ལྕམ་ནན་སེ:རྒྱ་གཞུང་གིས་འཛམ་གླིང་གི་དགེ་སེམས་ལ་སྒྲུན་ཟླ་སློང་གིན་ཡོད།

tibet276
༧གོང་ས་མཆོག་དང་ལྕམ་ནན་སེ།

རྒྱ་ནག་པེ་ཅིང་གཞུང་དང་མཉམ་ལས། དོ་མཉམ་ཡོང་ཐབས་འཚོལ་ཞིང་སྙེག་གིན་པའི་ཨ་རིའི་སྲིད་འཛིན་དགྲ་ནོན་ཁྲོ་འབར་གྱིས་གང་ཉིད་ཨ་མེ་རི་ཀའི་སྲིད་འཛིན་ཆགས་ནས་ཟླ་གསུམ་ལྷག་གི་རིང་བོད་དོན་ཐད་རྣམ་འགྱུར་ཅི་ཡང་བཏོན་མེད། དེ་དང་ལྡོག་ཟླ་རུ་གྱུར་བ་ཞིག་ནི། སྤྱི ༥ ཚེས ༩ ཉིན། ཨ་རིའི་གྲོས་ཚོགས་འོག་མའི་སྲིད་དོན་ཚོགས་པ་གཉི་ཀས་གྲུབ་པའི་གཞུང་འབྲེལ་ཚོགས་ཆུང་ཞིག་རྒྱ་གར་བྱང་ཕྱོགས་ཧི་མ་ལ་ཡའི་རི་ཁུག་ཏུ་ཆགས་པའི་བཞུགས་སྒར་དྷ་རམ་ས་ལར་ཆེད་དུ་ཕེབས་ནས༧སྤྱི་ནོར༧གོང་ས་མཆོག་གིས་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་དང་མཇལ་མོལ་གནང་ཡོད་པ་རེད།
ཨ་མེ་རི་ཀའི་གྲོས་ཚོགས་འོག་མའི་དམངས་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་ནན་སེ་ཕེ་ལོ་སེས་དབུ་ཁྲིད་པའི་གྲོས་ཚོགས་ཀྱི་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་ཐུན་མོང་གིས་གྲུབ་པའི་འཐུས་མའི་ཚོགས་ཆུང་དེ་ཐེངས་འདིར་གཞུང་འབྲེལ་གྱི་ངོ་བོས་བཙན་བྱོལ་བོད་མིའི་བསྟི་གནས་བཞུགས་སྒར་དྷ་རམ་ས་ལར་ཆེད་དུ་ཕེབས་ནས༧སྤྱི་ནོར༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གཙོས་སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་སོགས་མཛད་གཙོ་རྣམ་དང་མཇལ་འཕྲད་བཀའ་མོལ་གནང་བ་དེས་ཨ་རིའི་གྲོས་ཚོགས་འཐུས་མིའི་ཚོགས་ཆུང་དེས་མཚོན་པའི་ཨ་རིའི་གྲོས་ཚོགས་ཀྱིས་བོད་དོན་དང་བོད་མིའི་རང་དབང་རང་སྐྱོང་གི་དགོས་འདུན་ལ་རྒྱབ་སྐྱོར་ཆེན་པོ་ཡོད་པ་མཚོན་ཡོད།

བོད་མིའི་སྒྲིག་འཛུགས་ཀྱིས་ཨ་རིའི་གྲོས་ཚོགས་འཐུས་མའི་གཞུང་འབྲེལ་ཚོགས་ཆུང་ལ་དགའ་བསུའི་མཛད་སྒོ་ཞིག ༥ ཚེས ༡༠ རེས་གཟའ་ལྷག་པའི་ཉིན་བཞུགས་སྒར་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་བསྐོངས་ནས་ཚོགས་མགོན་དུ༧སྤྱི་ནོར༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་བཀའ་སློབ་བསྩལ་གནང་མཛད་པ་རེད།  མཛད་སྒོའི་སྐབས་ལྕམ་ནན་སེ་མཆོག་གིས། རྒྱ་ནག་གཞུང་གིས་བོད་མི་རིགས་དང་། རིག་གཞུང་། སྐད་ཡིག་སོགས་རྨེག་མེད་དུ་གཏོང་རྩིས་གདུག་རྩུབ་ཆེ་བའི་བྱ་སྤྱོད་དེས་འཛམ་གླིང་གི་དགེ་སེམས་ལ་སྒྲུན་ཟླ་སློང་གིན་ཡོད་ལ། ང་ཚོས་སྒྲུན་ཟླ་དེར་གདོང་ལེན་བྱེད་རྒྱུ་ཞེས་གསུངས་འདུག

ལྕམ་ནན་སེ་མཆོག་གིས་བཏོན་གནང་པའི་གསལ་ཞིང་རྗེན་པའི་རྣམ་འགྱུར་དང་ཨ་རིའི་སྲིད་འཛིན་དགྲ་ནོན་ཁྲོ་འབར་གྱིས་རྒྱ་ནག་ཐད་བཟུང་པའི་ཞི་འཇམ་གྱི་ལངས་ཕྱོགས་གཉིས་ཅུང་མི་མཐུན་པ་ཆགས་ཡོད། དགྲ་ནོན་ཁྲོ་འབར་མཆོག་གིས་དེ་སྔ་སྲིད་འཛིན་གདམ་རྩོད་སྐབས། རྒྱ་ནག་གི་སྒོར་མོའི་འཛའ་ཐང་དང་ཕྱི་ཚོང་ཐད་གཏན་འབེབས་དང་ལག་ལེན་དུ་བསྟར་གྱིན་པའི་དོ་མི་མཉམ་པའི་འགྲན་རྩོད་བྱེད་ཐབས་ལ་དྲག་པོས་གདོང་ལེན་བྱེད་རྒྱུ་ཡིན་ལུགས་ཁས་ལེན་བྱས་ཡོད་མོད། འོན་ཀྱང་། དུས་དེ་རིང་ཀོ་རི་ཡ་ཕྱེད་གླིང་གི་གནད་དོན་ལ་ཐུག་ནས་དེང་ཐོག་གི་ཁས་ལེན་དམ་བཅའ་དེ་བོར་བརླག་ཏུ་སོང་པ་དང་ཡང་ན་བཏང་སྙོམས་སུ་བཞག་ཡོད་པ་འདྲ། དེ་མིན་ཐེ་ཝན་དང་ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན་ཐད། དགྲ་ནོན་ཁྲོ་འབར་གྱིས་གང་ཐུབ་ཅི་ཐུབ་ཀྱིས་རྒྱ་ནག་དང་དོ་ཕོག་མི་ཡོང་ཐབས་བྱེད་ཀྱིན་ཡོད། དེ་བཞིན་དུ་རྫི་གསང་དོད་པོའི་བོད་དོན་དང་འགྲོ་བ་མིའི་ཐོབ་ཐང་གི་སྐོར་ལ་ད་བར་དུ་དགྲ་ནོན་ཁྲོ་འབར་གྱི་རྣམ་འགྱུར་ཅི་ཡང་བསྟན་མེད།

ཡང་ད་ལྟའི་ཀོ་རི་ཡ་ཕྱེད་གླིང་གི་གནད་དོན་ཐད་ཨ་རི་གཞུང་གིས་རྒྱ་ནག་དང་མཉམ་ལས་བྱེད་ཐབས་གནང་གིན་པའི་གནས་སྟངས་ལ་གཞིགས་ནས་ལྕམ་ནན་སེ་མཆོག་གིས། ང་ཚོས་ཡ་མེད་དུ་བཞག་ནས་འགྲོ་མི་སྲིད། ང་ཚོར་དུས་ཚོད་ཡོད་ལ་བཟོད་བསྲན་ཡང་ཡོད། དུས་དང་སྐལ་བ་འཛོམས་དུས། ང་ཚོས་གནོན་ཤུགས་སྤྲོད་ངེས་ཡིན་ཞེས་གསུངས་གནང་འདུག

ཨ་རིའི་གྲོས་ཚོགས་འཐུས་མི་བརྒྱད་ཀྱིས་གྲུབ་པའི་ཚོགས་ཆུང་དེའི་ནང་གི་སྐུ་ཞབས་ཇེམ མེག་གྷ་བིར་མཆོག་གིས་དེ་སྔ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་མཁན་རྒྱ་གཞུང་གི་དཔོན་རིགས་ཚོ་ཨ་མེ་རི་ཀར་ཡོང་རྒྱུར་བཀག་འགོག་བྱེད་དགོས་པའི་གྲོས་གཞི་ཞིག་བཏོན་ཡོད་ལ། གྲོས་གཞི་འདི་ལྟ་བུ་ཞིག་འདོན་དགོས་དོན་དེ་རྒྱ་ནག་གཞུང་གིས་ཕྱིའི་རྒྱལ་ཁབ་ཁག་གི་མི་སྣ་བོད་ཁུལ་དུ་འགྲོ་སྐྱོད་ལ་བཀག་འགོག་བྱས་པར་ཨ་ལན་སློག་པ་ཞིག་ཀྱང་ཡིན། གྲོས་གཞི་དེར་ཐེངས་འདིའི་གྲོས་ཚོགས་འཐུས་མིའི་ཚོགས་ཆུང་གི་གྲས་ན་ཡོད་པའི་ཇེམ སེན་སེན་བྷི་རན་ནིར་ལགས་ཀྱིས་རྒྱབ་སྐྱོར་བྱས་ཡོད་ལ། ཁོང་ནི་བཞུགས་སྒར་དྷ་རམ་ས་ལར་ཕེབས་པའི་གྲོས་ཚོགས་ཚོགས་ཆུང་འཐུས་མི་བརྒྱད་པོའི་ཁྲོད་ཀྱི་སྤྱི་མཐུན་ཚོགས་པའི་འཐུས་མི་ཁོ་ན་དེ་ཡིན།

རྒྱ་ནག་གཞུང་གིས་དཔལ་འབྱོར་ལག་ཆར་སྤྱད་དེ་བོད་མིའི་རང་དབང་རང་སྐྱོང་དང་རང་ཐག་རང་གཅོད་ཀྱི་རེ་འདུན་ལ་རྡུག་རྡེག་བཏང་བ་མ་ཟད། བོད་དོན་རྒྱབ་སྐྱོར་བའི་དཔུང་ཁག་གཞུང་དམངས་གཉི་ཀར་གནོན་ཤུགས་སྤྲོད་གང་ཐུབ་བྱས་དང་བྱེད་ཀྱིན་པའི་བྱ་སྤྱོད་ཐད་ལྕམ་ནན་སེ་མཆོག་གིས། གལ་སྲིད་རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་རྒྱུ་རྐྱེན་བྱས་ཏེ། ང་ཚོས་བོད་དང་རྒྱ་ནག་གི་ས་ཁུལ་གཞན་དག་གི་དྲག་གནོན་སྲིད་ཇུས་ལ་མ་མཐོང་མ་ཐོས་ཀྱི་བརྟུལ་ཞུགས་བཟུང་ནས་སྐྱོན་བརྗོད་རིགས་མཚམས་བཞག་ཚེ། ང་ཚོའི་ཀུན་སྤྱོད་ཀྱི་ཁྲིམས་མཐུན་རང་བཞིན་དེ་བརླག་པ་རེད། ས་ཡི་གོ་ལ་འདིའི་ས་སྣེ་གང་ཞིག་ཡིན་ཡང་འགྲོ་བ་མིའི་ཐོབ་ཐང་གླེང་སློང་བྱེད་རྒྱུའི་ཐོབ་ཐང་དང་འོས་ཐོབ་མེད་པར་གྱུར་བ་རེད་ཅེས་གསུངས་འདུག

ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་བརྒྱད་ཀྱིས་གྲུབ་པའི་གཞུང་འབྲེལ་ཚོགས་ཆུང་དེ་མངོན་སུམ་འཛེམས་མེད་ངང་བཙན་བྱོལ་བོད་མིའི་བསྟི་གནས་དྷ་རམ་ས་ལར་འཚམས་གཟིགས་སུ་ཕེབས་པར་རྒྱ་ནག་གཞུང་གིས་འགོག་ཐབས་བྲལ་ཡང་ནམ་རྒྱུན་ལྟར་མ་དགའ་བའི་རྣམ་འགྱུར་ཞིག་མི་སྟོན་རང་སྟོན་ཆགས་ཡོད། སྤྱི་ཟླ ༥ ཚེས ༡༠ ཉིན་གྱི་འཆར་ཅན་གསར་འགོད་གསལ་བསྒྲགས་སྐབས་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་གུན་ཧྲུང་ཟེར་བས། ཨ་རིའི་གྲོས་ཚོགས་འཐུས་མི་དྷ་རམ་ས་ལར་ཕེབས་པ་མ་ཟད། ཏཱ་ལའི་དང་མཇལ་འཕྲད་གནང་བ་དེས་ཕྱི་ཕྱོགས་ལ་བོད་ཁ་བྲལ་བར་རྒྱབ་སྐྱོར་ཡོད་མདོག་གི་ནོར་འཁྲུལ་ཅན་གྱི་བརྡ་ལན་སྤྲད་ཡོད་པས། བྱ་སྤྱོད་དེས་ཨ་རི་གཞུང་གིས་བོད་ཁ་བྲལ་བར་རྒྱབ་སྐྱོར་མི་བྱེད་པའི་ཁས་ལེན་དམ་བཅའ་དང་འགལ་ཟླ་ཡིན། རྒྱ་ནག་གཞུང་གིས་དེར་ངོ་རྒོལ་མཐའ་གཅིག་ཏུ་ཡོད་པ་མ་ཟད། ཨ་རི་གཞུང་དང་འབྲེལ་གཏུག་ནན་མོ་བྱས་ཡོད། ཨ་རིའི་འབྲེལ་ཡོད་འཐུས་མི་ཚོས་བོད་དོན་དང་འབྲེལ་བའི་གནད་དོན་རིགས་ལ་གདོང་ལེན་སྐབས་གཟབ་གཟབ་བྱེད་རྒྱུའི་སྐུལ་མ་དང་། ཏཱ་ལའི་དང་དེའི་ཕྱོགས་གཏོགས་དང་ཐུག་འཕྲད་རིགས་འཕྲལ་དུ་མཚམས་འཇོག་དགོས་ཞེས་ནམ་རྒྱུན་གྱི་བཤད་སྲོལ་ལྟར་ཡང་ཐེངས་གཅིག་ལ་བསྐྱར་བཟློས་བྱས་འདུག

༡༩༧༢ལོར་ཨ་མེ་རི་ཀ་དང་རྒྱ་ནག་བར་ཕྱི་འབྲེལ་བཙུགས་པ་ནས་བཟུང་། ཨ་རི་གཞུང་གིས་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་ངོས་ལེན་བྱས་ཡོད། ཡིན་ན་ཡང་། ཨ་མེ་རི་ཀ་ནི་སྲིད་འཛིན་རིམ་བྱོན་གྱིས་བོད་མིའི་དབུ་ཁྲིད༧སྤྱི་ནོར༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་མཇལ་འཕྲད་རྒྱུན་འཁྱོངས་བྱེད་མཁན་ནུབ་ཕྱོགས་རྒྱལ་ཁབ་དེ་ཡིན། སྤྱི་ལོ ༡༩༩༡ལོར་སྐབས་དེའི་ཨ་རིའི་སྲིད་འཛིན་བྷི་ཞི་ཆེ་བས༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཕོ་བྲང་དཀར་པོ་རུ་མཇལ་འཕྲད་གནང་པ་ནས་བཟུང་། དེའི་རྗེས་ཀྱི་སྲིད་འཛིན་བྷེལ ཁི་ལིན་ཊིན་དང་། བྷི་ཞི་ཆུང་བ། ཨོ་བྷ་མ་བཅས་སྲིད་འཛིན་བཞི་བོས ༧སྤྱི་ནོར ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་མཇལ་འཕྲད་གནང་མྱོང་བ་རེད། མཇལ་འཕྲད་རེ་རེའི་སྐབས་སུ། ཨ་རི་ཕྱོགས་ནས་བོད་མིའི་རིག་གཞུང་སྲུང་སྐྱོབ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལ་རྒྱབ་སྐྱོར་ཡོད་ཚུལ་ཁས་ལེན་ཁག་ཐེག་བྱས་ཡོད་པའི་མ་ཚད། རྒྱ་ནག་གཞུང་གིས༧གོང་ས་ཏཱ་ལའི་བླ་མ་དང་ཡང་ན་ཁོང་གི་སྐུ་ཚབ་དང་མཉམ་དུ་གྲོས་མོལ་གནང་དགོས་པའི་འབོད་སྐུལ་ཡང་ཡང་ཞུས་ཡོད་པ་རེད།
བོད་མིའི་སྒྲིག་འཛུགས་ཀྱིས་བསྐོངས་པའི་ཨ་རིའི་གྲོས་ཚོགས་འཐུས་མའི་གཞུང་འབྲེལ་ཚོགས་ཆུང་ལ་དགའ་བསུའི་མཛད་སྒོའི་སྟེང་། ༧སྤྱི་ནོར༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་འདས་པའི་ལོ་ངོ་བཞི་བཅུའི་རིང་རྒྱུན་འཁྱོངས་གནང་བའི་འཚེ་མེད་ཞི་བ་དང་གྲོས་མོལ་ལ་བརྟེན་ནས་བོད་དོན་སེལ་དགོས་པའི་བཞེངས་ཕྱོགས་དང་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་སྲིད་ཇུས་བསྐྱར་དུ་གསུངས་ཡོད་པ་དང་།  དེ་ཡང༧གོང་ས་མཆོག་གིས། ང་ཚོས་རྒྱ་ཟེར་བའི་སྐབས་སུ་གྲོགས་པོའི་འདུ་ཤེས་འཛིན་དགོས། ང་ཚོར་ད་ལྟ་དཀའ་ངལ་ཡོད་པ་དེ་རྒྱ་ལའང་ཕན་པ་མེད། བོད་ལའང་ཕན་པ་རེད། དེ་སེལ་དགོས་ལ། དེ་སེལ་ཆེད་དྲག་གནོན་བྱས་ནས་ལོ་དྲུག་ཅུ་ལྷག་ཕྱིན་ཡང་དཀའ་ངལ་དེ་སེལ་ཐུབ་མེད།  དྲག་གནོན་བྱས་ན་མིའི་སེམས་ལ་དོགས་པ་དང་འཇིགས་སྣང་སླེབས་གྱིན་རེད། འཇིགས་སྣང་སླེབས་ན་འཆམ་མཐུན་མི་ཡོང་། འཆམ་མཐུན་མེད་ན་དཀའ་ངལ་སེལ་ཐབས་མེད། བོད་མི་རིགས་རྩ་མེད་ཟེར་བ་ཧ་ཅང་ཁག་པོ་རེད། བོད་མི་རིགས་མུ་མཐུད་ནས་གནས་ངེས་རེད། གནས་པའི་སྐབས་སུ་འཆམ་མཐུན་བྱུང་ན་བརྟན་བརླིང་ཡོང་གི་རེད། བརྟན་བརླིང་བྱུང་ན་བོད་རྒྱ་གཉིས་ཀར་ཕན་གྱིན་ཡོད་པ་རེད། དེར་བརྟན་དེ་རིང་ང་ཚོ་འདིར་འཚོགས་ནས་རྒྱ་མི་རིགས་ལ་ངོ་རྒོལ་བྱེད་གྱིན་ཡོད་པ་ལྟ་བུ་རྩ་བ་ཉིད་ནས་མིན། རྒྱ་མིས་གསར་འགྱུར་བཤད་སྲིད་པ་རེད་ལ། ཨ་རིའི་ལོག་སྤྱོད་པ་ཚོ་ཏཱ་ལའི་ལོག་སྤྱོད་པ་དང་མཉམ་དུ་ལག་པ་སྦྲེལ་གྱིན་འདུག་ཅེས་བཤད་སྲིད་པ་རེད། དོན་དག་དངོས་དེ་མ་རེད། ང་ཚོའི་ངོས་ནས་རྒྱ་མི་རིགས་ལ་གྲོགས་པོའི་འདུ་ཤེས་བཞག ལོ་རྒྱུས་གྱི་ཐོག་ནས་དམིགས་བསལ་གྱི་འབྲེལ་བ་ཡོད་པ་ལ་བསམ་བློ་བཏང་། གཉིས་ཕན་ལ་བསམ་བློ་གཏོང་བཞིན་ཡོད་པ་རེད་མ་གཏོགས་དགྲ་དང་གཉེན་གྱི་སྐད་ཆ་རྩ་བ་ཉིད་ནས་མ་རེད་ཅེས་གསུངས་གནང་མཛད་འདུག

སྐུ་ཞབས་དགྲ་ནོན་ཁྲོ་འབར་མཆོག་ཨ་རིའི་སྲིད་འཛིན་ཆགས་ནས་ཟླ་གསུམ་ལྷག་ཕྱིན་པའི་རིང་། བོད་དོན་ཐད་སྐད་ཆ་ཚིག་གཅིག་ཀྱང་བཤད་མེད། དགའ་བསུ་མཛད་སྒོའི་སྟེང་སྲིད་སྐྱོང་བློ་སེངྒེ་མཆོག་གིས་སྤྱི་ལོ ༢༠༠༢ ལོར་ཨ་རིའི་གྲོས་ཚོགས་སུ་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་གཏན་འབེབས་གནང་པ་ལྟར་སྲིད་འཛིན་དགྲ་ནོན་ཁྲོ་འབར་གཞུང་གིས་མགྱོགས་མྱུར་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་རྒྱུའི་རེ་སྐུལ་ཞུས་པ་ནང་བཞིན། ཨ་རིའི་གཞུང་འཕོ་འགྱུར་བྱུང་རྗེས་ཨ་རི་ཕྱི་སྲིད་ལྷན་ཁང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ད་དུང་ཡང་བསྐོས་མེད། ཨ་རི་ཁི་ལོན་བྷེ་ཡ་གཙུག་ལག་སློབ་ཆེན་གྱི་དེང་རབས་བོད་ཞིབ་འཇུག་ཁང་གི་འགན་འཛིན་སྐུ་ཞབས་རོ་བྷིར་ཊི བྷར་ནིར་ཊི་ལགས་ཀྱིས་ཨ་རི་དང་བོད་དོན་ཐད་ཀྱི་འབྲེལ་བ་དེ་བརྗེ་ཚོང་ལྟ་བུ་ཞིག་ཏུ་གྱུར་བཞིན་པ་ལས་དེ་སྔའི་རྒྱུན་མཐུད་ཀྱི་རང་བཞིན་དེ་བརླག་བཞིན་པ་འདྲ་ཞེས་དེང་གི་ཨ་རི་གཞུང་གི་བོད་དོན་ཐད་ཀྱི་ལྟ་བ་ལངས་ཕྱོགས་ལ་བློ་དོགས་ཡོད་པའི་རྣམ་འགྱུར་བཏོན་འདུག

འབྱུང་འགྱུར་ཅི་ཞིག་བྱུང་མིན་མངོན་པར་མི་མཁྱེན་ཡང་། འདས་ཟིན་པའི་ལོ་རྒྱུས་ལ་ཉམས་མྱོང་ལེན་ཤེས་དགོས། དེ་སྔ་ཨ་རིའི་ནེ་ཁི་སུན་གཞུང་གིས་རྒྱ་ནག་མའོ་གཞུང་ལ་འབྲེལ་བ་འཛུགས་ཆེད་སྐྱབས་བཅོལ་བོད་དམག་དང་འབྲེལ་བ་བཅད་ནས་བོད་དེ་རྒྱ་ནག་གི་ཁོངས་སུ་གཏོགས་ལུགས་ཁས་ལེན་བྱས་པ་ནས་བཟུང་། བོད་དོན་ཟེར་བ་དེ་ཨ་རིའི་ཆབ་སྲིད་བརྗེ་ཚོང་ཁྲོད་ཀྱི་ཤོ་རྡེའུ་ཞིག་ཏུ་གྱུར་ཡོད་པས། དེ་རིང་དགྲ་ནོན་ཁྲོ་འབར་གཞུང་གིས་བྱང་ཀོ་རི་ཡར་གནོན་ཤུགས་སྤྲོད་ཆེད་རྒྱ་ནག་གི་དཔུང་རོགས་རག་ཐབས་སུ་གནས་སྐབས་རིང་བོད་དོན་ལ་མངོན་གསལ་དོད་པས་རྣམ་འགྱུར་མ་བསྟན་པ་དེ། ཁོང་ཚོའི་ཁེ་ཕན་དང་མཐུན་གྱིན་པ་རེད་སྙམ། ཡིན་ན་ཡང་ཁ་དཔེ་རུ་སྤྱང་ཀིར་ཁག་མེད་ལྟོག་ནི་རེད། མ་མོ་ཁག་མེད་ཚ་ནི་རེད་ཞེས་པ་ལྟར། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོ་དངངས་འཚབ་ལངས་པར་བསམ་ཤེས་བྱེད་ཐུབ། འོན་ཀྱང་། དགྲ་ནོན་ཁྲོ་འབར་རང་ངོས་ནས་བོད་དང་བོད་དོན་ལ་མ་དགའ་བ། ཡང་ན་ཨ་རིའི་བོད་དོན་ཐད་ཀྱི་སྲིད་ཇུལ་ལ་འགྱུར་བ་བྱུང་བ་དེ་འདྲ་མིན་པས། གཞི་རྩའི་ཆ་ནས་ཨ་མེ་རི་ཀ་གཞུང་དམངས་གཉི་ཀ་ད་དུང་ཡང་བོད་ཀྱི་གྲོགས་པོ་འགྱུར་བ་མེད་པ་དེ་ཡིན་པས། གནས་སྐབས་ཙམ་ལས་དེའི་སྐོར་ལ་སེམས་ཁྲལ་ཆེན་པོ་བྱེད་མི་དགོས་པར་འདོད།