ཡཱང་ཧྲུའུ་ཕེང་ལ་ཁ་རྡུང་གཏོང་མཁན་རྒྱལ་གཅེས་སློབ་མ་ཚོ་ནི་དམར་ཆུང་དམག་གི་མ་འདས་སྤྲུལ་སྐུ་ཡིན།

index
ཡཱང་ཧྲུའུ་ཕེང་གིས་མཐར་ཕྱིན་མཛད་སྒོའི་སྐབས་གཏམ་བཤད་བྱེད་པ།

ཕལ་ཆེར་དུས་རབས་ཕྱེད་ཀྱི་ཡ་སྔོན་དུ། དམར་ཆུང་དམག་ཁྲི་ཕྲག་དུ་མ་པེ་ཅིང་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་འདུ་འཛོམས་ཀྱིས་མི་རེའི་དགུང་དུ་འཕྱར་བའི་ལག་པར༼མའོ་ཙེ་ཏུང་གི་གསུང་བཏུས༽རེ་བཟུང་ནས་གོང་མའི་ཕོ་བྲང་ཙི་ཇིན་ཁྲེང་སྒུལ་བར་ནུས་པའི་ཁ་གཡང་སྐད་འབོད་བརྒྱུད། མའོ་ཙེ་ཏུང་གི་བློ་བརྟན་འགྱུར་མེད་ཀྱི་འཐབ་མོ་བ་བྱེད་རྒྱུའི་དམ་བཅའ་ཡོད་པ་རེད།
དུས་དེ་རིང་། མའོ་ཙེ་ཏུང་གི་བསྟན་སྲུང་དམར་ཆུང་དམག་འཇིག་རྟེན་གནམ་འོག་གི་གནས་གཅིག་ཏུ་དངོས་སུ་འདུ་འཛོམས་བྱས་པའི་རྣམ་པ་ཡང་བསྐྱར་མཐོང་དགོས་ན་མི་སྲིད་པ་འདྲ་བོ་ཡིན་ཡང་། དུས་རབས་དང་མི་ཐོག་ལ་འགྱུར་བ་ག་ཚོད་ཅིག་ཐེབས་ཟིན་ཡང་མའོ་ཙེ་ཏུང་གི་དམར་ཆུང་དམག་གི་མ་འདས་སྤྲུལ་སྐུའམ་ཡང་སྲིད་ཚོ་རྣམ་པ་མ་འདྲ་བའི་སྒོ་ནས་ཡོང་དང་ཐོན་གྱིན་ཡོད། དུས་རབས ༢༡ པའི་དམར་ཆུང་དམག་གི་རྒྱུད་འཛིན་པ་ཡང་སྲིད་ཚོ་དེང་རབས་འཕྲུལ་ཆས་གནས་འཕྲིན་དྲྭ་རྒྱའི་འཇིག་རྟེན་དུ་འཛུལ་ནས་དུས་ནས་དུས་སུ་ཡངས་པོར་འཛོམས་ནས་མངོན་གྱིན་ཡོད། གནའ་དེང་གང་ལ་མཚོན་ཡང་། ཐུན་མོང་གི་འདྲ་ས་ཞིག་ནི་དེ་ཚོས་བསྐྲུན་པའི་མཇུག་འབྲས་དང་ལོ་ངོ ༥༠འི་ཡར་སྔོན་དུ་བྱུང་བའི་མཇུག་འབྲས་གཉིས་ངོ་བོ་གཡེར་མེད་དུ་གྱུར་ཡོད་པས། རྒྱ་ནག་རྒྱལ་ཁབ་གྱི་སྟོབས་ཤུགས་སྔོན་ཆད་དང་བསྡུར་ན་གནམ་ས་བླ་འོག་གི་འཕོ་འགྱུར་བྱུང་བ་བདེན་མོད། མི་རྣམས་པ་ད་དུང་ཡང་ཆབ་སྲིད་ཀྱི་ཐུན་མོང་བསམ་བློས་བཅིངས་ཡོད། དེ་ནི་མའོ་ཙེ་ཏུང་གི་རྣམ་ཤེས་ད་དུང་ཡང་མ་ཡལ་བར་དུས་ནས་དུས་སུ་རྒྱ་ནག་པའི་བསམ་བློར་ཤུགས་རྐྱེན་ཐེབས་ཀྱིན་པར་ངེས་འཛིན་བྱས་ཆོག་པར་འདོད། ཡང་རྒྱུ་མཚན་དེར་གཞིགས་ན། མའོ་ཙེ་ཏུང་གི་རྣམ་ཤེས་མ་ཡལ་ས་ན་ཁོང་གི་བསྟན་སྲུང་དམར་ཆུང་དམག་ཡལ་ག་ལ་སྲིད།

ཐུན་མོང་བསམ་བློ་དེའི་ཉེ་ཆར་གྱི་དམིགས་འབེན་ཞིག་ནི་ཨ་མེ་རི་ཀའི་མེ་རི་ལནྡི་གཙུག་ལག་སློབ་ཆེན་གྱི་མཐར་ཕྱིན་སློབ་མའི་མཛད་སྒོའི་སྐབས། གཏམ་བཤད་ཀྱི་གོ་སྐབས་ཐོབ་པའི་རྒྱ་རིགས་བུད་མེད་སློབ་མ་ཡཱང་ཧྲུའུ་ཕེང་རེད། ཁོང་མོས་གང་ཉིད་ཀྱིས་ཨ་མེ་རི་ཀར་སློབ་སྦྱོང་སྐབས་ཀྱི་ཚོར་སྣང་གླེང་སྐབས། དྭངས་གཙང་གི་མཁའ་དབུགས་དང་དྲོད་སྐྱིད་ལྡན་པའི་ཉི་འོད། ད་དུང་སློབ་གྲྭའི་ར་སྐོར་ན་རང་བྱུང་གིས་ཆགས་པའི་སྨྲ་བརྗོད་རང་དབང་ལ་གཙི་མཐོང་གི་རྣམ་པ་སོགས་གླེང་ཡོད་པ་དང་། གླེང་གཞི་གཙོ་བོ་དེ་སློབ་གྲྭ་སྨྲ་བརྗོད་རང་དབང་ཡིན།

ཡཱང་ཧྲུའུ་ཕེང་གི་གཏམ་བཤད་དེ་དྲྭ་རྒྱའི་སྟེང་སྤེལ་རྗེས། དེ་མ་ཐག་ཕྱིའི་རྒྱལ་ཁབ་ན་སློབ་སྦྱོང་བྱེད་བཞིན་པའི་རྒྱ་རིགས་སློབ་མ་དང་རྒྱ་ནག་ནང་ཁུལ་གྱི་སློབ་མའི་སྐྱོན་བརྗོད་དྲག་པོ་ཆེན་པོ་མོད་པོ་བསླངས་སྟབས། ཡཱང་ཧྲུའུ་ཕེང་གིས་ཀྱང་དེ་མ་ཐག་དགོངས་དག་བཟོད་གསོལ་ཞུས་པ་དང་ཆབས་ཅིག རང་ཉིད་ཀྱིས་མེས་རྒྱལ་ལ་དམའ་འབེབས་བྱས་པ་མིན་ལུགས་གསལ་བཤད་བྱས་འདུག ཡིན་ན་ཡང་ཁོང་ཁྲོས་ཁ་རྡུང་གཏོང་མཁན་མི་རབས་གསར་བའི་དམར་ཆུང་དམག་དེ་དག་གི་དགོངས་པ་དྭངས་མེད་ལ། ཡཱང་ཧྲུའུ་ཕེང་ལ་བཟོད་གསོལ་ཡང་ཐོབ་མེད།

རྒྱ་ནག་ལ་ང་རྒྱལ་སྐྱེ་དགོས་ས་མང་པོ་ཞིག་ཡོད་ལ། འདས་པའི་གཟའ་འཁོར་འདི་ལ་གཞིགས་དང་། ཞི་ཅིན་ཕེང་གིས་འཛམ་གླིང་རྒྱལ་ཁབ ༢༩འི་དབུ་ཁྲིད་སྐུ་ཚབ་བརྒྱ་ལྷག་བསྡུས་ནས “རྒྱུད་གཅིག་ལམ་གཅིག” ཅེས་པའི་གླེང་སྟེངས་བསྐོངས་ནས། ཨ་ཧྥི་རི་ཀ་གླིང་ཆེན་དང་། ཡོ་རོབ་གླིང་ཆེན། ཨེ་ཞི་ཡ་གླིང་ཆེན་བཅས་གླིང་ཆེན་གསུམ “དར་ལམ་གསར་བས” སྦྲེལ་རྒྱུའི་གྲོས་འགོ་བཏོན་པ་མ་ཡིན་ནམ།

འོན་ཀྱང་། རྒྱ་ནག་ལ་ང་རྒྱལ་སྐྱེ་དགོས་ས་ཡོད་པའི་དབང་གིས་རྒྱ་ནག་པ་གཞན་དག་གི་སོ་སོའི་ལྟ་ཚུལ་བརྗོད་རྒྱུའི་ཐོབ་ཐང་འཕྲོག་ག་ལ་རུང་།
ཡཱང་ཧྲུའུ་ཕེང་ལ་གཞི་མེད་སྐྱོན་བརྗོད་ཀྱི་བྱ་སྤྱོད་ལས། ཁོང་མོས་རྒྱ་ནག་གི་སྨྲ་བརྗོད་རང་དབང་ལ་ལྟ་ཚུལ་བཏོན་པ་དེ་འཁྱོག་བཤད་མིན་པ་བདེན་དཔང་བྱས་ཡོད། སྐྱོན་བརྗོད་དེ་རིགས་ཀྱིས་འདི་ལྟ་བུའི་ལྟ་བ་ཞིག་གསལ་རྗེན་དུ་འབྱིན་ཡོད། རྒྱ་ནག་གཞུང་དང་མི་སྐོར་ཞིག་གིས་ཡུལ་དང་གནས་གང་ན་ཡོད་མེད་ལ་མ་བལྟས་པར། རྒྱ་ནག་པ་ཞིག་ཡིན་པའི་ཆ་ནས་རང་གི་རྒྱལ་ཁབ་སྐོར་གླེང་དུས། དུས་དང་རྣམ་པ་མཐའ་དག་ཏུ་ཐུན་མོང་བསམ་བློའི་ཚད་བཀག་དེ་ལས་འདའ་མི་ཆོག་པ་དེ་རེད། ལྟ་བ་འདི་དང་རྒྱ་ནག་གི་སློབ་མས་ཚང་ཁ་རྒྱག་སའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་གཙི་མཐོང་བྱེད་པའི་སྨྲ་བརྗོད་རང་དབང་གི་ལྟ་བ་གཉིས་རྦད་དེ་ལྡོག་ཟླ་ཆགས་ཡོད་པས། དེ་ནི་དགོད་བྲོ་བའི་གནས་ཡིན།

ཡིན་དང་ཡིན། སྤྱི་ཚོགས་མ་འདྲ་བ་རེ་རེར་རིག་གནས་རྒྱབ་ལྗོངས་དང་སྲོལ་རྒྱུན་གོམས་གཤིས་ལ་གཞིགས་པའི་སྐད་ཆའི་རིགས་གང་ཞིག་ངོས་ལེན་ཐུབ་པ་དང་། ཡང་སྐད་ཆའི་རིགས་གང་ཞིག་ལ་ངོས་ལེན་མི་ཐུབ་པར་ཚད་བཀག་མ་འདྲ་བ་རེ་ཡོད། དེ་འདྲ་ཡིན་མོད་ཀྱང། རྒྱ་ནག་ནང་བཞིན་སྨྲ་བརྗོད་རང་དབང་དེ་དབུ་ཁྲིད་ལ་བསྟོད་བསྔགས་དང་ཆེ་བརྗོད་ཀྱི་ཚད་ཀྱིས་བཀག་པ་དང་མཉམ་དུ། མངོན་གསལ་དོད་པོས་རང་གི་ལྟ་བ་བཏོན་ཐུབ་མཁན་ཚོར་འཛེམ་བག་མེད་པར་རང་དགར་རྡུང་རྡེག་བྱས་ཚེ། མའོ་ཙེ་ཏུང་དུས་རབས་ཀྱི་བསམ་བློ་དེ་རིང་ད་དུང་གནས་མུས་སུ་ཡོད་པ་འདྲ་བོ་མ་རེད་དམ། གནམ་ས་བླ་འོག་བརྗེས་བའི་འགྱུར་བ་དེའང་ཕྱིའི་འཛུགས་སྐྲུན་དང་རྣམ་པའི་འགྱུར་བ་ཙམ་ལས། ནང་སེམས་ཁམས་ལ་འགྱུར་བ་ཕྱིན་མེད་པ་གསལ་བོ་རེད།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེང་གིས་ཀྱང་གཅིག་མཚུངས་ཀྱི་བསམ་བློ་ཞིག་བཟང་ཡོད་པ་འདྲ། དེ་སྔ་ཞི་ཅིན་ཕེང་གིས་མངོན་སུམ་འཛེམ་མེད་ཀྱིས་གསར་འགོད་པ་དང་བློ་མཛོད། ཕྱི་རྒྱལ་གཞུང་ཚབ་པ་སོགས་ཀྱིས་རང་རྟོན་དང་ཡིད་ཆེས་ཆེན་པོས་འཛམ་གླིང་ཡོངས་ལ་རྒྱ་ནག་གི་སྒྲུང་གཏམ་བཤད་རོགས་ཞེས་འབོད་སྐུལ་བྱས་ཡོད་མོད། འོན་ཀྱང་ཞི་ཅིན་ཕེང་གི་བསམ་བློ་ནི་རང་རང་གི་ཐབས་ལམ་ལྟར་ཤོད་ཟེར་བ་མིན་པར་རྒྱ་ནག་གཞུང་གི་འདུ་ཤེས་འཛིན་སྟངས་ལྟར་ཤོད་ཟེར་བ་དེ་རེད།

ཕྱི་རྒྱལ་རང་དབང་ཡུལ་གྲུ་དང་རྒྱལ་ཁབ་ན་སློབ་སྦྱོང་བྱེད་ཀྱིན་པའི་རྒྱ་རིགས་སློབ་མ་དག་གིས་སོམ་ཉི་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཞི་ཅིན་ཕེང་གི་ལམ་སྟོན་དང་བཀའ་སློབ་དང་ལེན་བྱས་ཡོད། ཡང་གཅིག་བཤད་ན་དེ་ནི་རྒྱ་ནག་དེང་གཞུང་གི་སྲིད་ཇུས་ཀྱང་ཡིན་ལ། དེ་ནི་ཕྱི་རྒྱལ་ན་སློབ་སྦྱོང་བྱེད་བཞིན་པའི་སློབ་མའི “མི་ཕྱེད་རྒྱལ་གཅེས་ནུས་ཤུགས” དེ་གཞི་གཅིག་ཏུ་བསྡུ་རྒྱུ།

ཨ་རིའི་ཁཱ་ལི་ཧྥོ་ནེ་ཡ་གཙུག་ལག་སློབ་ཆེན་གྱི་སན་ཌི་ཡ་གྷོ་ཡན་ལག་སློབ་ཆེན་གྱིས་ད་ལོའི་མཐར་ཕྱིན་སློབ་མའི་མཛད་སྒོའི་དམིགས་བསལ་སྐུ་མགྲོན་དུ་བོད་མའི་དབུ་ཁྲིད ༧སྤྱི་ནོར ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཆེད་དུ་གདན་ཞུ་གནང་བར་སློབ་ཆེན་དེའི་རྒྱ་ནག་གི་སློབ་མའི་མཉམ་འབྲེལ་མཐུན་ཚོགས་དང་རྒྱ་རིགས་མཁས་པའི་མཐུན་ཚོགས་ཟུང་འབྲེལ་གྱིས་རྒྱ་ནག་གཞུང་ཚབ་ཁང་གི་ཆབ་སྲིད་དཔོན་རིགས་ལ་འབྲེལ་གཏུག་བརྒྱུད་ཛ་དྲག་གི་ལས་འགུལ་སྤེལ་ནས་སློབ་ཆེན་གྱི་བྱ་སྤྱོད་དེར་འགོག་རྒོལ་བྱས་པ་ལྟ་བུ་དང་། དེ་བཞིན་དུ། དབྱིན་ཇི་ཌུར་ཧམ་གཙུག་ལག་སློབ་ཆེན(Durham University)གྱི་རྒྱ་རིགས་སློབ་མས་ས་གནས་རྒྱ་ནག་གཞུང་ཚབ་ཀྱི་རྒྱབ་སྐྱོར་ལྟར་རྒྱ་ནག་གི་ཆོས་ལུགས་སྲིད་ཇུས་ལ་སྐྱོན་བརྗོད་བྱེད་མཁན་མི་སྣ་སྐོར་ཞིག་སློབ་ཆེན་དེའི་ལས་འགུལ་ནང་མཉམ་ཞུགས་གནང་རྒྱུར་འགོག་ཐབས་ཐེངས་གཅིག་མིན་གཉིས་མིན་དུ་བྱས་པ་ལྟ་བུ་རེད།

ཨ་མེ་རི་ཀའི་མེ་རི་ལནྡི་གཙུག་ལག་སློབ་ཆེན་གྱི་མཐར་ཕྱིན་རྒྱ་རིགས་སློབ་མ་ཡཱང་ཧྲུའུ་ཕེང་ལ་སྐྱོན་བརྗོད་ངོ་རྒོལ་གྱི་སྐད་ཆ་རེ་རེ་ནི། ཕྱི་རྒྱལ་ན་སློབ་སྦྱོང་བྱེད་བཞིན་པའི་རྒྱ་རིགས་སློབ་མའི “མི་ཕྱེད་རྒྱལ་གཅེས་ནུས་ཤུགས” ལ་ཕྱོགས་པའི་འབྲས་བུ་རེད། པེ་ཅིང་དེང་གཞུང་ལ་མཚོན་ན། ལམ་སྲོལ་གོམས་གཤིས་དེ་ཧ་ཅང་གལ་ཆེན་ཡིན་པའི་མ་ཚད་ལས་སླ་བོས་མེད་བརླག་ཏུ་གཏོང་མི་རུང་བ་ཞིག་ཡིན། ཞི་ཅིན་ཕེང་དུས་རབས་སུ། ཕྱིའི་རྒྱལ་ཁབ་ཁག་ཏུ་སློབ་སྦྱོང་ཆེད་འགྲོ་མཁན་སློབ་མའི་གྲངས་ཀ་ངེས་ཅན་ཞིག་འཕར་ཡོད། ཡིན་ན་ཡང་། ཕྱི་རྒྱལ་ན་སློབ་སྦྱོང་བྱེད་བཞིན་པའི་རྒྱ་རིགས་སློབ་མ་དེ་ཚོའི་བསམ་བློ་མཁྲེགས་པོ་རྡོ་རུ་གྱུར་ནས་རང་དབང་དམངས་གཙོའི་ཆབ་ཀྱིས་ག་ཚོད་བཀྲུས་ཀྱང་སིམ་རྒྱུ་མེད་པར་གཞན་གྱི་སྐྱོན་བརྗོད་ལ་ཉན་འཇོག་གི་བཟོད་པ་སྔོན་ཆད་ལས་ཀྱང་ཇེ་ཞན་ཇེ་ཆུང་དུ་ཕྱིན་ཡོད།

ནུབ་ཕྱོགས་ཡུལ་གྲུ་ཁག་ན་སློབ་སྦྱོང་བྱེད་ཀྱིན་པའི་རྒྱ་རིགས་སློབ་མ་ཚོའི་རྣམ་འགྱུར་རེ་རེའི་རྒྱབ་ན་རྒྱ་ནག་གཞུང་གི་གྲིབ་གཟིགས་ཡོད་ལ། དཔེར་ན། ཡཱང་ཧྲུའུ་ཕེང་གི་དོན་རྐྱེན་དེ་བྱུང་མ་ཐག རྒྱ་ནག་ཕྱི་ནང་གི་སློབ་མ་མང་པོ་ཞིག་གིས་ཁ་རྡུང་བཏང་བས་མ་ཚད།  རྒྱ་ནག་གཞུང་གི་སྨྱན་བྱད་ཁག་ཀྱང་ཁ་རྡུང་གི་དཔུང་ཁག་དེའི་ནང་ཞུགས་ཡོད། རྒྱ་ནག་གཞུང་འབྲེལ༼ གོ་ལའི་དུས་བབ༽ ཟེར་བས། ཡཱང་ཧྲུའུ་ཕེང་གི་སྨྲ་བརྗོད་ཀྱིས་ཨ་རིའི་མེ་རི་ལནྡི་གཙུག་ལག་སློབ་ཆེན་དང་དེ་མིན་པའི་ཨ་རིའི་སློབ་ཆེན་ཁག་ན་ཡོད་པའི་རྒྱ་རིགས་སློབ་མའི་ཁོང་ཁྲོ་བསླངས་ཡོད་ལ། རྒྱ་ཁབ་ཕྱི་རུ་ཐོན་དུས་རྒྱལ་ཁབ་ཧྲིལ་བོའི་འཐུས་ཚབ་ཏུ་གྱུར་ཡོད་ལ། སྒྲུབ་འོས་ལ་སྒྲུབ་ཀྱང་དགོས་པ་ཞིག་ནི་རང་ཉིད་ཀྱི་ནུས་ཤུགས་དངོས་ལ་བརྟེན་ནས་མེས་རྒྱལ་འཛུགས་སྐྲུན་བྱེད་རྒྱུ་ལས། ནམ་རྒྱུན་ཁེངས་ར་རྐྱང་རྐྱང་བྱས་ཚེ། སེམས་ངན་ཁོག་བཅངས་ཀྱི་མི་དག་གི་ལག་ཆ་རུ་གྱུར་མི་སྲིད་པ་མིན། ཕྱི་རྒྱལ་གྱི་མཁའ་དབུགས་དྭངས་གཙང་རེད་ཟེར་མཁན་དེའི་རིགས་གསང་མྱུལ་བར་གྱུར་སྲིད་པ་རེད་ཞེས་ཡཱང་ཧྲུའུ་ཕེང་ལ་སྐྱོན་འཛུགས་བྱས་པ་དང་། དེ་མིན་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ལོའུ་ཁང་ཟེར་བས་འགན་འཁུར་དགོས་ཞེས་བཤད་སྟངས་གཞན་ཞིག་གིས་བཤད་ཀྱང་། དོན་གྱིས་རྒྱལ་ཁབ་ལ་གཅེས་སྲུང་བྱེད་དགོས་པའི་དགོས་འདུན་བཏོན་ནས་ཚིག་ཟུར་དུ་ཡཱང་ཧྲུའུ་ཕེང་ལ་སྐྱོན་བརྗོད་བྱས་པ་ལ་སོགས་ཀྱིས་མཚོན།

ཕྱོགས་གཅིག་ནས་བཤད་ན། སྣང་ཚུལ་དེ་ནི་མགོ་འཐོམ་དགོས་པའི་གནས་ཡིན། ད་དུང་ཡང་རྒྱ་ནག་གཞུང་གི་ཤུགས་རྐྱེན་ལས་ཐར་ཐུབ་མེད་པའི་རྒྱ་རིགས་སློབ་མ་དེ་དག་གིས་དཔལ་འབྱོར་གྱི་འགྲོ་སོང་ཆེན་པོ་བཏང་ནས། མ་གཞི་ལྟར་ན་རྒྱ་ནག་གི་ག་ས་གང་དུ་ཚད་ཐིག་བཞག་པའི་སློབ་གསོའི་ལམ་ལུགས་ལས་ཐར་ནས། ཕྱི་རྒྱལ་གྱི་འདྲ་མཉམ་གྱི་སློབ་གྲྭའི་དྭངས་ཤིང་གཙང་བའི་མཁའ་དབུགས་ལ་རོལ་བསམ་ཡོད་རྒྱུ་རེད། །

ཡང་ཕྱོགས་གཞན་ཞིག་ནས་བལྟས་ན། ཕྱི་རྒྱལ་རང་དབང་ཡུལ་གྲྭར་མ་སླེབས་གོང་དུ་ལོ་དུ་མའི་རིང་རྒྱ་ནག་གི་འདུ་ཤེས་འཛིན་སྟངས་ཀྱི་སློབ་གསོ་མྱངས་པ་མ་ཟད། སློབ་སྦྱོང་ཐད་ནས་ཐེག་དཀའ་བའི་གནོན་ཤུགས་ཁུར། རྒྱ་ནག་གཞུང་གི་ག་ས་གང་དུ་ཡོད་པའི་ལྟ་རྟོག་ལ་མཉམ་འཇོག་བྱས་ནས་འཚར་ལོངས་བྱུང་སྟབས། དེ་ལྟ་བུའི་སྣང་ཚུལ་བྱུང་བ་ལ་ཡ་མཚར་སྐྱེས་དགོས་དོན་ཡང་ཆེར་མེད།

དུས་རབས་ཕྱེད་ལས་ལྷག་པར་ཀླད་པ་འཁྲུད་བརྗེ་སློབ་གསོ་དང་བླུན་སྒྱུར་དྲིལ་བསྒྲགས་འོག་འཚར་ལོངས་བྱུང་སྟབས། རྒྱ་ནག་དང་འབྲེལ་ཆགས་མཐའ་དག་ལ་ང་དགའ། རྒྱ་ནག་ལ་དམའ་འབེབས་བརྙས་བཅོས་རིགས་ཐམས་ཅད་ནི་ང་ལ་དམངས་འབེབས་དང་བརྙས་བཅོས་བཏང་བ་ཡིན་ཞེས་པའི་སེམས་ཁམས་དེ་ནད་གཞི་ཞིག་ཡིན་ལ། མ་མཐའ་ཡང་སེམས་ཁམས་ནད་པའི་རིགས་ཡིན།

དེ་སྔ་རྩོམ་པ་པོ་ཞིག་གིས་བླུན་པོའི་ཀུན་སྤྱོད་ཀྱི་ཚོར་སྣང་དེ་ནམ་ཡང་ཡིན་རྣོ་ཚོར་ངང་གནས་ཡོད་ཅེས་པ་ནང་བཞིན། རྒྱ་ནག་ཏུ་བླུན་པོའི་དབང་རྩ་ཧ་ཅང་ཉམས་ཞན་ཡིན་ལ། བརྙས་བཅོས་ཐེབས་ཆོག་ཆོག་ཅིག་ཡིན་ཞེས་ལབ་ན་ཆོག དེ་ནི་སྟོབས་ཆེན་ལས་ལྡོག་པའི་ཉམས་ཞན་དང་རང་མཐོང་རང་གཅོག་གི་སེམས་ཁམས་འབའ་ཞིག་ཡིན། མི་གཞན་གྱི་མི་ཡག་མི་ཉན་མི་བཟང་གི་སྐད་ཆ་ཚིག་གཅིག་ཀྱང་འགྲོ་ས་མེད་པས། དེ་ནི་ཉམས་ཞན་གྱི་སེམས་ཁམས་མིན་ན་ཅི་ཞིག་ཡིན་ནམ།

སྤྱི་བཏང་སློབ་ཆེན་མཐར་ཕྱིན་མཛད་སྒོའི་སྟེང་གི་གཏམ་བཤད་ཅིག་ནི་ཆེས་སྤྱིར་བཏང་བའི་གནས་ཚུལ་ཞིག་ཡིན་མོད། འོན་ཀྱང་། རྒྱ་རིགས་ཡཱང་ཧྲུའུ་ཕེང་གི་གཏམ་བཤད་དེ་རྒྱལ་སྤྱིའི་གསར་འགྱུར་ཞིག་ཏུ་ཅིའི་ཕྱིར་གྱུར་བ་རེད་དམ་ཞེ་ན། གཙོ་བོ་དེ་ཡཱང་ཧྲུའུ་ཕེང་གི་གཏམ་བཤད་ཁྱད་པར་ཅན་ཡིན་པས་མིན་ལ། འཛམ་གླིང་གང་སར་ཁྱབ་པའི་རྒྱ་རིགས་སློབ་མ་དང་རྒྱ་ནག་གཞུང་གི་ཚོར་སྣང་གིས་གནས་ཚུལ་ཧ་ཅང་ཕལ་བ་ཞིག་གལ་ཆེན་དུ་བསྒྱུར་བ་རེད། ཡིན་ན་ཡང་། གནས་ཚུལ་དེའི་འཕེལ་ཕྱོགས་ལ་རྒྱ་ནག་གཞུང་གིས་བཏང་འཛིན་ནན་མོ་བྱས་འདུག ལྟོས་དང་། ཡཱང་ཧྲུའུ་ཕེང་གི་གཏམ་བཤད་དེའི་བརྗོད་དོན་གཙོ་བོ་སྨྲ་བརྗོད་རང་དབང་ཡིན་ཡང་། རྒྱ་ནག་གཞུང་དམངས་གཉི་ཀས་མཁའ་དབུགས་གཅིག་པུ་མ་གཏོགས་གླེང་གིན་མེད་པའི་ངང་ཚུལ་ལས་རྩ་བ་བཞག་ནས་ཡལ་གར་འཇུས་ཡོད་པ་གསལ་བོ་ཤེས་ཐུབ།