
ཚོགས་ཡུན་ཉིན་གཉིས་རིང་གི “རྒྱུད་གཅིག་ལམ་གཅིག” རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ཞེས་པ་དེ་སྤྱི་ཟླ ༥ ཚེས ༡༤ དང ༡༥ པར་པེ་ཅིང་དུ་བསྐོངས་ཤིང་། རྒྱལ་ཁབ ༢༩འི་དབུ་ཁྲིད་ཕེབས་ཡོད་ཀྱང་སྟོན་རིན་ཡོད་པ་ངོམས་རིན་ཡང་ཡོད་པ་ཞིག་ལ་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ཁོ་ན་ལས “གསེར་གྱི་ས་ཕག་རྒྱལ་ཁབ་ལྔ”རུ་འབོད་པའི་རྒྱལ་ཁབ་དག་གི་དབུ་ཁྲིད་གཞན་རྣམས་ཀྱང་ཕེབས་མེད། གླེང་སྟེགས་སྟེང་ཕེབས་མཁན་མང་ཆེ་བ་རྒྱ་ནག་དམར་གཞུང་དང་འདུ་ཤེས་འཛིན་སྟངས་གཅིག་འདྲ་ཡིན་པའི་སྲིད་དབང་སྒེར་གཅོད་ཀྱི་རྒྱལ་ཁབ་འགའི་དབུ་ཁྲིད་རེད། དེ་མིན་ཤ་སྣེ་ཚིལ་སྣེ་རེ་རག་ཐབས་སུ་ཕེབས་པའི་རྒྱལ་ཁབ་དང་ཚོགས་པ་སྒྲིག་འཛུགས ༡༠༠ ལྷག་གི་སྐུ་ཚབ་རེད། དེ་འདྲ་ཡིན་མོད་ཀྱང་། གླེང་སྟེགས་དེས་ཡ་མཚར་བའི་དོ་སྣང། རྒྱུས་ལོན་གྱི་དོ་སྣང་། རེ་བའི་དོ་སྣང་། ཧམ་པའི་དོ་སྣང་སོགས་དམིགས་ཡུལ་འདྲ་མིན་གྱི་དོ་སྣང་མི་ཉུང་བ་ཞིག་བསྡུས་ཡོད་པས། དེ་རྒྱུ་མཚན་ཅི་ཞིག་ཡིན་པ་ད་དུང་ཡང “རྒྱུད་གཅིག་ལམ་གཅིག” གི་ཕུག་གི་དམིགས་པ་ནས་བཤད་ན་བསམ་བྱུང་།
“རྒྱུད་གཅིག་ལམ་གཅིག” ཅེས་པའི་ཐ་སྙད་འདི། དེང་ཐོག་སྤྱི་ལོ ༢༠༡༣ ལོར་ཞི་ཅིན་ཕེང་གི་བཏོན་པ་རེད། དེ་ནི “དར་ལམ་དཔལ་འབྱོར་གྱི་རྒྱུད” དང “དུས་རབས ༢༡ པའི་མཚོ་ཐོག་དར་ལམ” ཞེས་པ་ངོ་བོ་གཡེར་མེད་དུ་བསྡུས་པའི་ཐ་སྙད་ཅིག་རེད། ཁེ་ཕན་རིང་ལུགས་ཤོག་ཁག་གི་སྐུལ་འདེད་འོག་དེང་ཐོག་གི་རོ་མེད་བྲོ་མེད་ཀྱི་ཐ་སྙད་དེ་རིམ་བཞིན་རྒྱ་ནག་ནང་སྲིད་དང་ཕྱི་འབྲེལ་གྱི་ལྟེ་བར་གྱུར་བ་རེད།
༢༠༡༥ལོའི་ཟླ ༣ པར། རྒྱ་ནག་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ལྷན་ཁང་དང་། ཕྱི་འབྲེལ་ལྷན་ཁང་། ཚོང་ལས་ལྷན་ཁང་བཅས་མཉམ་འབྲེལ་ངང༼ དར་ལམ་དཔལ་འབྱོར་གྱི་རྒྱུད་དང་དུས་རབས ༢༡ པའི་མཚོ་ཐོག་དར་ལམ་གྱི་ཕུགས་རྒྱང་གི་དམིགས་ཡུལ་དང་འགུལ་སྤྱོད་ཐུན་མོང་གིས་སྐུལ་འདེད་དང་འཛུགས་སྐྲུན༽ཞེས་པའི་འཆར་བཀོད་ཡིག་ཆ་ཞིག་གསལ་བསྒྲགས་བྱས་པ་དང་། རྒྱ་ནག་གཞུང་གིས་ཡིག་ཆ་དེའི་བརྗོད་དོན་སྙིང་བསྡུས་ཀྱི་ཚུལ་དུ “རྒྱུད་གཅིག་ལམ་གཅིག” གི་དམིགས་འདུན་ནི། དཔལ་འབྱོར་ལ་སྐུལ་འདེད་དང་ཆབས་ཅིག་གོ་རིམ་ལྡན་ཞིང་རང་དབང་ངང་འཁོར་སྐྱོད། གོ་ཆོད་ཆེན་པོས་ཐོན་ཁུངས་བཀོད་སྒྲིག་དང་གཏིང་ཟབ་པས་ཁྲོམ་ར་མཉམ་འདྲེས། བརྒྱུད་ལམ་རྒྱལ་ཁབ་ཁག་ཏུ་དཔལ་འབྱོར་སྲིད་ཇུས་གཅིག་གྱུར་ཡོང་རྒྱུར་སྐུལ་འདེད། གཞི་རྒྱ་གང་ཆེ་དང་། ཆུ་ཚད་གང་མཐོ། གཏིང་རིམ་གང་ཟབ་ཀྱིས་ས་ཁུལ་མཉམ་ལས་དར་སྤེལ་གཏོང་བ། ཐུན་མོང་གཞི་གཅིག་གི་སྒོ་ནས་གློད་པ། ཁོང་ཡངས། ཆ་སྙོམས། ཀུན་ཕན་བཅས་ཀྱི་ཁྱད་ཆོས་ལྡན་པའི་ས་ཁུལ་དཔལ་འབྱོར་མཉམ་ལས་སྒྲོམ་གཞི་ཞིག་བཞེངས་བསྐྲུན་བྱེད་རྒྱུ་ཞེས་སྤྱི་བསྡོམས་བརྒྱབས་འདུག
དེ་མིན་རྒྱ་ནག་གཞུང་གིས་རྒྱ་ནག་དང “རྒྱུད་གཅིག་ལམ་གཅིག” རྒྱལ་ཁབ་བར་གྱི་སྲིད་ཇུས་ཕན་ཚུན་མཐུན་པར་སྦྲེལ་བ། དགོས་ཆས་འབྲེལ་ཞིང་སྦྲེལ་བ། ཉོ་ཚོང་བཀག་མེད་དུ་སྦྲེལ་བ། མ་རྩའི་རྒྱུན་ཐག་འཁོར་ཞིང་སྦྲེལ་བ། དམངས་སེམས་གཅིག་མཚུངས་སུ་སྦྲེལ་བ། ཞེས “སྦྲེལ་བ་ལྔ” འཛོམས་ཀྱི་ཁྱད་ཆོས་ཅན་གྱི་རླབས་ཆེན་འཆར་གཞིའི་གྲོས་འགོ་ཞིག་ཡིན་ལུགས་རེ་བཅོལ་དང་བཅས་འགྲེལ་བཤད་བརྒྱབས་ཡོད་པ་རེད།
གོང་ཞུས “སྦྲེལ་བ་ལྔ” ཟེར་བ་དེ་རྗེན་ཐད་དུ་བཤད་ན། བརྒྱུད་ལམ་རྒྱལ་ཁབ་གཞུང་དག་གིས་གྲོས་འགོ་དེར་སྲིད་ཇུས་ཐད་ནས་སྟབས་བདེ་བསྐྲུན་ནས། རྒྱལ་ཁབ་སོ་སོའི་འགྲིམ་འགྲུལ་དང་བརྡ་འཕྲིན་སོགས་རྨང་གཞིའི་དགོས་ཆས་གཞི་ལམ་གཅིག་ཏུ་སྦྲེལ་ནས་རྒྱ་ནག་དང་མཉམ་དུ་ཚོང་ལས་དང་དུས་མཚུངས་སུ་རྒྱ་ནག་གིས་དབུ་ཁྲིད་པའི་དངུལ་རྩའི་མ་ལག་ནང་མཉམ་ཞུགས་གནང་རྒྱུ། དེ་དང་དེ་མཚུངས་ཀྱི་ཐབས་ལམ་ལ་བརྟེན་ནས་བརྒྱུད་ལམ་རྒྱལ་ཁབ་ཁག་གི་མི་དམངས་ཚོ་རྒྱ་ནག་གི་རྗེས་འབྲང་བ་ཧྥན་སི་རུ་གྱུར་རྒྱུ་དེ་རེད།
ཞིན་ཅིན་ཕེང་གིས ༢༠༡༣ ལོར་བཏོན་པའི་ས་རྒྱུད་གཅིག་དང་མཚོ་ལམ་གཅིག་གི་ཐ་སྙད་དེ་དང་། ༢༠༡༢ལོའི་ཟླ ༡༡ པར་བཏོན་པའི “ཀྲུང་ཧྭ་མི་རིགས་སླར་གསོ” དང “ཀྲུང་གོའི་རྨི་ལམ” བཅས་ནི་ཨ་མ་གཅིག་གི་བུ་ཡོང་ཁུངས་འབྱུང་ལུགས་གཅིག་པ་ཡིན་ལ། “ཀྲུང་ཧྭ་མི་རིགས་སླར་གསོ” དང “ཀྲུང་གོའི་རྨི་ལམ” མངོན་པར་གྱུར་རྒྱུར་དམིགས་པའི་ཐབས་ཇུས་བྱེ་བྲག་པ་ཞིག་རེད་ཅེས་འགྲེལ་བ་བྱས་ཀྱང་ཐལ་ཆ་མེད་པར་འདོད།
ཨ་རིའི་སྲིད་འཛིན་དགྲ་ནོན་ཁྲོ་འབར་གྱིས་ཨ་མེ་རི་ཀ་གཙིགས་འཛིན་གྱི་དར་ཆ་ཁུར་ནས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་ནས་ཁ་ནང་ལ་འཁོར་བཞིན་པའི་སྒང་ལ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེང་གིས “རྒྱུད་གཅིག་ལམ་གཅིག” གི་རྨི་ལམ་རྨི་བཞིན་རྒྱ་ནག་མི་དམངས་ཀྱི་སྒོར་མོ་ཁྱེར་ནས་ཁ་ཕྱི་ལ་ཕྱོགས་ཡོད། ཞི་ཅིན་ཕེང་གིས་བསྐལ་བ་སྟོང་ལ་རག་དཀའ་བའི་གོ་སྐབས་ཤིག་གནམ་ནས་ལྷུང་བར་བསམ་ནས་གོ་སྐབས་དེ་དམ་འཛིན་བྱས་དང་བྱེད་ཀྱིན་ཡོད་མོད། དགྲ་ནོན་ཁྲོ་འབར་གྱིས་ངལ་བ་སྟོང་གིས་བསྐྲུན་པའི་གོ་སྐབས་ཤིག་ཤོར་བ་དང་གོ་སྐབས་དེའི་ཚབ་ཡང་ན་སྟོང་ཆ་དེ་སྐོང་འདོད་ཡོད་པའི་རྣམ་འགྱུར་ཞིག་ད་བར་དུ་བསྟན་མ་སོང་།
ལོ་ངོ ༢༠༠༠ སྔོན་གྱི་གནའ་བོའི་དར་ལམ་ནི་ཕྱིའི་ཡུལ་གྲུ་ཁག་ལ་རྒྱ་ནག་གི་དར་གོས་དང་ཨེ་ཞི་ཡའི་བྲོ་རྫས་རིགས་དགོས་མཁོ་ཆེ་བའི་དབང་གིས་རང་བཞིན་ངང་གྲུབ་པ་ཞིག་དང་། འགྲོ་བ་མིའི་ལྷན་སྐྱེས་ཀྱི་རང་འཕེལ་རང་བཞིན་དང་། གསར་གཏོད་ནུས་ཤུགས་ཀྱི་བརྒྱུད་རིམ་ལས་བྱུང་བ་ཞིག་ཡིན། དེ་རིང་གི “རྒྱུད་གཅིག་ལམ་གཅིག” གི་གྲོས་གཞི་ཞེས་པ་དེ་ནི་རྒྱལ་ཁབ་གཅིག ཡང་ན་སྲིད་དབང་གཅིག ཐ་ན་མི་གཅིག་གི་ཡིད་ལ་ཤར་བའི་རང་སྣང་གར་ཤར་གྱི་རྟོགས་བཏགས་ཀྱི་ཐོན་རྫས་ཤིག་དང་། རྒྱ་ནག་རང་ཉིད་ཀྱི་ཁེ་ཕན་དམིགས་པ་བྱས་པའི་གྲོས་གཞི་འབའ་ཞིག་ལས་མ་འདས།
འོ་ན། ཞི་ཅིན་ཕེང་གི་སྲིད་དབང་ལ་མཚོན་ན “རྒྱུད་གཅིག་ལམ་གཅིག” ལ་དགེ་མཚན་ཅི་ཞིག་ཡོད་དམ་ཞེ་ན། ཞི་ཅིན་ཕེང་མི་སྒེར་ལ་ཆ་བཞག་ན། རང་ཉིད་ནི་གོ་ལ་ཧྲིལ་བོའི་སྐྱིད་སྡུག་མཐོང་ཐུབ་པའི་ཕུགས་རྒྱང་རིང་པོའི་ལྟ་བ་ཅན་ཞིག་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་འགོ་ཁྲིད་ནུས་པའི་ཤེས་འཇོན་ཅན་གྱི་དབུ་ཁྲིད་ཅིག་ཏུ་བཞེངས་བསྐྲུན་བྱས་ནས། མིག་མདུན་གྱི་དམིགས་ཡུལ་ནི་ཏང་གི་ཚོགས་ཆེན ༡༩ པའི་སྔོན་དུ་ཞི་ཅིན་ཕེང་གི་ཆབ་སྲིད་དབང་ཆ་ཇེ་བརྟན་ཇེ་བརླིང་ཏུ་གཏོང་ཆེད་ཡིན། ཕུག་གི་དམིགས་ཡུལ་ནི “རྒྱུད་གཅིག་ལམ་གཅིག”ལ་ཁ་གཡར་ནས་རྒྱ་ནག་གི་རྒྱུ་ནོར་རྒྱལ་སྲས་ཚོགས་པས་ཡང་བསྐྱར་བགོ་བཤའ་དང་མཐའ་མའི་དམིགས་ས་ནུབ་ཕྱོགས་རྒྱལ་ཁབ་ཏུ་སྤོ་སྒྱུར་བྱ་རྒྱུ་དེ་ཡིན།
མཚན་སྙན་ལོ་རྒྱུས་དེབ་ཐེར་དུ་འགོད་རྒྱུ་ནི་རྒྱ་ནག་པའི་རིག་གནས་ཡིན་པས། ཞི་ཅིན་ཕེང་གིས་ཀྱང་རང་ཉིད་སོང་ས་ན་དོན་ཞིག་དང་བསྡད་ས་ན་ཤུལ་ཞིག་འཇོག་འདོད་ཡོད་པ་སྨོས་མི་དགོས་ལ། དེ་འདྲའི་རིག་གཞུང་གི་རྒྱབ་ལྗོངས་དང་ཧམ་པའི་སྐུལ་འདེད་འོག ཞི་ཅིན་ཕེང་གིས “དར་ལམ་གསར་མ” བརྒྱུད་སྔོན་ཆད་ཀྱི “རྒྱལ་པོའི་གོང་ན་གནམ་ལས་མེད” པའི་གཟི་བརྗིད་དང་སྟོབས་འབྱོར་དེ་སླར་གསོ་བྱེད་འདོད་ཡོད་པ་མ་ཟད། འཛམ་བུ་གླིང་གི་དབུ་ཁྲིད་པའི། ཕྱོགས་བཞི་མཚམས་བརྒྱད་ནས་རྟེན་འབུལ་དང་གུས་ཞུའི་དུས་རབས་དེ་སླར་གསོ་བྱེད་རྒྱུའི་ཧམ་པ་མེད་ཅེས་སུ་ཡིས་བཤད་ཕོད་དམ།

རྒྱ་གཞུང་གིས་གཞུང་སྐུལ་རྩོམ་རིག་པ་ཏེང་ཡེ་ཧྥིན་ཟེར་བ་ཞིག་གིས་དག་སྣང་གི་ཁེངས་ནས་གལ་ཏེ “རྒྱུད་གཅིག་ལམ་གཅིག” གྲོས་གཞི་དེ་ལེགས་འགྲུབ་བྱུང་ཚེ། ཨ་ཧྥི་གྷ་ནེ་སི་ཐན་སོགས་དམག་འཁྲུག་གི་རྙོག་གྲར་ཚུད་པའི་རྒྱལ་ཁབ་དག་ཏུ་ཞི་བདེ་བརྟན་བརླིང་ཡོང་བའི་རེ་བ་ཡོད་ལུགས་རྩོམ་ཡིག་ཏུ་བཀོད་འདུག གལ་སྲིད་དངོས་གནས་དེ་འདྲའི་གནས་སྟངས་ཤར་ཚེ། རྒྱལ་ནག་གི་རྒྱལ་སྤྱིའི་གོ་ས་དེ་ཟླ་གཞོན་བཞིན་འཕར་ངེས་ཡིན་པ་མ་ཟད། རྒྱ་ནག་གི༼ སོང་ཙི་དམག་ཐབས༽ནང་གི “མ་འཐབ་དགྲ་དམག་རང་ཕམ” གྱི་ཆེས་མཐོའི་གོ་སར་སླེབས་པ་རེད། དེ་ལྟ་བུའི་འཛམ་གླིང་ཞི་བདེ་དང་འགྲོ་དོན་ལ་ཕན་པའི་དགེ་བའི་ལས་ཤིག་ཡིན་ན། “རྒྱུད་གཅིག་ལམ་གཅིག” གིས་མ་ཚད “རྒྱུད་གཉིས་ལམ་གཉིས” ཟེར་བ་ཞིག་ཡོད་ཀྱང་དན་དན་དགོས་མཁོ་ཡོད།
འོན་ཀྱང་གནད་དོན་དབྱེ་ཞིབ་པ་ཚོས་ཞི་ཅིན་ཕེང་གིས “རྒྱུད་གཅིག་ལམ་གཅིག” རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྟེང་བཞེངས་བསྐྲུན་གནང་བ་ནང་བཞིན་གྱི་མཛེས་ཤིང་ཡིད་དུ་འོང་བའི་ཡུལ་ལྗོངས་ཤིག་མཐོང་གིན་མེད་པ་འདྲ། ཞི་ཅིན་ཕེང་གིས “རྒྱུད་གཅིག་ལམ་གཅིག” ངོ་སྤྲོད་གཏམ་བཤད་སྐབས། གོ་ལ་གཅིག་གྱུར་གྱི་ཆེད་དུ་རྒྱལ་ཁབ་ཚང་མ་མཉམ་ལས་བྱེད་དགོས་ལུགས་སྐུལ་འདེད་བྱས་ཡོད་མོད། འོན་ཀྱང་། རྒྱ་ནག་གི་དམིགས་ཡུལ་ངོ་མ་དེ་མི་རྣམས་པའི་སེམས་སུ་རྫུས་མའི་བག་ཆགས་ཤིག་བཞག་པ་དང་ཆབས་ཅིག ཚོར་སྣང་ལ་ཨ་མེ་རི་ཀ་ཉམས་དམས་སུ་འགྲོ་བཞིན་པ་དང་། རྒྱ་ནག་དེ་སྟོབས་ཆེན་རྒྱལ་ཁབ་དུ་གྱུར་བཞིན་པ། ཨ་མེ་རི་ཀས་ག་ས་གང་དུ་བཙན་འཛུལ་དང་དམག་འཁྲུག་རྒྱག་བཞིན་པ་དང་། རྒྱ་ནག་ནི་ཞི་བདེ་མཉམ་གནས་དང་དཔལ་འབྱོར་འཕེལ་རྒྱས་ལ་གཞོལ་བའི་རྒྱལ་ཁབ་ཅིག་ཡིན་མདོག་གིས་གོ་ལའི་མི་རྣམས་སླུ་བའི་གཡོ་ཐབས་ལ་བརྟེན་ནས་འབྲིད་ཀྱིན་ཡོད།
རྒྱ་ནག་གཞུང་གི་ཞི་བདེ་འབུར་ཐོན་གྱི་ལོ་རྒྱུས་ལ་གཞིགས་དང་ཞི་བདེ་ཡིས་ཀུན་ནས་དབེན་ཡོད། ལྷོ་རྒྱ་ནག་རྒྱ་མཚོ་ཁུལ་གྱི་བདག་དབང་ལ་རྩོད་པ་ཅན་གྱི་མི་མེད་གླིང་ཕྲན་དང་བྱེ་སྒང་། མཚོ་འོག་བྲག་རྡོ་སོགས་སུ་རྒྱ་ནག་གིས་དམག་དོན་རྟེན་གཞི་བཙུགས་ནས་ས་ཁུལ་བདེ་འཇགས་ལ་གཏོར་བརླག་བྱས་པ་དང་། ཉོ་ཚོང་གི་ཐད་ནས་བཤད་ན་རྒྱ་ནག་དེ་ཁ་བཤད་དོན་ལ་མི་གནས་ཤིང་། རྒྱལ་ཁབ་ཕྱི་ནང་དུ་གཞི་གཅིག་ཚད་གཉིས་བཟུང་ཡོད་པས་རྒྱ་ནག་ནི་རང་དབང་ཉོ་ཚོང་སྲུང་སྐྱོབ་མཁན་ཞིག་གཏན་ནས་མིན། དེ་མིན་རྒྱ་ནག་གིས་མ་རྩ་ཚོད་འཛིན་དང་། ཕྱི་རྒྱལ་མ་རྩ་རྐང་འཛུགས་པར་ཚད་བཀག སྒོར་མོའི་འཛའ་ཐང་བཏང་འཛིན་སོགས་བྱེད་ཀྱིན་ཡོད། དེ་བཞིན་རྒྱ་ནག་གིས “རྒྱུད་གཅིག་ལམ་གཅིག” བརྗོད་དུས། ད་ལྟའི་རྒྱ་ནག་གི་འབོར་ཆེ་བའི་ཐོན་སྐྱེད་ལྷག་མ་རྣམས་ཕྱིའི་རྒྱལ་ཁབ་ཁག་ལ་དབོར་ཐབས་འཚོང་ཐབས་ལས་རྒྱ་ནག་རང་གི་ཁྲོམ་ར་ཕྱིའི་རྒྱལ་ཁབ་ཁག་ལ་འདྲ་མཉམ་དང་རང་དབང་ངང་སྒོ་ཕྱེ་འདོད་མེད་པས། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཞི་ཅིན་ཕེང་གི “རྒྱུད་གཅིག་ལམ་གཅིག” ནི་ཁེར་ལམ་ཞིག་ལ་ངོས་འཛིན་བྱེད་དོན་ཡང་དེ་ལ་ཐུག་པ་རེད།
“རྒྱུད་གཅིག་ལམ་གཅིག” གིས་བོད་དང་ཤར་ཏུར་ཀུ་སི་ཐན་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་དགེ་མཚན་ཆེ་ལུགས་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཚོས་འུད་ཀྱིས་བསྒྲགས་དང་སྒྲོག་གིན་འདུག ཡིན་ན་ཡང་འདས་པའི་ལོ་རྒྱུས་ནས་ཤེས་གསལ་ལྟར། བོད་ཆུ་ཕྱི་འཚོང་དང་། བོད་གློག་ཕྱི་འཚོང་། བོད་ཀྱི་ས་འོག་གི་གཏེར་ཁ་སྔོག་འདོན་དང་ས་སྟེང་གི་རྩ་ཆེན་རི་དྲགས་གཅན་གཟན། ཤིང་ནགས། ཐ་ན་ས་རྡོ་སོགས་རྒྱ་ནག་ནང་ལོགས་སུ་དབོན་འདྲེན་དང་ཡང་ན་ཕྱི་རྒྱལ་ཁག་ལ་བཙོང་རྒྱུ་ལས་ས་གནས་བོད་མི་དམངས་ལ་ཕན་ཐོགས་ཅི་ཞིག་ཡོད་དམ།
རྒྱ་ནག་གི་དབུ་ཁྲིད་དམ་པ་ཧོའུ་ཡོ་པང་གིས་རྒྱ་ནག་དབུས་གཞུང་གི་རོགས་དངུལ་དུང་ཕྱུར་མང་པོ་འཕངས་མེད་དུ་བཏང་བ་རྣམས་ཡར་ཀླུང་གཙང་པོའི་ནང་བཏབས་པ་ཡིན་ནམ་ཞེས་བརྗོད་པ་ནང་བཞིན། རྒྱ་ནག་དེ་འཛམ་གླིང་དཔལ་འབྱོར་གདོས་བཅས་ཨང་གཉིས་པ་ཆགས་དུས། བོད་མི་དམངས་ཀྱི་འཚོ་བར་གྱུར་བ་ཆེར་མེད་ལ། ས་ཁུལ་མང་པོ་ཞིག་ལ་ད་དུང་འགྲིམ་འགྲུལ་རྟ་དྲེལ་ལ་རྟེན་དགོས་པ་དང་། མཚན་མོར་སྣུམ་སྒྲོན་ལས་གློག་མེད་པའི་གནས་སྟངས་རང་འཇགས་ཡིན།
བོད་ཁུལ་དུ་ཕྱོགས་བཞི་མཚམས་བརྒྱད་ལ་ཐོན་པའི་མེ་འཁོར་ལྕགས་ལམ་དང་གཞུང་ལམ། གནམ་ཐང་སོགས་བཟོ་སྐྲུན་བྱས་པ་དེ་རྒྱ་རིགས་བོད་ཁུལ་དུ་ཡོང་བདེ་དང་། བོད་ཁུལ་གྱི་ཐོན་ཁུངས་རྒྱ་ནག་ནང་ལོགས་སུ་དབོར་བདེ་ལ་དམིགས་པ་ལས་ས་གནས་བོད་མིར་ཕན་ཐོགས་ཅི་ཡང་མེད་པའི་མ་ཚད། བོད་མིའི་གནས་སྡོད་ས་ཁུལ་ཁག་ལ་འབག་བསླད་ཚབས་ཆེན་བཟོས་ཡོད།

དཔེ་བརྗོད་ཅིག་གི་ལམ་ནས་ཞུས་ན། ༢༠༠༠ ལོར་སྐབས་དེའི་རྒྱ་ནག་གི་སྲིད་འཛིན་ཅང་ཙེ་མིན་གྱི་གྲོས་གཞི་བཏོན་ནས “ནུབ་རྒྱུད་གསར་སྤེལ་ཆེན་མོ ”ཟེར་བ་སྤེལ་བ་མ་རེད་དམ། ལོ་བཅུ་བཅུ་བདུན་གྱི་རྗེས་སུ་བོད་ཁུལ་དང་། ལྷག་པར་དུ་བོད་མི་དམངས་ལ་ཅི་ཞིག་རག་སོང་ངམ། བོད་ཁུལ་ནས་རྒྱ་ནག་ནང་ལོགས་སུ་བོད་ཀྱི་གཏེར་རིགས་དང་། བོད་ཆུ། བོད་གློག བོད་ཀྱི་རླངས་རྫས་སོགས་ག་ཚོད་ཅིག་དབོར་སོང་ངམ། དེའི་རིན་ཐང་ཤེས་མཁན་ཡོད་དམ། དུས་དེ་རིང་ཞི་ཅིན་ཕེང་གིས “ནུབ་རྒྱུད་གསར་སྤེལ་ཆེན་མོ ”ཞེས་པ་ཞིག་གླེང་གིན་མེད་པ་ལྟ་བུ་རེད། “ནུབ་རྒྱུད་གསར་སྤེལ་ཆེན་མོ ” ནི་ད་ལྟ་བཙོན་འོག་ན་ཡོད་པའི་ཀྲུག་ཡོན་ཁང་གིས་གཙོས་པའི་ཁེ་བཟང་ཤོག་ཁག་གི་ཁེ་ཕན་ལེན་ཐབས་ཤིག་ཡིན་པ་ནང་བཞིན། “རྒྱུད་གཅིག་ལམ་གཅིག” ཟེར་བའང་ཞི་ཅིན་ཕེང་གིས་མཚོན་པའི་རྒྱལ་སྲས་ཤོག་ཁག་གི་ཁེ་ཕན་ཆེད་ཡིན།
གལ་སྲིད “རྒྱུད་གཅིག་ལམ་གཅིག” ཟེར་བའི་གྲོས་གཞི་འདི་ཕྱོགས་ཐབས་ཅད་ནས་འདིང་དགོས་ན་ཉུང་མཐའ་ལོ ༣༠ དགོས་པས། གྲུབ་འབྲས་ཐོན་མིན་ཚོད་དཔག་དཀའ་ཡང་། གལ་ཏེ་གྲུབ་འབྲས་བཟང་པོ་ཐོབ་པའི་དབང་དུ་སོང་ཡང་དེ་དུས་གྲོས་གཞི་འདོན་མཁན་ཞི་ཅིན་ཕེང་ལོ ༩༤ ལ་སླེབས་ཡོད་ན་མཐོང་ཐུབ་མིན་ཡང་བཤད་དཀའ།
༡༩༤༩ ལོ་ནི་གུང་ཁྲན་ཏང་གིས་དབང་བསྒྱུར་བའི་རྒྱ་ནག་དབུ་བརྙེས་ནས་ལོ ༡༠༠ འཁོར་བའི་ལོ་དེ་ཡིན་ལ། དེ་ནི་རྒྱ་ནག་གི “ལོ་བརྒྱའི་འཆར་གཞི་ཆེན་པོ” ཞེས་པའི་གསང་བའི་འཆར་གཞི་དེ་རྫོགས་དུས་ཀྱང་ཡིན། “རྒྱལ་པོའི་ཡན་ན་གནམ་ལས་མེད” པའི “ཀྲུང་ཧྭ་མི་རིགས་སླར་གསོ ”ཐུབ་ཡོད་མེད་དང་། “ཀྲུང་གོའི་རྨི་ལམ” ཡང་ན་ཞི་ཅིན་ཕེང་གི་རྨི་ལམ་འགྲུབ་ཡོད་མེད་ཀྱང་དེ་དུས་ཤེས་ཐུབ།
ལོ་བཅུ་ཕྲག་གསུམ་ཟེར་བ་རིང་དྲགས་པ་རེད། ལོ་གཉིས་ཐག་ཉེ་བོ་རེད། “རྒྱུད་གཅིག་ལམ་གཅིག” རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་ཞི་ཅིན་ཕེང་གིས ༢༠༡༩ ལོར “རྒྱུད་གཅིག་ལམ་གཅིག” རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ཐེངས་གཉིས་པ་བསྐོང་རྒྱུ་ཡིན་པ་གསལ་བསྒྲགས་བྱས་ཡོད་པས། དེ་དུས་གླེང་སྟེགས་སྟེང་ཞུགས་པའི་རྒྱལ་ཁབ་ཀྱི་མང་ཉུང་དང་། ཚོགས་ཞུགས་པའི་གོ་གནས་སོགས་ལས “རྒྱུད་གཅིག་ལམ་གཅིག” གྲོས་གཞི་དེ་ལེགས་གྲུབ་བྱུང་མིན་གསལ་བོར་ཤེས་ཐུབ།
ང་ཚོས་མིག་རིག་རིག་བྱས་ནས་བལྟ་དགོས། རྣ་ཅོར་ཅོར་བྱས་ནས་ཉན་ཡ།
མཆན: ཧྥན་སི་ནི་དབྱིན་སྐད་དུ Fans དང་རྒྱའི་སྐད་དུ 粉丝 ཞེས་པའི་འགྱུར།