གི་སྲོལ་རྒྱུན་རིག་གནས་ཀྱི་དྲི་མས་འབགས་པའི་ཆོས་ལུགས་ཏེ་ནང་ཆོས་དང་། ཏོ་ལུགས། རོའུ་ལུགས། ད་དུང་དམངས་ཁྲོད་དད་མོས་དང་བསྡུར་ན། བལྟས་ས་བལྟས་འཇོག་གིས་ཞི་ཅིན་ཕེང་ལགས་སྲོལ་རྒྱུན་ཆོས་ལུགས་རིགས་ལ་ཅུང་དགའ་མོས་ཡོད་པ་འདྲ།
ཞི་ཅིན་ཕེང་གོ་སར་བསླེབས་རྗེས། ཁོང་གི་བསམ་བཞིན་ཡིན་མིན་གྱི་སྨྲ་བརྗོད་ཀྱིས་ལྟ་བ་དེར་སྐྱོར་འདེགས་བྱས་ཡོད། ༢༠༡༣ ལོར། ཁོང་གིས་ཁོན་ཙི་འཁྲུངས་ཡུལ་ཧྲན་ཏོང་ཆི་ཧྥུ་ས་ཁུལ་དུ་གཟིགས་སྐོར་སྐབས་མཆོད་འབུལ་ཞུས་ཡོད་པ་དང་། ལོ་གཉིས་པར། ཁོང་ཡོ་རོབ་ཧྥ་རན་སའི་རྒྱལ་ཁ་པཱ་ལི་རུ་འཚམས་གཟིགས་སྐབས་ནང་ཆོས་ལ་བསྟོད་བསྔགས་གནང་ཡོད་པ་རེད།
འདས་པའི་ལོ་ལྔའི་ནང། ཆོས་ལུགས་དེ་གུང་ཁྲན་ཏང་ཡོན་གྱི་ཀུན་སྤྱོད་མཐོར་འདེགས་ཀྱི་ལག་ཆར་ཡང་གྱུར་ཡོད། གཞི་རིམ་འགོ་ཁྲིད་ཁག་ཅིག་གིས། གསུང་རབ་དག་ལྟ་ཀློག་བརྒྱུད་སོ་སོའི་བསམ་བློའི་ཆུ་ཚོད་ཇེ་མཐོར་གཏོང་དགོས་པའི་དགོས་འདུན་ཡང་བཏོན་ཡོད་པ་རེད།
དེ་ཡིས་རྒྱ་ནག་གི་མ་འོངས་པར་ཅི་ཞིག་མཚོན་གྱིན་ཡོད་དམ་ཞེ་ན། དཔལ་འབྱོར་གྱི་ཆ་ནས་བཤད་ན། བཅོས་བསྒྱུར་ཅུང་བྱེད་སླ་བའི་རིམ་པ་དེ་རྫོགས་ཟིན་པ་རེད། གལ་ཏེ་པེ་ཅིང་གཞུང་ལ་ད་དུང་མུ་མཐུད་ནས་དཔལ་འབྱོར་བཅོས་བསྒྱུར་བྱེད་འདོད་ཡོད་ཚེ། མང་ཚོགས་ཀྱི་སྡུག་བསྔལ་ཆེ་བའི་འགྱུར་ལྡོག་ཞིག་གཏོང་དགོས་པའི་རེ་འདུན་ངེས་པར་དུ་འདོན་དགོས། གལ་སྲིད་དེ་འགྱུར་ལྡོག་མི་གཏོང་ཟེར་ན། མུར་མཐུད་པའི་འཕེལ་རྒྱས་ཤིག་ཡོད་མི་སྲིད། གང་ལྟར་ཡང་། གཞུང་གི་གདོང་ཐུག་ས་དེ་ཟང་ཟིང་གི་སྤྱི་ཚོགས་ཤིག་ཡིན།
བདག་གི་ཤེས་རྟོགས་ལྟར་ན། ཞི་ཅིན་ཕེང་ཆོས་ལུགས་ལ་དགའ་མོས་ཀྱི་རྣམ་འགྱུར་དེ་རྒྱ་ནག་པ་མང་ཆེ་བས་དགའ་བསུ་ཞུས་འདུག ཡི་ཤུ་བ་ཚོ་གཅིག་བགྱིས་ན་ཁོང་གི་ལྟ་བ་དེ་མི་དགའ་མོད། འོན་ཀྱང་། མི་གཞན་མང་པོ་ཞིག་གིས་སྤྲོ་སེམས་འཁོལ་བའི་ངང་ཞི་ཅིན་ཕེང་གི་སྲོལ་རྒྱུན་ཆོས་ལུགས་ལ་རྒྱབ་སྐྱོར་གནང་བར་དགའ་བསུ་ཞུས་དང་ཞུ་བཞིན་ཡོད། དེ་ཡིས་རྒྱ་ནག་གོང་མའི་སྲིད་དབང་གིས་དམིགས་སུ་བཀར་བའི་ཆོས་ལུགས་དང་དད་པར་དགའ་མོས་རྒྱབ་སྐྱོར་བྱེད་པའི་སྲོལ་རྒྱུན་ལ་གསོན་ཤུགས་བསྐྲུན་པ་ཞིག་ཀྱང་རེད།
ཞི་ཅིན་ཕེང་གི་ཀྲེང་ཏིང་རྫོང་གི་ལོ་རྒྱུས་ལ་གཞིགས་ན། དེ་ནི་ཁོང་འབུར་དུ་ཐོན་པའི་བྱུང་རིམ་ཁྲོད་ཀྱི་དམིགས་བསལ་དཔེ་མཚོན་ཞིག་ཡིན་མི་སྲིད། དེ་ལས་ལྡོག་ཏེ་ཧ་ཅང་གི་ཡིན་སྲིད་པར་ངེས་པའི་དངོས་པོ་ཞིག་ནི། ཆོས་ལུགས་ཤིག་དང་ཆབ་སྲིད་གཉིས་ཟུང་དུ་འབྲེལ་ནས་མཉམ་གནས་མཉམ་འཚོ་བྱེད་པའི་མ་དཔེ་ཞིག་སྟེ། དེ་སྔ་རྒྱ་ནག་ལ་དབང་བསྒྱུར་བའི་ཆོས་སྲིད་སྲིད་དབང་གི་ཡང་དར་ཞིག་ཡིན་ཡང་ཧ་ཅང་གིས་སྲིད།