-
དཀྱིལ་གྱི་ཁྱད་མཚར་ཅན་གོན་མཁན་དེ་ཁོ་ཚེ་ཚུལ་ཁྲིམས་རེད། ཁོ་ཚེ་ཚུལ་ཁྲིམས་ཟེར་བ་དེ་བླ་མ་རྫུན་མ་དང་དགེ་བཤེས་རྫུན་པ་ཡིན་ལུགས་ཀྲུང་གོ་བོད་ལྗོངས་དྲྭ་བ་ཞེས་པའི་གཞུང་འབྲེལ་དྲྭ་ཚུགས་སུ་གནས་ཚུལ་སྤེལ་འདུག
དེ་ཡང་སྤྱི་ཟླ ༥ ཚེས ༣ ཉིན། ཀྲུང་གོ་བོད་ལྗོངས་དྲྭ་བ་ཞེས་པའི་གཞུང་འབྲེལ་དྲྭ་ཚུགས་སུ་སྤེལ་བའི་གནས་ཚུལ་ནང་། ༡༩༦༩ ལོར་ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་ཁོ་ཚེ་སྡེ་བར་སྐྱེས་པའི་ད་ལྟ་མིང་ལ་ཁོ་ཚེ་ཚུལ་ཁྲིམས་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་སམ་མཉྫུ་ཤྲི་པཱུ་ཛཱ་ཁྲི་རིན་པོ་ཆེ་ཟེར་བ་དེའི་ཁོང་ནི་མདོ་སྨད་བླ་བྲང་དགོན་པའི་གསེར་ཁྲི་བཞིའི་ཡ་གྱལ་ཟམ་ཚའི་སྤྲུལ་སྐུ་དང་། - བོད་བརྒྱུད་ནང་བསྟན་གྱི་ཆེས་མཐོའི་དགེ་བཤེས་ཀྱི་ཐོབ་ཡོད་མཁན་ཞིག་དང་། པེ་ཅིང་སློབ་ཆེན་མཚན་ཉིད་སློབ་གླིང་གི་རབ་འབྱམས་པ་དང་དེ་མིན་རྒྱལ་ཁབ་ཕྱི་ནང་གི་འབུམ་རམས་པའི་ཤེས་ཚད་ལག་འཁྱེར་གསུམ་ཅན་ཞིག་ཡིན་པའི་མ་ཚད། ད་དུང་ཁོ་ཚེ་གངས་ལྗོངས་ཕྱུགས་ལས་དབུལ་ཕོངས་རོགས་སྐྱོབ་ཐེབས་རྩ་དང་། ཁོ་ཚེ་སློབ་གསོ་རོགས་རམ་མཐུན་ཚོགས་ཀྱི་ཚོགས་གཙོ་སོགས། དེ་མིན་འཛམ་གླིང་ཞི་བདེ་རིག་གནས་ཕོ་ཉ་སོགས་གོ་ཐོབ ༢༦ཡོད་པའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་སྤྲུལ་སྐུ་ཞིག་ཡིན་ལུགས་གང་ས་གང་དུ་བསྒྲགས་དང་སྒྲོག་གིན་ཡོད་མོད། འོན་ཀྱང་། དོན་གྱིས་བོད་བརྒྱུད་ནང་བསྟན་སྤྲུལ་སྐུ་འཚོལ་བཤེར་མ་ལག་བརྒྱུད་ནས་ཁོ་ཚེ་ཚུལ་ཁྲིམས་ཟེར་བའི་མིང་དང་། ཡང་ན་འཇམ་དཔལ་དགྱེས་པའི་བློ་གྲོས་སམ་མཉྫུ་ཤྲི་པཱུ་ཛཱ་ཟེར་བའི་སྒྲ་མིང་། ཇི་ལྟར་འཚོལ་བཤེར་བྱས་ཀྱང་ཁོ་ཚེ་ཚུལ་ཁྲིམས་ཟེར་བའི་བླ་མ་ཞིག་མི་རྙེད་པ་དང་། ཟམ་ཚ་ཞེས་འཚོལ་བཤེར་བྱས་ན། ༡༩༨༢ལོར་འཁྲུངས་པའི་སྤྲུལ་སྐུ་ན་གཞོན་ཞིག་ཐོན་ཡོང་པས། དེ་མི་གཉིས་ཡིན་པ་གསལ་བོ་རེད། དེ་བས་ན། ཕྱོགས་ཐམས་ཅད་ནས་བདེན་དཔང་བྱས་པ་ཞིག་ནི། ཁོ་ཚེ་ཚུལ་ཁྲིམས་ཟེར་བ་དེ་བླ་མ་རྫུན་མ་ཞིག་དང་། དགེ་བཤེས་རྫུན་མ་ཞིག་རེད་ཅེས་བཀོད་འདུག
སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་སྲོལ་འདི་ནི་ལོ་ངོ་བདུན་བརྒྱའི་སྔོན་ཏེ༡༢༨༤ལོ་ཀརྨ་པ་རང་བྱུང་རྡོ་རྗེ་སྐུ་འཁྲུངས་ནས་དགུང་ལོ་ལྔ་ལ་ཕེབས་སྐབས་གྲུབ་ཐོབ་ཨུ་རྒྱན་པ་རིན་ཆེན་དཔལ་གྱིས་ཀརྨ་པཀྴཱའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་ཞུས་པ་ནས་བཟུང་བོད་དུ་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་པའི་ལམ་སྲོལ་ཞིག་རིམ་གྱིས་དར་ནས། ད་ལྟ་ལམ་སྲོལ་དེ་འཐུས་གུ་ཚང་ཞིང་རང་སྐྱ་ཐུབ་པའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ཤིན་ཏུ་ནས་དམིགས་བསལ་ཡིན་པའི་རིག་གནས་ལམ་སྲོལ་ཞིག་ཏུ་ཆགས་ཡོད། བོད་ཀྱི་ལོ་རྒྱུས་སུ་བླ་མ་རྫུན་མ། དགེ་བཤེས་རྫུན་མ། གྲྭ་བཙུན་རྫུན་མ་བྱུང་བའི་ལོ་རྒྱུས་ཕལ་ཆེར་རི་བོང་གི་ར་ཡིན་ཞེས་བརྗོད་ཀྱང་ཐལ་ཆ་མ་མཐོང་། ཡིན་ན་ཡང་། ༡༩༥༡ ལོར་རྒྱ་ནག་དམར་པོ་གཞུང་གིས་བོད་ལ་བཙན་འཛུལ་བྱས་ཏེ་བོད་ས་ཧྲིལ་བོ་དབང་བསྒྱུར་བྱས་རྗེས། བོད་ཡུལ་དེ་བླ་རྫུན་གྲྭ་རྫུན་འཁྲུངས་ཡུལ་དུ་གྱུར་ཡོད་པས། དེ་ནི་སྤྱི་ཚོགས་ཤིག་གི་ཤུགས་རྐྱེན་དང་རིག་གནས་ཤིག་གི་ཤུགས་རྐྱེན་ལས་བྱུང་བ་ཤར་སྟག་རེད། དེང་གི་རྒྱ་ནག་གི་བརྫུས་མ་དང་རྫུན་མས་ཁེངས་པའི་སྤྱི་ཚོགས་རྫུན་མ་ཞིག་ནས་བླ་མ་རྫུན་མ་དང་དགེ་བཤེས་རྫུན་མ་ཐོན་པ་དེར་སྤྱི་ཚོགས་དེའི་རང་བཞིན་ཡིན་པས་དེར་ཧང་སངས་མི་དགོས། ཡང་གཅིག་བཤད་ན། བོད་པའི་སྤྱི་ཚོགས་སུ་བོད་རང་གི་རིག་གཞུང་ལས་མཆེད་པའི་བླ་མ་ངོས་འཛིན་དང་དགེ་བཤེས་ལེན་སྟངས་སོགས་ལམ་ལུགས་སྲོལ་ཆ་ཚང་བ་ཞིག་ཡོད་ལ། བོད་མི་དམངས་ལའང་རིག་གཞུང་དེ་དང་མཐུན་པའི་འཇིག་རྟེན་གྱི་ལྟ་བ་ཞིག་གྲུབ་ཡོད། གང་རྫུན་མ་དང་གང་ངོ་མ་ཡིན་པ་བོད་མི་དམངས་ཀྱི་སེམས་སུ་ཧ་གོ་ཐིང་གསལ་རེད། རྒྱ་ནག་གཞུང་གི་སྤྲུལ་སྐུ་འཚོལ་བཤེར་མ་ལག་གིས་སྤྲུལ་སྐུ་རྫུན་མ་རེད་ཟེར་ན་རྫུན་མར་ཆགས་འགྲོ་བ་དང་། ངོ་མ་རེད་ཟེར་ན་ངོ་མར་ཆགས་འགྲོ་བ་ཞིག་མ་རེད། དཔེར་ན། རྒྱ་ནག་པེ་ཅིང་གཞུང་གི་ངོས་འཛིན་བྱས་པའི་པན་ཆེན་རྫུན་མ་རྒྱལ་མཚན་ནོར་བུ་ལ་རྒྱ་ནག་གི་བླ་མའི་དཔང་ཡིག་ཟེར་བ་དེ་ཡོད་རྒྱུ་རེད་ལ་སྤྲུལ་སྐུ་འཚོལ་བཤེར་དུའང་རྙེད་རྒྱུ་རེད། ཡིན་ན་ཡང་བོད་མི་དམངས་ཀྱི་སེམས་སུ་ཀུན་གཟིགས་པན་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པར་གཏན་ནས་ཁས་མི་ལེན་པ་ལྟ་བུ་དང་། ཡང ༧སྤྱི་ནོར༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚོན་ན། རྒྱ་ནག་གི་བླ་མའི་དཔང་ཡིག་ཟེར་བ་དེ་ཡོད་མི་སྲིད་ལ། སྤྲུལ་སྐུ་འཚོལ་བཤེར་མ་ལག་ནང་རྙེད་རྒྱུའང་མ་རེད། ཡིན་ན་ཡང་། ༧གོང་ས་མཆོག་བླ་མ་མ་རེད་ཟེར་མཁན་བོད་པ་ཞིག་འཇིག་རྟེན་ཉི་མའི་འོག་རྙེད་དཀའ་བ་ལྟ་བུ་རེད།
སྤྱིར་བཏང་ཁོ་ཚེ་ཚུལ་ཁྲིམས་ཀྱིས་ལོ་མང་རིང་བླ་མ་རྫུན་མ་དང་། དགེ་བཤེས་རྫུན་མ་འཁྲབ་ཀྱིན་པ་དང་། ད་དུང་གངས་ཅན་བླ་མ་སོགས་དང་འབྲེལ་ནས་བོད་བརྒྱུད་ནང་བསྟན་ལ་གཏོར་བརླག་ཚབས་ཆེན་བཏང་དང་གཏོང་གིན་པའི་གནས་ཚུལ་རིགས་བོད་པའི་སྤྱི་ཚོགས་སུ་གསར་བ་གང་ཡིན་མིན་མོད། ཡིན་ན་ཡང་། རྒྱ་ནག་རྒྱལ་ས་པེ་ཅིང་དུ་རྒྱལ་བོའི་ཞབས་འཁྲིས་སུ་ལོ་ངོ་ཉི་ཤི་ལྷག་གི་རིང་བླ་མ་རྫུན་མ་འཁྲབ་ནས་བསྡད་ན་འདུག་ས་འཁྲབ་ས་ཡོད་པ་དེ་གང་ཟག་སྒེར་བ་ཞིག་གི་བྱ་སྤྱོད་ཙམ་ལས་སྤྱི་ཚོགས་དེའི་ཞན་སྐྱོན་དང་སྲིད་ཇུས་ཤིག་གི་མཇུག་འབྲས་ལས་བྱུང་བ་བཤད་མི་དགོས་པ་ཀུན་པོའི་སེམས་སུ་གསལ་ཐིང་རེད་བསམ་བྱུང་།
ཁོ་ཚེ་ཚུལ་ཁྲིམས་ཀྱིས་རྒྱ་ནག་པེ་ཅིང་དུ་བླ་མ་རྫུན་མ་འཁྲབ་པ་མ་ཟད། བཞུགས་སྒར་དྷ་རམ་ས་ལ་ནས་ཀྱང་བླ་མ་རྫུན་མ་འཁྲབ་ཡོད། དེ་ཡང་སྤྱི་ལོ ༢༠༠༩ལོའི་ཟླ ༤ ཚེས ༥ ཉིན། ཁོ་ཚེ་ཚུལ་ཁྲིམས་ཀྱིས་སོག་པོ་ཕོ་མོ་གཉིས་ཁྲིད་ནས་བཞུགས་སྒར་དྷ་རམ་ས་ལར་འབྱོར་ནས། སོག་པོའི་དགོན་པ་གསུམ་གྱི་མཁན་པོར་བརྫུས་ནས༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁར་བཅར་རྒྱུའི་ཞུ་སྙན་ཕུལ་ཡང་། སྟབས་ལེགས་ནས་དུས་ཐོག་ཏུ་ཤེས་རྟོགས་བྱུང་སྟབས་ཁོ་ཚེ་ཚུལ་ཁྲིམས་ཀྱི་རྫུན་རྐུབ་རྡོལ་ནས་བྲོས་ཕྱིན་པ་རེད།
སྤྱིར་ན་རྒྱ་ནག་ནང་ལོགས་ན་བོད་པའི་བླ་རྫུན་གྲྭ་རྫུན་མོད་པ་མ་ཟད། རྒྱ་རིགས་བླ་རྫུན་གྲྭ་རྫུན་ཡང་མང་པོ་ཡོད་པ་དང་། གཅིག་བགྱིས་ན་རྣམ་པ་ཚོས་ད་དུང་བརྗེད་ཡོད་རྒྱུ་མ་རེད། ༢༠༡༥ ལོར་ཧོང་ཀོང་དུ་བྱུང་བའི་རྒྱ་ནག་གོང་མ་རྒྱལ་པོ་འཁྲབ་མཁན་ཀྲང་ཐེ་ལེན་ཟེར་བའི་ཁྲི་འདོན་མཛད་སྒོ་ལས་བསླངས་པའི་རྒྱ་རིགས་ཚོང་པ་སྤྲུ་སྐུ་རྫུན་མ་པདྨ་འོད་ཟེར་གྱི་དོན་རྐྱེན་དེ་བོད་པའི་སྤྱི་ཚོགས་སུ་སྐབས་དེར་ཟང་ཟིང་ཆེན་པོ་ཆགས་པ་རེད།
ད་ཐེངས་ཀྲུང་གོ་བོད་ལྗོངས་དྲྭ་བ་ཟེར་བས་ཁོ་ཚེ་ཚུལ་ཁྲིམས་ནི་བླ་མ་རྫུན་མ་ཡིན་ལུགས་གཞུང་འབྲེལ་དྲྭ་རྒྱ་བརྒྱུད་ནས་ཐེར་འདོན་བྱས་ནས། ཁོ་ཚེ་ཚུལ་ཁྲིམས་ཀྱི་བླ་མ་རྫུན་མའི་ཁོག་ལྟིར་ནས་དགེ་བཤེས་རྫུན་མའི་ཞབས་རྡོལ་ཡང་། རྒྱ་ནག་ན་ཁོ་ཚེ་ཚུལ་ཁྲིམས་ལྟ་བུའི་བླ་མ་རྫུན་པ་དང་། དགེ་བཤེས་རྫུན་མ། གྲྭ་བཙུན་རྫུན་མ་བརྒྱ་ཕྲག་སྟོང་ཕྲག་ཡོད་པས། གཞི་རྩིའི་ལམ་ལུགས་དང་སྲིད་ཇུས་ལ་འགྱུར་བ་མ་བཏང་པར་། ཁོ་ཚེ་ཚུལ་ཁྲིམས་འདྲ་བོ་གཅིག་གཉིས་ཤིག་ཐེར་འདོན་བྱས་པ་ཙམ་གྱིས་རུལ་སུངས་དེའི་རིགས་ཚར་གཅོད་ག་ལ་ནུས།
གཤམ་དུ་ཁོ་ཚེ་ཚུལ་ཁྲིམས་ཀྱིས་བཞུགས་སྒར་དུ༧གོང་ས་མཆོག་ལ་ཕུལ་བའི་ཞུ་ཡིག་མཉམ་དུ་སྦྱོར་ཡོད།
༄༅། །དཔལ་ལྡན་སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་མཆོག་ལ།
ཆེད་ཞུ།
གུས་འབངས་ཕྲན་ཁོ་ཚེ་ཚུལ་ཁྲིམས་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་སམ་མཉྫུ་ཤྲི་པུ་ཛཱ་ནས་ཞུ་སྙིང། ཕྲན་ད་ལམ་ཕྱི་སོག་སང་གིན་ཏཱ་ལའི་ཆོས་དགོན་དང། རིག་བཅུའི་འཛིན་སྐྱོང་མཉྫུ་ཤྲི་གླིང་དགོན་པ། ནང་སོག་ཧ་ཡ་གྷྲི་ཝ་ཕན་བདེ་རྒྱ་ཆེན་གླིང་བཅས་ཀྱི་ཆོས་དགོན་གསུམ་གྱི་སྤྱི་ཁྱབ་མཁན་པོའི་མིང་ཁུར་ཏེ་ཞུ་གསོལ་འདེབས་སྙིང། འགྲོ་བ་ལྷར་བཅས་སྲིད་ཞིའི་སྐྱབས་མགོན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཆེད་དུ་མཇལ་བཅར་ཞུ་བའི་དགོས་དོན་དམིགས་ཡུལ་མདོར་བསྡུས་ཞུ་རྒྱུ་གཤམ་གསལ།
དང་པོ། གོང་གསལ་སོག་དགོན་ཆོས་སྡེ་གསུམ་གྱི་བསྟན་པ་འཛིན་སྐྱོང་དར་རྒྱས་སྐོར་སྙན་སེང་དང་འབྲེལ་ཐུགས་སྨོན་བཀའ་སློབ་ལམ་སྟོན་སྤྱི་གཙུག་ཏུ་ཞུ་རྒྱུ་དང།
གཉིས་པ། ཕྲན་གྱིས་བརྩམས་པའི་གསུང་འབུམ་པོད་བཅུ་གཅིག་གི་དཀར་ཆག་ཡོངས་རྫོགས་དང་པོད་དང་པོ་བཅས་༧གོང་ས་མཆོག་ལ་སྤྱན་འབུལ་ཞུ་རྒྱུ།གསུམ་པ། ཕྲན་ལ་གུང་ཐང་སྐུ་ཕྲེང་དྲུག་པ་བསྟན་པའི་དབང་ཕྱུག་མཆོག་གི་དྲུང་ཆེ་ཡི་ཞབས་ཞུའི་སྐལ་བ་ཐོབ་མཁན་ཞིག་གི་ངོས་ནས། གུང་ཐང་རིན་པོ་ཆེའི་སྐོར་གྱི་དམིགས་བསལ་དོན་གནས་འགའི་ཐོག་ལ་ནང་མོལ་སྙན་སེང་ཞུ་རྒྱུ།
བཞི་བ། དེ་སྔ་སྤྱི་ཚོགས་ཁྲོད་མི་ཁ་ཤས་ཀྱིས་ཕྲན་ལ་དོལ་རྒྱལ་ཚོགས་པ་དང་འབྲེལ་བ་ཡོད་རབས་དང། ལྷག་པར་དོལ་རྒྱལ་ཚོགས་པའི་བྱེད་གཏེ་གངས་ཅན་བླ་མ་དང༌། གུ་རུ་དེ་ཝ་བཅས་དང་དམིགས་བསལ་འབྲེལ་བ་ཡོད་ཚུལ་སོགས་མ་ཉེས་ཁ་གཡོགས་ཀྱི་འཆལ་གཏམ་ཁག་ཅིག་བྱུང་ཡོད་སྟབས། དེའི་སྐོར་གྱི་ཡང་སྙིང་གནས་ལུགས་ངོ་མ་གང་ཟག་མི་རེ་ངོ་རེར་དག་སེལ་འགྲེལ་བཤད་ཞུ་རྒྱུར་དགོས་པ་དང་གནས་སྟངས་གང་ཅིར་འཚམ་པ་ཞིག་མ་མཐོང་ཡང། ནམ་ཞིག་གསལ་བཤད་དག་གཙང་ཞུ་རྒྱུའི་གོ་སྐབས་བྱུང་ཚེ། ༧རྒྱལ་བ་དོན་གྱི་བདག་པོའི་སྐུ་མདུན་དུ་སྦ་གསང་མེད་པར་གསེད་བཀྲོལ་གཡའ་དག་ཞུ་རྒྱུའི་དམ་བཅའ་བརྟན་པོ་ཡོད་མུས་ཐོག ད་ལམ་ཕྱི་སོག་བརྒྱུད་རྒྱ་གར་ལ་ཆེད་དུ་༧གོང་ས་སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུ་རྒྱུའི་གོ་སྐབས་ཞུས་པ་དེ་ལྟར་ལགས། ད་ལམ་ཕྲན་གྱིས་མཆོག་གསུམ་དཔང་བཙུགས་ཚིག་ཐག་ཆོད་པོའི་སྒོ་ནས་ཞུ་རྒྱུ་ཞིག་ལ། གངས་ཅན་བླ་མ་དང་གུ་རུ་དེ་ཝ་ལ་འབྲེལ་བ་ཆགས་སྟངས་ནི་ཕྲན་གྱི་རྩོམ་སྒྲིག་ཞུས་པ། གངས་ལྗོངས་རིག་བཅུའི་ཉིང་བཅུད་ཆེན་པོ། དཔར་སྐྲུན་ལ་གངས་ཅན་བླ་མས་མ་བསྐུལ་དང་བླངས་ཀྱིས་ཞལ་འདེབས་ཕུལ་སྐབས་ཕྱི་དངོས་པོའི་ཞལ་འདེབས་ཙམ་གྱི་འབྲེལ་བ་བྱུང་བ་དོན་དངོས་ཡིན་པ་མ་གཏོགས། དོལ་རྒྱལ་ཚོགས་པའི་ལས་དོན་སྤྱི་དང་ཁྱད་པར་ཤུགས་ལྡན་བསྟེན་གསོལ་སྐོར་གྱི་ལབ་གླེང་འབྲེལ་བ་གང་ཡང་མེད་པའི་ཁར། ཕྱི་ལོ་ ༢༠༠༦ ནས་ད་བར་ཁོ་བོར་འགྲོ་འོང་འབྲེལ་གཏུགས་སྤུ་ཙམ་ཡང་མེད། ཅེས་ཚིག་ཐག་གཙང་བཅད་ཀྱིས་ཞུ་རྒྱུ་དང། ལྷག་པར་གུང་ཐང་བསྟན་པའི་དབང་ཕྱུག་མཆོག་གི་དངོས་སློབ་ཅིག་ཡིན་པའི་ཆ་ནས་ཁོང་གི་བཀའ་སློབ་སྙིང་བཅང་གིས་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང། རྒྱའི་ཡུལ་གྲུ་ཁག་དང་སོག་པོ་ཕྱི་ནང་བཅས་སུའང་དེ་ལུགས་དར་སྤེལ་གྱི་ལས་དོན་ཅི་ནུས་བསྒྲུབ་རྒྱུ་ནི། ཕྲན་རང་གི་དམིགས་ཡུལ་ཡིན་ན། གོང་གསལ་དོན་གནས་སྐོར་འཛམ་གླིང་རྒྱལ་བསྟན་ཡོངས་ཀྱི་དོན་གྱི་བདག་པོ་༧རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ལ་དགོངས་སྐོར་སྙན་སེང་དང་ཐུགས་སྨོན་མཚམས་སྦྱོར་ཞུ་རྒྱུ་ཡིན་པ་བཅས། ཕྲན་ཁོ་ཚེ་ཚུལ་ཁྲིམས་རྒྱ་མཚོ་འཇལ་དཔལ་དགྱེས་པའི་བློ་གྲོས་སམ་མཉྫུ་ཤྲི་པཱུ་ཛ་མིང་ཅན་གྱིས། ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༥ ཉིན་ཕུལ། ཞེས་བཀོད་འདུག
མཆན། གོང་བཀོད་ཞུ་ཡིག་དེ ༢༠༠༩ ལོའི་ཟླ ༤ ཚེས ༢༡ ཉིན། ༼ ཁ་བརྡ༽ དྲྭ་ཚུགས་སུ་ཁ་བྱང་ལ༼ ཁོ་ཚེ་ཚུལ་ཁྲིམས་ལ་མཇལ་ཁ་མ་རག་པར་ཕྱིར་ལོག༽ ཞེས་པར་བཀོད་པའི༼ སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་ལགས་ཀྱིས་གསུངས་པའི་ཐེངས་འདིར་ཁོ་ཚེ་ཚུལ་ཁྲིམས་ཀྱིས་སྐུ་སྒེར་ཡིག་ཚང་དུ་ཕུལ་བའི་ཞུ་ཡིག༽ ཟེར་བ་བླངས་ནས་སྦྱར་བ་ཡིན།