ཀུའུ་ཝེན་ཀུས:རྒྱ་ནག་ཆེས་མཐོའི་དབུ་ཁྲིད་ཀྱི་དཀའ་མངག་ལྟར་ཏཱ་ལའི་བླ་མར་ཐུག་པ་ཡིན།

IMG_7319
༧གོངས་མཆོག་དང་ཀུའུ་ཝེན་ཀུས།

ད་ལོའི་སྤྱི་ཟླ་དང་པོ་ནས། རྒྱ་རིགས་འབྱོར་ལྡན་ཚོང་པ་ཀུའུ་ཝེན་ཀུས(郭文贵)ཟེར་བ་ཞིག་གིས་བསྟུད་མར་རྒྱ་ནག་གི་མཐོ་རིམ་དབུ་ཁྲིད་ཁག་ཅིག་དང་དེ་ཚོའི་ནང་མི་ཁྱིམ་རྒྱུད་ཀྱིས་ལྐོག་ཟ་རུལ་སུངས་བྱས་པའི་ཉེས་མཚང་གསལ་རྗེན་དུ་ཐེར་འདོན་བྱས་ཤིང་། དེ་བཞིན་ཁོང་དང་རྒྱ་ནག་གི་མཐོ་རིམ་དབུ་ཁྲོད་བར་གྱི་སྡོམ་རྒྱ་ལྟ་བུའི་འབྲེལ་བ་ཡོངས་ཁྱབ་ཏུ་བསྒྲགས་དང་སྒྲོག་གིན་ཡོད། “རྡུལ་ཕྲན་མཚོན་ཆ་གས་འདྲའི” ལྐོག་མཚང་རྗེན་འབྱིན་ཀྱི་སྨྲ་བརྗོད་དེ་དག་གི་རྐྱེན་གྱིས་གཅིག་བགྱིས་ན་པེ་ཅིང་མཐོ་རིམ་དབུ་ཁྲིད་ཁྲོད་ས་འགུལ་རྒྱུགས་སྲིད་པར་མི་རྣམས་པས་ཡིད་ཆེས་བྱས་ཡོད།
ད་ཡོད་ཀྱི་ལོ་རྒྱུས་སུ་དོ་ཟླ་མི་རྙེད་པའི་ཀུའུ་ཝེན་ཀུས་དང་དེ་ཡི་ལྐོག་མཚང་རྗེན་འབྱིན་ལ་འཛམ་གླིང་ཤར་ནུབ་ཀྱི་རྒྱ་རིགས་སྤྱི་ཚོགས་ཁྲོད་དོ་སྣང་ཆེན་པོ་བྱས་འདུག

ད་བར་དུ་ཀུའུ་ཝེན་ཀུས་ཀྱིས་ཨ་རི་ན་ཡོད་པའི་རྒྱ་སྐད་བརྙན་འཕྲིན་ཁང་གཉིས་བརྒྱུད་ནས་སྔ་རྗེ་ཐེངས་གསུམ་ཆུ་ཚོད་ལྔ་ལྷག་ལ་རྒྱ་ནག་གི་མཐོ་རིམ་དབུ་ཁྲོད་ཚོའི་ལྐོག་མཚང་རྗེན་འབྱིན་བྱས་ཤིང་། ཁོང་གིས་ཐེར་འདོན་བྱས་པའི་གནས་ཚུལ་མང་ཆེ་ཤོས་རྒྱ་ནག་གི་མཐོ་རིམ་དབུ་ཁྲིད་བར་གྱི་འགལ་བ་དང་། ལྐོག་ཟ་རུལ་སུངས། དེ་བཞིན་མཐོ་རིམ་དབུ་ཁྲིད་དེ་དག་གི་ནང་མི་ཁྱིམ་རྒྱུད་ཀྱི་ལྐོག་ཟ་རུལ་སུངས་སྐོར་ཡིན་མོད། འོན་ཀྱང་། མ་བསམ་ས་ནས་བོད་དང་འབྲེལ་ཡོད་གནས་ཚུལ་ཁག་ཅིག་ཀྱང་བཏོན་པ་མ་ཟད། སྐུ་སྒེར་དང་འབྲེལ་བ་ཐད་ཀར་ཆགས་ཡོད། དཔེར་ན། ད་ལོའི་སྤྱི་ཟླ ༣ ཚེས ༧ ཉིན། ཀུའུ་ཝེན་ཀུས་ཀྱིས་ཊི་ཝེ་ཊིར་བརྒྱུད་ཐོག་མར ༧གོང་ས་རྒྱལ་བ་རིན་པོ་ཆེ་དང་འབྲེལ་བ་ཡོད་ལུགས་ཀྱི་གནས་ཚུལ་སྤེལ་བར། གསར་འགྱུར་སྨྱན་བྱད་དང་འབྲེལ་ཡོད་གཞུང་སྒེར་མང་པོས་དེར་དོ་སྣང་ཆེན་པོ་བྱས་ཡོད་ལ། ཀུའུ་ཝེན་ཀུས་ཀྱིས་བདེན་པ་དཔང་ཡོད་ཀྱི་ཚུལ་དུ ༧གོང་ས་མཆོག་དང་སྐུ་སྒེར་རྒྱ་ཡིག་དྲུང་ཆེ་སྐུ་ཞབས་ཚེ་རྒྱམ་དང་མཉམ་དུ་ཡོད་པའི་སྐུ་པར་གསུམ་མཉམ་དུ་སྦྱར་ནས་སྤེལ་ཡོད་པ་རེད།

སྐབས་དེར་ཀུའུ་ཝེན་ཀུས་ཀྱིས་ཊི་ཝེ་ཊིར་སྟེང་འདི་ལྟར་བྲིས་ཡོད། ༧གོང་ས་མཆོག་དང་ཚེ་རྒྱམ་གཉིས་ནི་ངའི་གྲོགས་པོ་ཡིན།  ༧གོང་ས་མཆོག་ཕྱིར་གནས་མཆོག་ལ་ཕེབས་གནང་རྒྱུའི་ལས་འགན་དེ་ཕལ་ཆེར་འགྲུབ་སོང་། ཡིན་ན་ཡང་། ལེའུ་ཡུག(李友)གི་མ་རྐང་འཛུགས་མཁན་རྒྱུན་ལས་ཚོས་ཁེ་བཟང་གི་ཆེད་དུ་ང་ལ་གནོན་པ་བྱས་སྟབས། བདག་གི་ལོ་མང་རིང་གི་རེ་སྨོན་དེར་བར་ཆད་བྱུང་ནས་མཚམས་ཆད་པ་རེད། ཅེས་བྲིས་འདུག

གོང་ཞུས་ཀུའུ་ཝེན་ཀུས་ཀྱི་ཊེ་ཝེ་ཊིར་གྱི་ཡི་གེ་དེའི་ནང་། ༧སྤྱི་ནོར ༧གོང་ས་མཆོག་ཕྱིར་བོད་ལ་ཕེབས་རྒྱུ་དེ་ཁོང་གི་ལས་འགན་ཞིག་ལ་ངོས་འཛིན་བྱས་ཡོད་ཀྱང་། ལས་འགན་དེ་སུ་ཡི་བཀའ་དགོངས་ཡིན་པ་གསལ་ཁ་མེད་ཅིང་། དེ་མིན་རྒྱུན་ལས་ཚོས་གནོད་པ་བྱས་པ་ཞེས་བཀོད་ཡོད་པས། རྒྱུན་ལས་ལ་དབུས་རྒྱུན་ལས་དང་ཆབ་སྲིད་རྒྱུན་ལས་གཉིས་ཡོད་པས་གང་ཡིན་སུ་ཡིན་ལའང་གསལ་ཁ་བཏོན་མེད་མོད། རྒྱ་ནག་དབུས་ཆབ་སྲིད་རྒྱུན་ལས་ལ་མི་བདུན་དང་། དབུས་རྒྱུན་ལས་ལ་མི་ཉེར་ལྔ་མ་གཏོགས་མེད། གང་ལྟར་ཚང་མ་ཆེས་མཐོའི་དབུ་ཁྲིད་རྐྱང་རྐྱང་ཡིན།

དེ་བཞིན་དུ་མེན་ཅིང་བརྙན་འཕྲིན་(明镜电视)ཁང་གི་ཆེད་བསྒྲིགས་བཅར་འདྲི་སྐབས་ཀྱང་ཀུའུ་ཝེན་ཀུས་ཀྱིས་ཐེངས་གཅིག་མིན་གཉིས་མིན་དུ༧སྤྱི་ནོར༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འབྲེལ་བ་ཡོད་པའི་ཚིག་མགོ་བཏོན་ཡོད་པ་དང་། ལྷག་པར་དུ་སྤྱི་ཟླ ༤ ཚེས ༡༩འི་ཉིན་། ཨ་རི་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱི་ཆེད་བསྒྲིགས་བཅར་འདྲི་སྐབས “རྒྱ་ནག་གི་ཆེས་མཐོའི་དབུ་ཁྲིད་ཀྱི་བཀའ་མངག་ལྟར ༧གོང་ས་མཆོག་དང་མཇལ་འཕྲད་གནང” ལུགས་བཤད་ཡོད་པ་རེད།

དེ་ཡང་ཨ་རླུང་ཚང་གི་རྒྱ་སྐད་སྡེ་ཚན་གྱི་ཆེད་བསྒྲིགས་བཅར་འདྲི་སྐབས། རྒྱ་ནག་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གིས་ཕྱིའི་རྒྱལ་ཁབ་ཁག་ན་བཞུགས་པའི་གནད་ཡོད་མི་སྣ་དང་ཐུག་འཕྲད་ཆེད་ཁོང་ལ་དམིགས་བསལ་ཕྱི་སྐྱོད་ལམ་ཡིག་བཟོས་པའི་ཚུལ་གླེང་དུས། དེང་ཐོག་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གིས་ང་ཆེད་དུ་མངག་པ་རེད། ཆེད་མངག་བྱེད་དོན་ནི་ཏཱ་ལའི་བླ་མ་སོགས་གནད་ཡོད་ཚོར་སྣང་སྐྱེན་པོའི་མི་སྣ་དང་འབྲེལ་བ་བྱེད་ཆེད་ང་ལ་ཕྱི་སྐྱོད་ལམ་ཡིག་བཟོས་པ་རེད་ཅེས་དང་། ཀུའུ་ཝེན་ཀུས་ཡིས་བཤད་སྲོལ་ལ་གཞིགས་ན། རྒྱ་ནག་གཞུང་གིས་ཚོང་པ་རྒྱུ་ཆེན་ཚོ་བེད་སྤྱོད་གཏོང་གིན་ཡོད་པ་དང་། མི་དེ་ཚོ་ནི་རྒྱ་ནག་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གི་དམིགས་བསལ་ཞབས་ཞུ་བ་ཡིན་པ་ལས་གསང་མྱུལ་བ་མིན་པ། རྒྱ་ནག་གཞུང་གིས་ཚོང་པ་རྒྱུ་ཆེན་དེ་ཚོར་ཡིད་ཆེས་བྱས་ནས་དམིགས་བསལ་ལས་འགན་དེ་བསྒྲུབ་ཆེད་མངག་པ་མ་ཡིན་པར། ཚོང་པ་རྒྱུ་ཆེན་དེ་ཚོའི་དཔལ་འབྱོར་དང་ཕྱི་རྒྱལ་ཁག་ན་ཡོད་པའི་ཐོན་ཁུངས་བེད་སྤྱད་ནས་ལས་དོན་སྒྲུབ་རྒྱུ་དེ་ཡིན་ཞིང་། ཀུའུ་ཝེན་ཀུས་ཀྱིས་བཤད་པ་ནང་བཞིན། ཁོང་ལྟ་བུ་ལ་མཚོན་ན། ཕྱི་རྒྱལ་ཁག་གི་ཚོར་སྣང་སྐྱེན་པོའི་མི་སྣ་དང་འབྲེལ་བ་བྱེད་ཆེད་དང་། ཡང་ན་རྒྱ་ནག་གཞུང་གི་འབྲེལ་ཡོད་མི་སྣ་དང་ཕྱི་རྒྱལ་ཁག་གི་གནད་ཡོད་མི་སྣའི་བར་འབྲེལ་བ་མཐུད་རྒྱུ། དེ་ཁོ་ན་རང་ལ་དམིགས་འདུག

IMG_7318.JPG.jpeg
སྐུ་སྒེར་རྒྱ་ཡིག་དྲུང་ཆེ་ཚེ་རྒྱམ་དང་ཀུའུ་ཝེན་ཀུས།

གསར་འགོད་པས་ཀུའུ་ཝེན་ཀུས་ལ ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འབྲེལ་བ་བྱུང་སྟངས་ཐད་རྩད་འདྲི་བྱས་དུས། ཀུའུ་ཝེན་ཀུས་ཀྱིས། ཏཱ་ལའི་བླ་མ་དང་། དེ་མིན་དམངས་གཙོ་དོན་གཉེར་བ་སོགས་ཚང་མ་ཚོར་སྣང་སྐྱེན་པོའི་མི་སྣ་ཡིན། ང་ཏཱ་ལའི་བླ་མ་དང་ཐེངས་གཅིག་མིན་གཉིས་མིན། ཐེངས་མང་པོར་མཇལ་མྱོང་བ་མ་ཟད། རྒྱལ་ཁབ་བདེ་འཇགས་ལྷན་ཁང་དང་། རྒྱལ་ཁབ་ཀྱི་ཆེས་མཐོའི་དབུ་ཁྲིད་ཀྱི་བཀའ་མངག་ལྟར་མཇལ་འཕྲད་གནང་བ་ཡིན། ང་ཚོ་མཇལ་མོལ་སྐབས་ཏཱ་ལའི་བླ་མ་མཆོག་གིས་ཧ་ཅང་གལ་འགངས་ཆེ་བའི་ཕྱག་ཡིག་ཅིག་ང་ལ་བསྐུར་སོང་། ཕྱག་རིག་དེའི་མ་ཡིག་ད་དུང་ཡང་ངའི་ལག་ན་ཡོད། ཕྱག་ཡིག་དེ་ནི་མུང་(孟建柱,རྒྱ་ནག་དབུས་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅུ། ད་ལྟ་བཙོན་འོག་ན་ཡོད་པའི་ཀྲུག་ཡོན་ཁང་གི་གོ་གནས་དེ་རེད། )ཧྲུའུ་ཅུ་དང་ཞི་ཅིན་ཕེང་ཀྲུའུ་ཞི་ལ་བསྐུར་བ་རེད། གནས་ཚུལ་དེ་ནི་ལོ་རྒྱུས་རང་བཞིན་ཅན་ཞིག་ཡིན། དེ་འདྲ་ཡིན་མོད་ཀྱང་། རྗེས་སུ་གནས་ཚུལ་མང་པོ་བྱུང་བ་རེད། འདིའི་སྐོར་རྗེས་སུ་ཞིབ་བརྗོད་བྱ་འཆར་ཡོད། དེ་དུས་ངས་ཏཱ་ལའི་བླ་མའི་ཕྱག་ཡིག་བཀྲམས་ཆོག་ཅེས་བརྗོད་འདུག

ཀུའུ་ཝེན་ཀུས་ཀྱི་གོང་གི་བཤད་སྟངས་འདི་ལ་གཞིགས་ན། ཁོང་གི་ཞབས་ཞུ་སྒྲུབ་ཡུལ་ཡང་ན་ཁོང་ལ་བཀའ་རྒྱ་གཏོང་མཁན་དེ་རྒྱལ་ཁབ་ཀྱི་ཆེས་མཐོའི་དབུ་ཁྲིད་ཡིན་ཞིང་། རྒྱལ་ཁབ་ཀྱི་ཆེས་མཐོའི་དབུ་ཁྲིད་ཡིན་ན་དེ་ཞི་ཅིན་ཕེང་ཡིན་དགོས་པ་རེད། མུང་ཅན་ཀྲུའུ་ཟེར་བ་དེ་རྒྱ་ནག་གི་གྲངས་ཉུང་མི་རིགས་ལས་དོན་དང་འབྲེལ་བ་མེད་པའི་རྒྱ་ནག་དབུས་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅུ་རེད།

ཉུང་མཐའ་ཡང ༢༠༡༠ལོའི་བར་དུ་རང་གཞུང་གིས་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་དང་འབྲེལ་བ་བྱས་ཡོད་པ་རེད། ད་ལྟ་བོད་དོན་ཟེར་བ་དེ་ཁེ་བཟང་ཆེན་པོ་ཞིག་ཏུ་གྱུར་ནས། ཕྱི་ནང་གང་ཡིན་ཡང་། བོད་རྒྱ་སུ་ཡིན་ཡང་ཟ་འདོད་སྐྱེ་བཞིན་ཡོད་པས། རྒྱ་ནག་དབུས་སྲིད་ཁྲིམས་ལྷན་ཁང་གིས་ལག་པ་འཆང་འདོད་ལ་ཧང་སངས་མི་དགོས།

ཡང་དེ་བཞིན་དུ། ཨ་རླུང་ཚང་གི་རྒྱ་སྐད་སྡེ་ཚན་གྱི་ཆེད་བསྒྲིགས་བཅར་འདྲི་དེ་དུས་ཡུན་ཆུ་ཚོད་སྐར་མ་བཞི་བཅུ་ལྷག་ལ་བསླེབས་སྐབས། ཀུའུ་ཝེན་ཀུས་ཀྱིས་ཁོང་ནི་བདེ་འཇགས་ལྷན་ཁང་གི་ལས་བྱེད་པ་མིན་ཚུལ་། ཁོང་ནི་རྒྱ་ནག་གི་དཔོན་རིགས་ཚོའི་ཟ་ཡུལ་དང་བཅོམ་ཡུལ་ཡིན་ལུགས་བཤད་སྐབས། དཔེ་མཚོན་ཞིག་དྲངས་པ་ནི་ཏཱ་ལའི་བླ་མ་དང་མཇལ་དུས་ཀྱི་འགྲོ་སོང་སྐོར་ཡིན་ཞིང་། སྐབས་དེར་ཀུའུ་ཝེན་ཀུས་ཀྱིས “ང་དང་ཏཱ་ལའི་བླ་མ་གཉིས་མཇལ་འཕྲད་ཆེད་གནམ་གྲུའི་འགྲོ་གྲོན་གཅིག་པུར་ངས་སྒོར་མོ་དུང་ཕྱུར་གསུམ་ལྷག་བཀོལ་བ་ཡིན” ཞེས་བྱུང་རྒྱལ་དུ་གླེང་བ་དང་། ཞིབ་ཕྲའི་གནས་ཚུལ་ཀུའུ་ཝེན་ཀུས་ཡིས་འབྲེལ་བཤད་བྱས་མ་སོང་ལ་གསར་འགོད་པས་ཀྱང་རྩད་འདྲི་བྱས་མ་སོང་། གང་ལྟར་ཕྱི་རོལ་བའི་ང་ཚོས་ཤེས་པ་ཞིག་ནི། ༧གོང་ས་མཆོག་རྒྱལ་ཁབ་དང་ཡུལ་གྲུ་གང་ལ་ཆིབས་བསྒྱུར་གནང་ཡང་། ཐུན་མོང་གི་སྤྱི་སྤྱོད་གནམ་གྲུར་བཞུགས་ནས་ཕེབས་ཀྱིན་པ་ལས་དམིགས་བསལ་ཆེད་བཀོལ་གནམ་གྲུ་མིན་པ་དེ་རེད།  དེ་ཙ་ན། གནམ་གྲུའི་འགྲོ་གྲོན་ཟེར་བ་དེ་ཅི་ཞིག་ཡིན་པ་ལའང་གསལ་ཁ་མེད། གནས་ཚུལ་ཡོང་ཁུངས་ལས་ཀུའུ་ཝེན་ཀུས ༧གོང་ས་མཆོག་དང་མཇལ་འཕྲད་གནང་ས་དེ་ཉི་ཧོང་ཡིན་པ་ཡོད། ཨ་རིའི་ཌོ་ལོར་དང་ཡང་ན་རྒྱ་ནག་མི་དམངས་ཤོག་སྒོར་གང་ཡིན་ཡང་དུང་ཕྱུར་གསུམ་ལྷག་ཟེར་བ་དེ་གྲངས་ཀ་ཆུང་ཆུང་ཞིག་གཏན་ནས་མིན་པས། གནམ་གྲུའི་འགྲོ་གྲོན་ཐེངས་གཅིག་ཡང་ན་ཐེངས་མང་པོ་། ཡང་ན་གྲོན་སོང་གཞན། ཡང་ན་ཁ་གཡར་ས། ཡང་ན་དངུལ་ནག་བཀྲུ་བསྒྱུར། གང་ལྟར་བསམ་བློ་གཏོང་རིན་ཅན་ཞིག་རེད་སྙམ།

རྒྱ་རིགས་ཚོང་པ་ཀུའུ་ཝེན་ཀུས་ཀྱིས་བསམ་བཞིན་དུ་ཡིན་མིན་དུ་བསྒྲགས་པའི ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འབྲེལ་བ་ཡོད་ལུགས་ཀྱི་སྐད་ཆ་དེ་དག་ལས། མི་རྣམས་པས ༧གོང་ས་མཆོག་གིས་ཉེ་ལམ་མོན་རྟ་དབང་ལ་ཆིབས་བསྒྱུར་སྐྱོང་བའི་ལམ་བར་དུ་རྒྱ་གར་གྱི་ཨ་སམ་མངའ་སྡེ་རུ་རྒྱ་གར་ཁམས་པའི་དད་ལྡན་པ་ཚོར་བཀའ་སློབ་གནང་སྐབས་ཀྱི་བཀའ་གསུང་ཞིག་ཡིད་ལ་འཁོར་ཡོང་སྲིད། སྐབས་དེར་གོང་མཆོག་གིས་བོད་དོན་འཐབ་རྩོད་མི་མཐུད་ནས་གནང་དགོས་གལ་དང་སེམས་ཤུགས་ཆག་མི་ཉན་པའི་སྐོར་བཀའ་སློབ་གནང་དུས་ཞི་ཅིན་ཕེང་རྒྱ་ནག་གི་དབུ་ཁྲིད་ཆགས་རྗེས་ཞི་ཅིན་ཕེང་གི་སྐུ་ཚབ་དང་མཉམ་དུ་འབྲེལ་བ་བྱུང་བའི་སྐོར་གསུངས་ཡོད་པ་དང་། དེ་ཡང ༧གོང་ས་མཆོག་གིས། རིམ་པས་འགྱུར་བ་ཏན་ཏན་འགྲོ་གི་རེད། ཞི་ཅིན་ཕེང་དང་པོ་ཡོང་གྲབས་དེ་བ་ཅིག་ལ་རེ་བ་འདྲ་བོ་དགའ་རོ་བྱུང་།  ག་ལེ་ག་ལེ་ང་དང་ཡང་འབྲེལ་བ་ཞིག་བྱུང་པ་རེད། ཁོང་རང་གི་བློས་འཁེལ་བའི་གྲོགས་པོ་དེ་འདྲ་ངའི་རྩ་ལ་ཡོང་ནས། ང་ཚོ་འབྲེལ་བ་བྱས་པའི་གནས་ཚུལ་དེ་འདྲ་བྱུང་པ་རེད། ད་སྐབས་ཁོང་རང་ལའང་ཡ་མཚར་འདྲ་བོ་སྐྱེས་འདུག་ག ལས་བྱེད་པ་དང་གཞུང་གི་སྒྲིག་འཛུགས་ཁག་གི་ནང་ལོགས་ན་མཁྲེགས་པོ་དེ་འདྲ་ཡོད་པ་དེ་དབྱིན་ཇིའི་སྐད་དུ surprise སྐྱེས་འདུག་ག དེ་འདྲའི་གནས་ཚུལ་བྱུང་བ་རེད། ད་ལོ་འདིའི་ལོ་མཇུག་ཏུ་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་གི་ཡོད་པ་རེད། དཔོན་རིགས་ལོ་རྒན་པ་དེ་ཚོ་རྒན་ཡོལ་བའི་མཚམས་ལ་སླེབས། དཔོན་རིགས་གཞོན་པ་དེ་འདྲ་སླེབས་ཐུབ་པའི་རེ་བ་ཞིག་དང་། ལྷག་པར་དུ་རིམ་པས་རིམ་པས་ཀི བར་སྐབས་ཕྱི་རྒྱལ་ཁག་ལ་ཕྱིན་ནས་སློབ་སྦྱོང་བྱས་ཡོད་པའི་མི་རབས་དེ་དག་གཞི་ནས་འགན་ཁུར་བའི་ནང་སླེབས་ཡོང་དུས་ཙ་ན། འགྱུར་བ་ཏན་ཏན་འགྲོ་གི་རེད། ཅེས་གསུངས་ཡོད་པ་རེད།IMG_7320

༧སྤྱི་ནོར༧གོང་ས་མཆོག་གིས་བཀའ་གསུང་ནང་གི་ཞི་ཅིན་ཕེང་གི་སྐུ་ཚབ་དེ་རྒྱལ་ཁབ་ཀྱི་ཆེས་མཐོའི་དབུ་ཁྲིད་ཀྱི་བཀའ་མངག་གནང་བའི་ཀུའུ་ཝེན་ཀུས་ཡིན་མིན་རྩད་གཅོད་མི་ཐུབ་པས། ཡིན་མིན་གྱི་ཁྲུན་ཐག་གཅོད་ཐབས་བྲལ་བའི་གནས་ཡིན། སྤྱིར་བཏང་མངོན་ལྐོག་གཉིས་ཀ་ནས༧གོང་ས་མཆོག་ལ་མཇལ་ཁ་ཞུ་མཁན་རྒྱ་ནག་སྐམ་ས་ཆེན་པོ་ནས་ཡོང་བའི་རྒྱ་རིགས་མོད་པོ་ཡོད་པ ༧གོང་ས་མཆོག་གིས་བདུན་ཕྲག་རེ་རེར་རྒྱ་ནག་སྐམ་ཆེན་པོ་ནས་བཞུགས་སྒར་དྷ་རམ་ས་ལའི་ངེད་སར་ཡོང་ནས་མཇལ་ཁ་ཞུ་མཁན་ཉུང་མཐའ་ཡང་མི་བཅུ་ཡས་མས་ཡོད་ཞེས་སྔ་རྗེས་སུ་གསུངས་པ་ནང་བཞིན་ཡིན་ལ། རྒྱ་རིགས་དེ་ཚོའི་ཁྲོད་གཞུང་ཞབས་ལས་ཁྱུར་ངལ་གསོ་བ་དང་ཚོང་པ། སློབ་མ་སོགས་ལས་རིགས་སྣ་ཚོགས་ཀྱི་མི་སྣ་ཡོད།

གཅིག་བགྱིས་ན་རྣམ་པ་ཚོས་ད་དུང་བརྗེད་ཡོད་རྒྱུ་མ་རེད། སྤྱི་ལོ ༢༠༡༥ལོར། དབྱིན་ཇིའི་བྷེ་བྷེ་སེ་གསར་ལས་ཁང་གིས་པེ་ཅིང་ནས་ཞི་ཅིན་ཕེང་གི་སྐུ་ཚབ་ཡིན་ཟེར་བའི་མིང་ལ་ཞོ་ཝུ་ནན(肖武男)ཟེར་བ་ཞིག་ལ་བཅར་འདྲི་བྱས་ཡོད་ལ། ཞོ་ཝོ་ནན་ཟེར་བ་དེས་བྷེ་བྷེ་སེ་ཡི་གསར་འགོད་པ་ཁོང་གི་མཆོད་ཁང་ནང་ཁྲིད་ནས་མཆོད་བཤམས་སྟེང༧གོང་ས་མཆོག་གི་སྐུ་པར་ཞིག་བཤམས་ཡོད་པ་དམིགས་བསལ་ངང་མཚམས་སྦྱོར་གནང་པ་དང་ཆབས་ཅིག བཞུགས་སྒར་ཕོ་བྲང་ནང ༧གོང་ས་མཆོག་དང་མཇལ་མོལ་གནང་བཞིན་པའི་བརྙན་ཞིག་ཀྱང་མཁོ་སྤྲོད་བྱས་འདུག
ཀུའུ་ཝེན་ཀུས་ཀྱི་བསྒྲགས་སྲོལ་དང་། ༧སྤྱི་ནོར༧གོང་ས་མཆོག་གི་བཀའ་སློབ་གང་ལ་གཞིགས་ཀྱང་། པེ་ཅིང་དང་སྐུ་སྒེར་བར་འབྲེལ་བ་གང་འཚམ་ཞིག་ཡོད་པ་ཤེས་ཐུབ།

མཚམས་འདི་ལ་སླེབས་དུས་ཀློག་མཁན་ཚོར་ཀུའུ་ཝེན་ཀུས་ཟེར་བའི་རྒྱ་རིགས་ཚོང་པ་དེ་སུ་ཡིན་པ་ཤེས་འདོད་ཡོད་རྒྱུ་རེད། གཤམ་དུ་ཀུའུ་ཝེན་ཀུས་ཟེར་བའི་རྒྱ་རིག་འབྱོར་ལྡན་ཚོང་པ་དེ་ངོ་སྤྲོད་ཐུང་ངུ་ཞིག་བྱས་ན།

ཀུའུ་ཝེན་ཀུས་ནི་རྒྱ་ནག་ཧྲན་ཏུང་ལོའོ་ཁྲིན་ཞིན་རྫོང་དུ་སྤྱི་ལོ ༡༩༦༧ ལོར་སྐྱེས་ཤིང་། མིང་སྲིང་བརྒྱད་ཡོད་པའི་ཁྲོད་ཁོང་ནི་བདུན་པ་དེ་རེད། ༡༩༨༠འི་ནང་དམའ་འབྲིང་ནས་སློབ་མཐར་ཕྱིན་ཡང་མཐོ་འབྲིང་ལ་ཡིག་རྒྱུགས་འཕྲོད་མེད་པ་དང་། རྗེས་སུ་ཧིག་ནན་ཀྲིན་ཀྲུག་གྲོང་ཁྱེར་དུ་གནས་སྡོད་བྱས་འདུག

ཀུའུ་ཝེན་ཀུས་ཚོང་གི་ལམ་ལ་དངོས་སུ་ཞུགས་དུས་དེ ༡༩༩༣ལོར་རེད། ཐོག་མའི་དངུལ་ཟོ་གང་དེ་ཧོང་ཀོང་གི་བུད་མེད་ཚོང་པ་ཞིག་དང་མཉམ་འབྲེལ་གྱིས་ཀྲིན་ཀྲུག་ཡུས་ཏཱ་ཁེ་ལས་ཁང་ཟེར་བ་ཞིག་བཙུགས་པར་ངོས་འཛིན་བྱས་ཆོག རིམ་བཞིན་ཧོང་ཀོང་གི་བུད་མེད་ཚོང་པ་དེས་ཀུའུ་ཝེན་ཀུས་ས་ཁང་བདག་ཁོངས་ལས་རིགས་ལ་ཁྲིད་ཡོད་པ་དང་། ལོ་འགའི་རྗེས་སུ་ཀུའུ་ཝེན་ཀུས་གློ་བུར་དུ་ཧིག་ནན་ཞིང་ཆེན་དང་པེ་ཅིང་སོགས་སུ་ས་ཁང་བདག་ཁོངས་ལས་རིགས་ཁྲོད་མིག་དབང་འཕྲོག་པའི་སྐར་ཆེན་ཞིག་ཏུ་གྱུར་ཞིང་། མི་རྣམས་པས་ཁོང་ལ“ཁྱད་མཚར་ཆེ་བའི་ཚོང་པ”། “དབང་ཆའི་རྔོན་པ་ཀུའུ་ཝེན་ཀུས” སོགས་མཚང་མྱིང་བཏགས་པ་ཇི་བཞིན་དུ། ཀུའུ་ཝེན་ཀུས་རྒྱ་ནག་ཆབ་སྲིད་དང་ཚོང་ལས་གཉི་ཀར་འབྲེལ་བ་ཡོད་པའི་མི་སྣ་ཞིག་ཏུ་གྱུར་འདུག

རྒྱ་ནག་གི་མཐོ་རིམ་ནས་གཞི་རིམ་བར་མི་མངོན་པའི་ཚོགས་པ་མང་པོ་ཡོད་ལ། སྒོས་སུ་མཐོ་རིམ་དཔོན་རིགས་དང་ཚོང་པ་ཆེ་ཁག་དག་གིས་ངེས་པར་དུ་ཚོགས་པ་ཞིག་གདམ་ནས་ནང་ཞུགས་བྱེད་དགོས། ནམ་རྒྱུན་ང་ཚོས་གོ་རྒྱུ་ཅན་གྱི་ཚོགས་པ་ཁག་ནི་ཧྲེང་ཧེ་ཚོགས་པ་དང་། རྒྱལ་སྲས་ཚོགས་པ། གུང་ཆེན་ཐོན་ཚོགས་ལ་སོགས་ཡིན། ཚོགས་པ་དེ་དག་ལས་སྟོབས་ཤུགས་ཆེ་ཤོས་གཉིས་ནི་ད་ལྟའི་སྲིད་འཛིན་ཞི་ཅིན་ཕེང་གཏོགས་སའི་རྒྱལ་སྲས་ཚོགས་པ་དང་། རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅང་ཙེ་མེན་གཏོགས་པའི་ཧྲེང་ཧེ་ཚོགས་པ་གཉིས་ཡིན། བདག་གི་གོ་ཚོད་ལ་ཀུའུ་ཝེ་ཀུས་ཅང་ཙེ་མེན་ཕྱོགས་གཏོགས་ཀྱི་མི་ཡིན་པ་འདྲ། ཡིན་ན་ཡང་། ཁོང་གིས་རྒྱ་ནག་གི་ཆེས་མཐོའི་དབུ་ཁྲིད་ཀྱི་བཀའ་མངག་ལྟར་ཞེས་བཤད་ཡོད་པས། དོན་ངོ་མའི་ཀུའུ་ཝེན་ཀུས་ཚོགས་པ་གང་ལ་གཏོགས་པ་བཤད་དཀའ་བའི་གནས་ཡིན། རྒྱ་ནག་གི་ཆབ་སྲིད་འགྲོ་ལུགས་ལྟར་ན་ཚོགས་པ་གང་ལ་གཏོགས་མིན་ཤེས་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་ཆགས་ཡོད།

ལོ་ཉི་ཤུའི་ནང་རྒྱ་ནག་གི་ཕྱུག་བདག་ཨང ༧༤ པར་ཆགས་པ་དེར་སྒྲུང་གཏམ་རང་བཞིན་གྱི་ཧང་སངས་དགོས་པའི་ཆ་ཡོད་ཀྱང་། ལག་སྟོང་མཆན་ལ་བཙུར་བའི་ན་གཞོན་ཞིག་ལོ་ཉི་ཤུའི་རྗེས་སུ་མ་རྩ་དུང་ཕྱུར་མང་པོའི་བདག་པོར་གྱུར་བའི་གནས་ཚུལ་དེ་དངོས་ཡོད་གནས་ཚུལ་རེད། དེ་འདྲ་ཆགས་རྒྱུར་གནས་ཡུལ་སྤྱི་ཚོགས་དང་། སྤྱི་ཚོགས་དེའི་ལམ་ལུགས། ལམ་ལུགས་དེའི་འོག་གི་ཆབ་སྲིད་སྒྲིག་གཞི། ཆབ་སྲིད་དེ་དང་འབྲེལ་བའི་མི་རིགས། མི་རིགས་དེའི་རིག་གཞུང་སོགས་ཀྱི་རྒྱབ་ལྗོངས་ཡོད། དེ་དག་ནི་སྐབས་སུ་བབ་པའི་བརྗོད་བྱ་མིན་པས་གླེང་རྒྱུ་ཡིན།

ཡིན་ན་ཡང་ཀུའུ་ཝེན་ཀུས་ཀྱི་ཚོང་ལས་བགྲོད་ལམ་དེ་བར་ཆད་མེད་པའི་བར་སྣང་དུ་འཕུར་བ་ལྟ་བུ་ཞིག་མིན།  ༡༩༩༩ ལོ་ནས ༢༠༡༤ལོ་བར་ཀུའུ་ཝེན་ཀུས་ཐེངས་བཞི་ལ་བུ་ལོན་བྱོལ་ཆེད་ཕྱིའི་རྒྱལ་ཁབ་ཁག་ཏུ་བྲིས་བྱོལ་ལ་སོང་ཡོད་པ་དང་། ༢༠༡༤ལོའི་ཟླ ༨ པར་རྒྱ་ནག་དང་ཁ་བྲལ་རྗེས་ད་བར་དུ་ཕྱིར་སོང་མི་འདུག ཀུའུ་ཝེན་ཀུས་རང་ཉིད་ཀྱི་བཤད་སྟངས་ལ་གཞིགས་ན། ཀུའུ་ཝེན་ཀུས་ལོ་ཉི་ཤུའི་སྔོན་ནས་བཟུང་རྒྱ་ནག་གི་མི་སེར་མིན་ཞིང་། ད་ལྟ་ཁོང་ལ་རྒྱལ་ཁབ་བཅུ་གཅིག་གི་ཕྱི་སྐྱོད་ལམ་ཡིག་ཡོད་པ་དང་། ཨ་མེ་རི་ཀའི་རྒྱུན་སྡོད་ཐོབ་ཐང་ཡང་ཡོད་པ་རེད།

ཏག་ཏག་ཨ་རླུང་ཚང་གིས་ཀུའུ་ཝེན་ཀུས་ལ་བཅར་འདྲི་མ་བྱས་པའི་སྔན་ཉིན་མོར། རྒྱ་ནག་གི་རེ་འདུན་ལྟར་རྒྱལ་སྤྱིའི་ཉེན་དོན་ཉེན་རྟོག་པའི་སྒྲིག་འཛུགས་ཀྱིས “ཉེས་ཅན་དོགས་གཞི་ཅན་ཀུའུ་ཝེན་ཀུས་ལ་འཛིན་བཟུང་བཀའ་རྒྱ་དམར་པོ” བཏང་ཡོད་པས། རྒྱ་ནག་གཞུང་གིས་གོ་ལ་ཧྲིལ་བོ་ནས་ཀུའུ་ཝེན་ཀུས་འཛིན་བཟུང་གི་འགོ་བརྩམས་ཡོད་པ་རེད།

མཆན། པར་དེ་དག་གི་ཡོང་ཁུངས་ནི་ཀུའུ་ཝེན་ཀུས་ཀྱི་ཊི་ཝེ་ཊིར་ཡིན།