དཀའ་ལས་ཁག་པོའི་མཇལ་མོལ་ཐེངས་ཤིག

trumpxi041016
པར་གཞན་ནས་བླངས།

ཚོང་ལས་སྲིད་ཇུས། ལྷོ་རྒྱ་ནག་རྒྱ་མཚོའི་རྙོག་དྲ། ད་དུང་བྱང་ཀོ་རེ་ཡའི་རྡུལ་ཕྲན་མཚོན་ཆ་དང་སཱ་ཌིའི་གནད་དོན་སོགས་ཀྱིས་ཨ་རྒྱའི་འབྲེལ་བར་ཐེག་དཀའ་བའི་གནོན་ཤུགས་ཡོད་བཞིན་པའི་སྒང་ལ། བློ་མཐུན་ཞི་ཅིན་ཕེང་གིས་སྐུ་ཞབས་ཁྲོ་འབར་དང་ལྷན་གྱི་མཇལ་མོལ་ཐེངས་དང་པོ་དེར་གདོང་ལེན་ཇི་ལྟར་བྱེད་རྒྱུ་ཡིན་ནམ།
དག་དག་གཟའ་འཁོར་གཅིག་ལས་ལྷག་མེད་པའི་སྐབས་དེར་དགྲ་ནོན་ཁྲོ་འབར་གྱིས་དེ་ནི་ཧ་ཅང་གི་དཀའ་ལས་ཁག་པོའི་མཇལ་མོལ་ཐེངས་ཤིག་ཡིན་ཞེས་ཉེན་བརྡའང་བཏང་ཡོད།

ཨ་རྒྱ་གཞུང་གཉི་ཀས་སྤྱི་ཟླ ༤ ཚེས ༦ ཉིན་ཆེས་མཐོའི་དབུ་ཁྲིད་མཇལ་མོལ་གནང་རྒྱུ་ཡིན་པ་གསལ་བསྒྲགས་བྱས་ནས་དུས་ཚོད་འགའི་རྗེས་སུ། དགྲ་ནོན་ཁྲོ་འབར་གྱིས་ཁོང་གི་ལུགས་སྲོལ་ལྟར་སྤྱི་ཚོགས་འབྲེལ་འདྲིས་ཐུན་མོང་སྨྱན་བྱད་ཊི་ཝེ་ཊིར་གྱི་སྟེང་བདུན་ཕྲག་རྗེས་མར་བྱུང་རྒྱུའི་ཨ་རྒྱའི་མཇལ་མོལ་དེ་ཧ་ཅང་གི་དཀའ་ལས་ཁག་པོ་རེད། ད་ནས་བཟུང་ཨ་མེ་རི་ཀས་རྒྱ་ནག་ལས་བྱུང་བའི་འབོར་ཆེ་བའི་ཚོང་ལས་བྱུང་སོང་ག་འཛོལ་ལ་བཟོད་སྒམ་བྱེད་མི་སྲིད་ལ། རྒྱལ་ཁབ་གཉིས་ཀའི་ཚོང་ལས་དོ་མ་མཉམ་པའི་རྐྱེན་གྱིས་ཨ་མེ་རི་ཀའི་ལས་གནས་གོ་སྐབས་ཤོར་བའི་གནས་སྟངས་དེའང་བཟོད་པ་སྒོམ་རྒྱུ་མིན། ཞེས་བཀོད་འདུག

དགྲ་ནོན་ཁྲོ་འབར་གྱི་ཊི་ཝེ་ཊིར་སྟེང་བཀོད་པའི་སྐད་ཆ་དེས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེང་དང་ལྷན་དུ་ཁོང་གི་ཨ་རིའི་ལྷོ་སྣེ་ཧྥོ་ལོ་རེ་ཌ་མངའ་སྡེའི་ཏཱ་ལའེ་ལྗོན་པའི་མཚོ་ངོགས་ན་ཡོད་པའི་མར་ལཱ་ལཱ་གྷོ་གཞིས་ཀའི་མཇལ་མོལ་དེ་སྟོན་གྱིན་ཡོད་པ་གསལ་བོ་རེད།

དེའི་རྗེས་སུ་ཁྲོ་འབར་གྱི་ཡང་བསྐྱར་ཊི་ཝེ་ཊིར་གྱི་སྟེང་ཁ་གསབ་ཀྱི་ཚུལ་དུ་ད་དུང་བརླག་ཟིན་པའི་ལས་ཀའི་གོ་སྐབས་ཀྱང་ཡོད། ཨ་རིའི་ཁེ་གཉེར་ལས་ཁང་ཚོར་རྒྱ་ནག་གི་ཚོང་རའི་ཚབ་བྱེད་ནུས་པའི་འཕེལ་རྒྱས་གོ་སྐབས་འཚོལ་རྒྱུར་གྲ་སྒྲིག་ཨང་གསར་དགོས་གལ་ཆེ། ཞེས་དྲན་སྐུལ་ཡང་གནང་འདུག

ཨ་རིའི་སྲིད་འཛིན་དགྲ་ནོན་ཁྲོ་འབར་གྱིས་མཇལ་མོལ་གྱི་སྔོན་དུ་གོང་ཞུས་དེ་ལྟ་བུའི་སྨྲ་བརྗོད་སྤེལ་བས་དབུ་ཁྲིད་རྣམ་གཉིས་ཀྱི་མཇལ་མོལ་ལ་ཤུགས་རྐྱེན་ཐེབས་སྲིད་མིན་བཤད་དཀའ་ཡང་། རྒྱ་ནག་ཕྱི་འབྲེལ་བློན་ཆེན་གཞོན་པ་ཀྲིན་ཙེ་ཀུང་གིས་རེས་གཟའ་པ་སངས་ཉིན་གྱི་ཕྱིའི་སྨྱན་བྱད་ཁག་ལ་སྤེལ་བའི་གསལ་བརྡའི་ལྷན་ཚོགས་སྐབས་སུ། ཕྱོགས་གཉི་ཀས་ལེགས་པར་འགྲུབ་པའི་མཇལ་མོལ་ཞིག་ལ་རེ་ལྟོས་བྱས་ཡོད་ལ། དུས་རབས་གསར་བའི་ཨ་རྒྱའི་འབྲེལ་བའི་འཕེལ་རྒྱས་ལ་ཡང་དག་པའི་ཁ་ཕྱོགས་ཤིག་གཏན་ཁེལ་ཐུབ་མིན་ལ་འབྲེལ་བ་ཆགས་ཡོད། ཅེས་བརྗོད་འདུག

དེ་མིན་ཡང་ཀྲིན་ཙེ་ཀུང་གིས། རྒྱ་ནག་གིས་ཨ་རི་དང་མཉམ་གཅིག་ཏུ་ཨ་རྒྱའི་ཚོང་ལས་དོ་མཉམ་ངང་འཕེལ་རྒྱས་སུ་གཏོང་ཐབས་སུ་འབད་བརྩོན་གནང་རྒྱུ་ཡིན་ཞེས་ཀྱང་བརྗོད་འདུག

དགྲ་ནོན་ཁྲོ་འབར་གྱིས་ཊི་ཝེ་ཊིར་བརྒྱུད་ཡོངས་ཁྱབ་ཏུ་བསྒྲགས་པའི་དཀའ་ལས་ཁག་པོའི་མཇལ་མོལ་ཞེས་པའི་བཤད་སྟངས་དེ་ནི། དེ་སྔ་ཁོང་གིས་སྲིད་འཛིན་གདམ་རྩོད་སྐབས་བཤད་ཟིན་པའི་རྒྱ་ནག་ཐད་ཀྱི་ལངས་ཕྱོགས་ལ་འགྱུར་བ་མེད་པ་དང་། ད་ཐེངས་ཀྱི་ཨ་རྒྱའི་ཆེས་མཐོའི་དབུ་ཁྲིད་ཀྱི་མཇལ་མོལ་སྐབས་དེའི་སྐོར་གླེང་རྒྱུ་ཡིན་པའི་གསལ་བརྡ་ཞིག་ལ་ངོས་འཛིན་བྱ་རུང་བར་སྙམ།

དགྲ་ནོན་ཁྲོ་འབར་ལ་སྲིད་འཛིན་གདམ་རྩོད་ཁྲོད་རྒྱལ་ཁ་ཐོབ་རྗེས། འཛམ་བུ་གླིང་གི་དཔལ་འབྱོར་གདོས་བཅས་ཨང་དང་པོ་དང་ཨང་གཉིས་པའི་འབྲེལ་བ་ངེས་མེད་དུ་གྱུར་ཡོད་པ་དང་། སྲིད་འཛིན་དགྲ་ནོན་ཁྲོ་འབར་གྱིས་ཡང་དང་བསྐྱར་དུ་རྒྱ་ནག་གི་འདྲ་མཉམ་མིན་པའི་ཚོང་ལས་སྲིད་ཇུས་ལ་སུན་འབྱིན་བྱས་པའི་མ་ཚད། རྒྱ་ནག་གི་ཚོང་ཟོག་ནང་འདྲེན་རིགས་ལ་སྒོ་ཁྲལ་སྤར་རྒྱུ་ཡིན་པའི་ཉེན་བརྡ་བཏང་བ་དང་ཆབས་ཅིག རྒྱ་ནག་ནི་སྒོར་མོའི་འཛའ་ཐང་བཏང་འཛིན་རྒྱལ་ཁབ་ཡིན་ལུགས་ཀྱང་བཤད་ཡོད་པ་རེད།

ཡིན་ན་ཡང་། དེང་གི་ཆར་ལ། བྱང་ཀོ་རེ་ཡའི་རྡུལ་ཕྲན་མཚོན་ཆའི་གནད་དོན་ཐད། ཨ་མེ་རི་ཀས་ཁ་ཚ་དགོས་གཏུག་གིས་རྒྱ་ནག་གི་རོགས་རམ་འཚོལ་གྱིན་ཡོད་པས།   དགྲ་ནོན་ཁྲོ་འབར་ལགས་ཀྱིས་ད་དུང་ཡང་ལྟ་བ་དེ་བཟུང་ཡོད་མེད་དེ་བཤད་དཀའ་བའི་གནས་སུ་གྱུར་ཡོད།

དགྲ་ནོན་ཁྲོ་འབར་གྱིས་བསྐོས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་རིའི་སྐུ་ཚབ་ལྕམ་ནི་ཁི ཧཱ་ལེ་ལགས་ཀྱིས་རེས་གཟའ་ཕུར་བུའི་ཉིན། རྒྱ་ནག་གིས་ངེས་པར་དུ་བྱང་ཀོ་རེ་ཡའི་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་གྱི་ལས་འཆར་མཚམས་འཇོག་ཡོང་ཆེད་ཧུར་ཐག་རྦད་ཐག་གནང་དགོས།  བྱུང་རྒྱལ་ཏུ་བཞག་ནས་ཁ་ཡ་མ་བྱས་པ་མ་གཏོགས་དེ་ནི་རྒྱ་ནག་གཞུང་གིས་སྒྲུབ་ཐུབ་པ་ཞིག་རེད་ཅེས་དང་། ཡང་ཁོང་མོས། ཨ་མེ་རི་ཀར་བྱི་ལས་ཙི་གུ་འཛིན་པའི་རྩེད་མོར་བཟོད་བསྲན་དང་འདོད་མོས་མེད། གཅིག་བགྱིས་ན་ཨ་རི་ལ་ད་ལྟའི་བྱང་ཀོ་རི་ཡའི་གནས་སྟངས་ལ་འགྱུར་བ་གཏོང་རྒྱུའི་ནུས་པ་མེད་ཀྱང་། རྒྱ་ནག་ལ་ནུས་པ་དང་ཆ་རྐྱེན་དེ་ཡོད། ཞེས་བརྗོད་འདུག

ལོ་སྔོན་མར། བྱང་ཀོ་རེ་ཡས་རྡུན་ཕྲན་མཚོན་ཆ་ཚོད་ལྟ་ཐེངས་གཉིས་ལ་བྱས་ཤིང་། དེ་མིན། བྱང་ཀོ་རེ་ཡས་སྔར་མེད་གསར་བྱུང་གི་མྱུར་ཚད་ཀྱིས་མེ་ཤུགས་འཕུར་མདའ ༢༤ ཚོད་ལྟ་བྱས་པ་རེད། ཨ་རིའི་སེམས་ཁུར་ཆེ་ཤོས་ཤིག་ནི། བྱང་ཀོ་རེ་ཡས་ཨ་མེ་རི་ཀའི་ས་ཐོག་ལ་ཉོབ་པའི་མེ་ཤུགས་འཕུར་མདའ་ཞིབ་འཇུག་དང་བཟོ་སྐྲུན་བྱེད་ཀྱིན་ཡོད་པ་དེ་རེད།

རྒྱ་ནག་ནི་བྱང་ཀོ་རེ་ཡའི་མེད་ན་མི་རུང་བའི་མཐུན་གྲོགས་དང་དཔལ་འབྱོར་གྱི་རྒྱབ་རྟེན་ཁོ་ན་དེ་ཡིན།

སྐུ་ཞབས་དགྲ་ནོན་ཁྲོ་འབར་ལགས་ཀྱིས་སྲིད་འཛིན་གདམ་རྩོད་དང་། བསྐོ་སྒུག དེ་ནས་སྲིད་འཛིན་ཁྲི་འདོན་གྱི་རྗེས་བཅས་སུ་རྒྱ་ནག་ལ་ཉེན་བརྡ་དང་འཇིགས་སྐུལ་སྣ་ཚོགས་ཤིག་སྤེལ་ཡོད། ཚོང་ལས་དཔལ་འབྱོར་གྱི་གནད་དོན་ལས་གཞན། ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་ལ་རྩོད་པ་ཡོད་པའི་ཆུ་འོག་བྲག་རྡོ་དང་བྱེ་འབུར་སྟེང་བྱེ་རྡོ་སྤུངས་ནས་བཅས་མའི་གླིང་ཕྲན་བཟོས་པ་མ་ཟད། རྒྱ་ནག་གཞུང་གིས་ཁ་བཤད་དོན་ལ་མ་གནས་པར་མིས་བཟོས་གླིང་ཕྲན་དེ་དག་དམག་དོན་རྟེན་གཞིར་བཀོལ་པར་སྐྱོན་བརྗོད་དྲག་པོ་བྱས་ཡོད།

སྲིད་འཛིན་བསྐོ་སྒུག་སྐབས་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝིན་དང་ཁ་པར་ཁ་བརྡ་གནང་པ་དེ་ནི་ཨ་རི་དང་ཐེ་ཝན་བར་ཕྱི་འབྲེལ་ཆད་ནས་ལོ ༣༧ གྱི་རྗེས་སུ་བྱུང་བའི་དོན་རྐྱེན་ཞིག་ཡིན་པས། ཁྲོ་ཚེ་བར་གྱི་ཁ་པར་ཁ་བརྡ་དེ་དང་། དེའི་རྗེས་ཙམ་ལ་དགྲ་ནོན་ཁྲོ་འབར་གྱིས་རྒྱ་ནག་གཅིག་ཟེར་བའི་སྲིད་ཇུས་ལ་དོགས་འདྲི་བྱས་པའི་དོན་རྐྱེན་དེ་གཉིས་ཀྱི་རྐྱེན་གྱིས། རྒྱ་ནག་གཞུང་ཞེ་སྤོ་ཞེ་ནས་ལངས། ཁ་སྤོ་ཁ་རུ་ལངས་ཡོད།

དེ་འདྲའི་བློ་ཡུལ་འདས་པའི་དོན་རྐྱེན་རིགས་བྱུང་མོད་ཀྱང་། ཉེས་བའི་ཟླ་ཤས་ནས་དགྲ་ནོན་ཁྲོ་འབར་གྱིས་ཅུང་ལྷོད་འཇམ་གྱི་སྐད་ཆ་བཤད་འགོ་བརྩམས་ཡོད། སྤྱི་ཟླ་གཉིས་པའི་དཀྱིལ་ཙམ་ལ། དགྲ་ནོན་ཁྲོ་འབར་དང་ཞི་ཅིན་ཕེང་གཉིས་ཀྱིས་ཁ་པར་ཁ་བརྡ་བྱས་ཤིང་། སྐབས་དེར་དགྲ་ནོན་ཁྲོ་འབར་གྱིས་ང་ཚོའི་རྒྱ་ནག་གཅིག་གི་སྲིད་ལ་འགྱུར་བ་མེད་པར་སྔར་བཞིན་གཙི་སྲུང་བྱེད་ཀྱིན་ཡིན་ལུགས་གསལ་བཤད་བྱས་ཡོད་པ་རེད།

ཉེ་ལམ་དགྲ་ནོ་ཁྲོ་འབར་དང་ཞི་ཅིན་ཕེང་མཇལ་མོལ་གནང་རྒྱུའི་གནས་ཚུལ་གསལ་བསྒྲགས་གནང་མ་ཐག ཨ་རིའི་དཔོན་རིགས་ཤིག་གིས་རིང་མིན་གནང་གཏན་ཁེལ་བའི་དགྲ་ནོན་ཁྲོ་འབར་དང་ཞི་ཅིན་ཕེང་གི་མཇལ་མོལ་སྐབས། དགྲ་ནོ་ཁྲོ་འབར་གྱིས་བྱུང་རྒྱལ་ཕར་རྒོལ་བྱེད་མི་སྲིད་ལུགས་གསལ་བཤད་གནང་བ་དེ་ནི། རྒྱལ་སྤྱིའི་སྤྱི་ཚོགས་ལ་སྙིང་ཕུར་ཞིག་བརྡབས་པ་ལོས་ཡིན། དོན་གྱིས་བཤད་ས་བུ་མོ་དང་ཉན་ས་མནའ་མ་ཡིན།

དེ་བཞིན་དུ་ལས་རིགས་གཞན་དག་ནང་བཞིན་ཨ་རིའི་བཟོ་ཚོང་ལས་རིགས་ཀྱིས་ཀྱང་བབ་ལྟའི་བརྟུལ་ཞུགས་བཟུང་ཡོད་པ་དང་། ཐུན་མོང་གློག་རིགས་འཛིན་སྐྱོང་འགན་འཛིན་ཨེ་མེལ་ཊི་ལགས་ཀྱིས་རེས་གཟའ་ཕུར་བུ་ཉིན། ད་ཡོད་ཨ་རྒྱའི་དཔལ་འབྱོར་ཚོང་ལས་ཀྱི་འབྲེལ་བ་ལ་རྒྱུན་འཁྱོངས་བྱེད་དགོས་པ་སྐུལ་འདེད་གནང་ཡོད་པ་དང་། དེ་ཡང་ཁོང་གིས། གལ་ཏེ་ཚོང་ལས་བཞག་ཚེ། གྲོས་མོལ་གྱི་ལག་ཆ་ཡག་ཤོས་དེ་བཞག་པ་རེད། དགྲ་ནོན་ཁྲོ་འབར་ནི་མི་སྤྱང་གྲུང་ཅན་ཞིག་ཡིན་པས་ང་ལ་ཡིད་ཆེས་ཡོད། ལས་སླ་བོས་དེ་འཇོག་གི་མ་རེད། ཅེས་བརྗོད་འདུག

མི་མང་པོ་ཞིག་ལ་དབུ་ཁྲིད་རྣམ་པའི་མཇལ་མོལ་བྱེད་ཡུལ་དེ་སྲིད་འཛིན་ཕོ་བྲང་དཀར་པོ་མ་ཡིན་པར་དགྲ་ནོན་ཁྲོ་འབར་གྱི་སྒེར་གཞིས་སུ་བྱེད་དོན་ཅི་ཞིག་ཡིན་ནམ་ཞེས་པའི་དྲི་བ་འདི་ཡོད་ཤོས་ཆེ། ཟླ་གཅིག་གི་སྔོན་དུ་སྲིད་འཛིན་དགྲ་ནོན་ཁྲོ་འབར་གྱི་སྒེར་བའི་གཞིས་ཀ་མར་ལཱ་ལཱ་གྷོ་རུ་ཉི་ཧོང་གི་སྲིད་འཛིན་ཞིན་ཙོ་ཨ་པེ་དང་མཇོལ་མོལ་གནང་ཡོད་པ་རེད།

ཨ་རིའི་ནིའུ་ཡོག་དུས་བབ་ཀྱིས་རེས་གཟའ་པ་སངས་ཉིན་སྤེལ་བའི་གནས་ཚུལ་ནང་ཨ་རིའི་འབྲེལ་ཡོད་མཐོ་རིམ་དཔོན་རིགས་ཤིག་གི་སྐད་ཆ་ལུངས་འདྲེན་བྱས་པ་གཞིགས་ན། རྒྱ་ནག་གཞུང་གིས་མཐའ་གཅིག་ཏུ་སྲིད་འཛིན་དགྲ་ནོན་ཁྲོ་འབར་གྱི་གུང་སེང་སྤྲོད་སྐྱེལ་གཏོང་ཡུལ་ཏཱ་ལའེ་ལྗོན་པའི་མཚོ་ངོགས་ན་ཡོད་པའི་མར་ལཱ་ལཱ་གྷོ་རུ་མཇལ་མོལ་ཡོང་བའི་རེ་བ་ནན་ཞུས་ལྟར་གོ་སྒྲིག་བྱས་པ་ཞིག་ཡིན་ཞིང་། རྒྱ་ནག་གི་བཤད་སྲོལ་ལྟར་ན། གལ་སྲིད་ཕོ་བྲང་དཀར་པོར་མཇལ་མོལ་གནང་ཚེ། རྒྱལ་དོན་འཚམས་གཟིགས་ཀྱི་འགྲོ་ལུགས་ལམ་སྲོལ་རྩག་རྩིག་མང་དྲགས་པས་ཁོར་ཡུག་དང་རྣམ་པ་གང་གི་ཆ་ནས་ཀྱང་ལྷོད་ལྷོད་སྟབས་བདེ་ཞིག་ཡོང་གི་མ་རེད། དེ་བས་ན་དགྲ་ནོན་ཁྲོ་འབར་གྱི་སྒེར་གཞིས་སུ་མཇལ་མོལ་གནང་བ་སྟབས་བདེ་བོ་ཡོད་ལུགས་རྒྱུ་མཚན་དུ་དྲངས་འདུག

དོན་གྱིས་རྒྱུ་མཚན་དེ་འདྲ་ཞིག་ལ་གཞིགས་པ་ཡིན་མིན་ཀུན་པོའི་སེམས་ལ་ཝལ་ལེ་ཝལ་ལེ་གསལ་གསལ་ཐིང་ཐིང་ཡིན། རྒྱ་ནག་གི་རིག་གཞུང་ནི་ངོ་སོའི་རིག་གཞུང་ཞིག་ཡིན་པས། ངོ་སོའམ་ཕྱི་ངོས་དེ་གལ་ཆེན་པོ་ཞེ་དྲག་ཡིན། དེ་བས་ན། ནུབ་གླིང་པའི་རིག་གཞུང་ལྟར་ན། སོ་སོ་ཁྱིམ་དུ་མགྲོན་བསུ་བྱས་པ་དེ་གལ་ཆེན་དུ་རྩི་བཞིན་ཡོད་པ་དང་། ལྷག་པར་དུ་ཉི་ཧོང་གི་སྲིད་འཛིན་ཞིན་ཙོ་ཨ་པེ་ལགས་ཟླ་གཅིག་གི་སྔོན་ཙམ་དུ་དགྲ་ནོན་ཁྲོ་འབར་གྱི་སྒེར་གཞིས་སུ་མགྲོན་བསུ་བྱས་ཡོད་པས། གལ་ཏེ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེང་ལ་དེ་ལས་ལྷག་པ་ཞིག་མི་ཡོང་ཡང་དེ་འདྲ་བོ་ཞིག་མ་ཡོང་ཚེ་རྒྱ་ནག་གི་ངོ་སོ་དེ་གང་ལ་འཇོག་གམ། ཞི་ཅིན་ཕེང་གི་ངོ་སོ་དེ་གང་ལ་འཇོག་གམ། རྒྱལ་དོན་འཚམས་གཟིགས་ཀྱི་རྩག་རྩིག་ཆེ་བའི་འགྲོ་ལུགས་ལམ་སྲོལ་ལ་ཉོབ་པ་དང་ལྷོད་ལྷོད་ཡོང་ཆེད་ཙམ་གྱི་རྐྱེན་གཏན་ནས་ཡིན་མི་སྲིད།

ད་ལྟ་ང་ཚོའི་བློ་ངོར་ཤར་ཐུབ་པ་ཞིག་ནི། ཨ་རྒྱ་གཉིས་ཚོང་ལས་དང་། ས་ཁུལ་གནད་དོན། སྲིད་ཇུས་རྒྱུན་འཛིན། ད་དུང་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་སོགས་ཐད་ཀྱི་འགལ་བ་དྲག་ཆར་རླུང་འཚུབ་བཞིན་མ་བྱུང་བའི་སྔོན་དུ། གཟའ་རྗེས་མའི་ཨ་རྒྱའི་ཆེས་མཐོའི་དབུ་ཁྲིད་བར་གྱི་མཇལ་མོལ་དེ་ད་དུང་ཡང་འཐབ་ཇུས་རིང་བཞིན་གྱི་བསམ་པའི་འཆར་སྒོ་ཞིག་ལ་མོས་མཐུན་བྱུང་སྲིད་ལ། དབུ་ཁྲིད་རྣམ་པ་གཉི་ཀས་ཚོང་ལས་དང་ཁེ་བཟང་གི་འཚམས་རྟགས་བརྗེ་རེས་ཀྱང་བྱ་ཆོག

སྤྱིར་བཏང་གིས་བཤད་ན། ཐེངས་འདིའི་ཨ་རྒྱའི་བྲེལ་བྲེལ་ཚུབ་ཚུབ་ཀྱི་མཇལ་མོལ་དེ་ནི་ཕན་ཚུན་གྱི་མ་མཐའི་ཚད་ཐིག་ལེན་པའི་མཇལ་མོལ་ཞིག་ཡིན་པས་གྲོས་མཐུན་ཆེན་པོར་རེ་བ་བཅངས་ས་མེད་མོད། ལྟ་ས་གཅིག་རང་ཡོད་པར་སྙམ། དེ་ནི་བྱང་ཀོ་རེ་ཡའི་གནད་དོན་ཐད་ནས་སྟོན་རྒྱུ་ཡོད་པའི་གྲོས་ཆོད་ཅིག་ཆོག་སྲིད། དགྲ་ནོན་ཁྲོ་འབར་གྱིས་ད་ལོའི་སྟོན་ཁར་ཚོགས་འཆར་ཡོད་པའི་རྒྱ་ནག་གི་ཚོགས་ཆེན་བཅུ་དགུ་པར་གནོན་པའི་ལས་དག་མི་སྤེལ་རྒྱུའི་ཆེད་ཞི་ཅིན་ཕེང་གིས་ལག་སྐྱེས་དང་ཡང་ན་ཁ་གཅོད་སྤྱད་དུ་བལྟས་ས་བལྟས་འཇོག་གི་ཁས་ལེན་ཞིག་བྱེད་སྲིད།

ཐེངས་འདིའི་ཨ་རྒྱའི་ཆེས་མཐོའི་དབུ་ཁྲིད་ཀྱིས་མཇལ་མོལ་དང་དེ་སྔོན་གྱི་དབུ་ཁྲིད་རྣམ་པའི་མཇལ་མོལ་གཉིས་གཞི་རྩའི་ཆ་ནས་ཁྱད་པར་ཆེན་པོ་ཡོད། སྔོན་ཆད་རྒྱ་ནག་གིས་རྔ་བརྡུང་ནས་ཨ་རིས་འཆམ་རྒྱག་གི་ཡོད། དགྲ་ནོན་ཁྲོ་འབར་གྱིས་སྲིད་འཛིན་གདམ་རྩོད་ནས་བསྐོ་སྒུག སྲིད་འཛིན་བཅས་རིམ་བཞིན་གཞན་དབང་ནས་རང་དབང་དུ་བསྒྱུར་ནས། ད་ལྟ་རྔ་རྡུང་ཨ་རིའི་ལག་ན་ཡོད་པས། དགྲ་ནོན་ཁྲོ་འབར་གྱིས་རྔ་ཇི་ལྟར་བརྡུང་ན་ཞི་ཅིན་ཕེང་གིས་འཆམ་དེ་ལྟར་འཁྲབ་རྒྱུ་ལས་གདམ་ཀ་གཞན་མེད།

འདི་ཚང་མ་ཚོད་དཔག་ཙམ་ལས་མ་འདས་ན། དོན་དངོས་གནས་ཚུལ་ཅི་བྱུང་དབུ་ཁྲིད་རྣམ་པ་གཉིས་ཀྱི་མཇལ་མོལ་གྱི་རྗེས་སུ་ད་གཟོད་ཤེས་ཐུབ། མིག་རིག་རིག་གིས་ལྟོས་དང་། རྣ་ཅོར་ཅོར་གྱིས་ཉོན་དང་། གཅིག་བགྱིས་ན་བསམ་ཡུལ་ལས་འདས་པའི་དོན་དག་བྱུང་མི་སྲིད་པའི་ངེས་པ་ནི་མེད་དོ།