མཚོ་སྔོན་དཔའ་ལུང་རྫོང་གི་དྲག་ཆས་ཉེན་རྟོག་པས་ཡི་རྩ་སྡེ་བའི་བོད་རིགས་མང་ཚོགས་ལ་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་འདུག

Screen Shot 2017-06-03 at 21.10.41.png
ཡི་རྩ་སྡེ་མི་དང་བཱ་ཡན་རྫོང་གི་ཉེན་རྟོག་པས་ཁ་རྩོད་རྒྱག་བཞིན་པ།

མཚོ་སྔོན་མཚོ་ཤར་ཁུལ་དཔའ་ལུང་རྫོང་གི་དྲག་ཆས་ཉེན་རྟོག་པས་སྟག་ཚང་ཞང་ཡི་རྩ་སྡེ་བའི་བོད་རིགས་མང་ཚོགས་ལ་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་འདུག

དཔའ་ལུང་ས་གནས་བོད་མི་ཞིག་ལས་གནས་རྒྱུས་ལོན་བྱས་ནས་ཤེས་རྟོགས་ལྟར་ན། སྤྱི་ཟླ ༦ ཚེས ༡ ཉིན། བཱ་ཡན་ནམ་དཔའ་ལུང་རྫོང་གི་རྫོང་དཔོན་མཱ་ཇིན་ཞིན(马金星)གྱིས་དྲག་ཆས་སྤྲས་པའི་དྲག་ཆས་ཉེན་རྟོག་པ་དང་། དམིགས་བསལ་ཉེན་རྟོག་པ། ཉེན་རྟོག་པ། འཛུགས་སྐྲུན་ལས་བཟོ་བ་དང་ཆུ་རྐ་རྐོ་སློག་བྱེད་སྤྱད་འཕྲུལ་འཁོར་སོགས་འབོར་ཆེན་ཞིག་འཁྲིད་ནས་དཔའ་ལུང་སྟག་ཚང་ཞང་ཡི་རྩ་སྡེ་བར་ཡོང་ནས། ས་གནས་མི་དམངས་མོས་མཐུན་ཡོད་མེད་ལ་མ་བལྟས་པར་ཡི་རྩ་སྡེ་བ་དང་བར་ཐག་རིང་སའི་ཁ་ཆེའི་སྡེ་བ་ཐར་སྒ་སྡེ་བར་ཡི་རྩ་རྫ་ཆུ་ནས་འཐུང་ཆུ་འདྲེན་ཆེད་སྦུབས་ལམ་དང་ཆུ་རྐ་རྐོ་འགོ་ཚུགས་དུས། ས་གནས་ཡི་རྩ་སྡེ་བའི་བོད་རིགས་མང་ཚོགས་ཀྱིས་གནས་ལུགས་བཤད་ནས་མོས་མཐུན་མེད་པའི་རྣམ་འགྱུར་བཏོན་དུས། དཔའ་ལུང་རྫོང་གི་རྫོང་དཔོན་གྱིས་གནས་ལུགས་རྒྱུ་མཚན་ལ་མི་ཉན་པ་མ་ཟད། “མི་ཤི་རྟ་འགྱེལ་གྱི་དོན་དག་བྱུང་ན་ངས་འགན་ཁུར” ཞེས་བཙན་བཀའ་བཏང་རྗེས། དྲག་ཆས་ཉེན་རྟོག་དམག་མིས་བོད་རིགས་མང་ཚོགས་ནང་ཐོག་མར་མི་ཆུ་འབྱིན་པའི་དུ་སྨུག་འབར་འདེལ་བརྒྱབས་ཡོད་པ་དང་། དེ་ནས་མང་ཚོགས་ལ་ངར་ཤུགས་འཕར་ནས་གནས་སྟངས་ཛ་དྲག་པོ་ཆགས་སྟབས། དྲག་ཆས་ཉེན་རྟོག་པས་མེ་མདས་བརྒྱབས་ཡོད་པ་རེད།

སྐབས་དེར་མི་དྲུག་ལ་རྨས་སྐྱོན་ཕོག་ཡོད་པ་དང་། དེའི་ནང་དུ་ལོ་ན ༥༦ ཅན་གྱི་བུད་མེད་ཞིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་འདུག རྨས་མ་དེ་དག་ཚང་མ་ཟི་ལིང་གྲོང་ཁྱེར་གྱི་སྨན་ཁང་ལ་བསྐྱལ་ནས་སྨན་བཅོས་བྱེད་ཀྱིན་ཡོད་ཀྱང་། རྨས་མ་དང་ནད་གཡོག་ཚང་མ་དམ་དྲག་བྱས་ནས་དོན་རྐྱེན་དེ་དང་འབྲེལ་ཡོད་གནས་ཚུལ་རིགས་གཅིག་ཀྱང་ཕྱི་རུ་བཤད་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག

དེ་མིན་དཔའ་ལུང་ཉེན་རྟོག་པས་སྐབས་དེར་བྱིས་པ་ལོ ༩ ཅན་ཞིག་དང་ལོ ༧༠ ཡན་གྱི་བགྲེས་སོང་འགའ་ཐེ་བའི་བོད་མི ༧༠ འཛིན་བཟུང་བྱས་ཡོད་ཀྱང་། རྗེས་སུ་བྱིས་པ་དང་བགྲེས་སོང་མི༣༤གློད་བཀྲོལ་བཏང་འདུག ཡིན་ན་ཡང་། མི ༣༦ ད་དུང་ཡང་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་མ་ཚད་ས་ཆ་གང་དུ་བཀག་ཡོད་པ་སོགས་གནས་སྟངས་ཅི་ཡང་མི་ཤེས་པར་གྱུར་ཡོད་པ་དང་། ས་གནས་བོད་མིའི་འཕྲུལ་རྟ་དང་རླངས་འཁོར་སོགས་ཀྱང་གཞུང་བཞེས་བྱས་ཡོད་འདུག

དེ་བཞིན་དུ་ཉེན་རྟོག་པ་ཁ་ཤས་ལའང་འཁྲུག་འཛིང་ཁྲོད་རྨས་སྐྱོན་ཕོག་ཡོད་པ་འདྲ།

རྩ་བའི་ཆ་ནས་ཉིན་གཉིས་རིང་ཡི་རྩ་སྡེ་བའི་བོད་རིགས་མི་དམངས་དང་དཔའ་ལུང་རྫོང་གི་དྲག་ཆས་ཉེན་རྟོག་པའི་བར་འཁྲུག་འཛིང་བྱུང་ཡོད་པ་དང་། བོད་མི་ན་གཞོན ༤༠ ལྷག་རི་ཁ་རྫ་མགོར་བྲོས་བྱོལ་དུ་ཕྱིན་སྟབས། མཚོ་ཤར་ཁུལ་གྱི་དྲག་ཆས་ཉེན་རྟོག་དམག་མི ༣༠༠ནས ༤༠༠ལྷག་ཆེད་དུ་བཏང་ནས་འཚོལ་སྔོག་དང་འཛིན་བཟུང་བྱས་ཡོད་ཀྱང་། རྫ་རི་མཐོ་ཞིང་གཟར་བའི་ཁར་དེང་སྐབས་ཁ་བ་བབས་ཡོད་སྟབས་ད་བར་དུ་མི་གཅིག་ཀྱང་འཛིན་ཐུབ་མེད་པ་དང་། དྲག་ཆས་ཉེན་རྟོག་པ་དེ་ཚོ་ཕྱིར་འཐེན་བྱས་ཡོད་འདུག

གོང་ཞུས་གནས་ཚུལ་དེ་བྱུང་རྗེས། བཱ་ཡན་རྫོང་ཁོངས་ཀྱི་བོད་རིགས་གྲོང་སྡེ་ཕལ་མོ་ཆེས་ཡི་རྩ་སྡེ་བར་རྒྱབ་སྐྱོར་བྱས་ཡོད་པ་དང་། ནང་སྒོས་སུ་ཡི་རྩ་སྡེ་ཁོངས་ཀྱི་རྒོད་ཡོག་སྡེ་བ་དང་། ལ་ཁ། ཤིང་ཐ། དགོན་པ། དཀར་སྐྱིད་ཁུག གཡར་སེ་གནང་། སྐྱིད་ཅ། དེ་ལས་གཞན་སྟག་མ་ནང་། དབང་རྒྱལ་བུ་བརྒྱུད། ཆུ་འབུ་བུ་བརྒྱུད་སོགས་གྲོང་སྡེའི་བོད་རིགས་མི་དམངས་ཀྱིས་ཡི་རྩ་སྡེ་བར་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་མཚོན་ཆེད་བཱ་ཡན་རྫོང་ཐོག་ཏུ་སོང་ནས་ཞི་བའི་ངོ་རྒོལ་བྱེད་རྒྱུའི་ལས་འགོ་ཚུགས་མ་ཐག་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་པ་འབོར་ཆེན་ཡོང་ནས། གྲོང་སྡེ་ཚང་མ་དམ་དྲག་ནན་མོ་བྱས་ཡོད་པ་དང་། དེ་མིན་དགོན་སྡེ་ཁག་གི་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་འགན་འཛིན་དང་གྲོང་སྡེ་སོ་སོའི་སྡེ་དཔོན། རྫོང་དང་ཞང་གི་ལས་བྱེད་པ་བཅས་ཀྱིས་གྲུབ་བའི“ལས་དོན་རུ་ཁག”ཟེར་ཞིག་སྡེ་བ་རེ་རེར་ཡོང་ནས་ཁ་ལ་སློབ་གསོ་དང་ཆབས་ཅིག འཇིགས་སྐུལ་སོགས་བྱེད་ཀྱིན་པ་དང་། དམིགས་བསལ་གནས་ཚུལ་བྱུང་རིམ་དང་པར། བརྙན་སོགས་ཕྱི་ཕྱོགས་སུ་བཏང་ཚེ་ཉེས་ཆད་ནན་མོ་གཅོད་རྒྱུའི་ཉེན་བརྡ་བཏང་ཡོད་འདུག རྩ་བའི་ཆ་ནས་དཔའ་ལུང་རྫོང་གི་ཤར་ཕྱོགས་བོད་རིགས་གནས་སྡོད་ས་ཁུལ་ཁག་ཏུ་དྲྭ་ལམ་ཐམས་ཅད་བཀག་ཡོད་འདུག

སྤྱི་ཟླ ༦ པའི་ཚེས ༢ ཀྱི་རྗེས་ནས་ལས་གཞི་འགོག་མཁན་དང་ངོ་རྒོལ་བྱེད་མཁན་གཅིག་ཀྱང་མེད་ན་ཡང་། དྲག་ཆས་ཉེན་རྟོག་པས་ལྟ་རྟོག་ནན་མོའི་འོག་ཡི་རྩ་སྡེ་བ་ནས་ཐར་སྒ་སྡེ་བར་འདྲེན་པའི་ཆུ་རྐ་དང་སྦུབས་ལམ་གྱི་འཛུགས་སྐྲུན་སྤེལ་མུས་སུ་ཡིན་པ་དང་། འཛུགས་སྐྲུན་རུ་ཁག་གི་ཆ་རྐྱེན་དང་མྱུར་ཚད་ལ་གཞིགས་ན་དུས་ཡུན་ཐུང་ཐུང་ཞིག་གི་ནང་དུ་འགྲུབ་རྒྱུར་དམིགས་ཡོད་པ་འདྲ་ཞེས་ས་གནས་བོད་མི་ཞིག་གིས་འགྲེལ་བརྗོད་བྱས་བྱུང་།

འདས་པའི་ཉིན་ཤས་སུ། ཡི་རྩ་སྡེ་བའི་བོད་མི་དང་ཐར་སྒ་སྡེ་བའི་ཁ་ཆེ་མི་རིགས་བར་འཐུང་ཆུ་འཕྲོག་རྩོད་ཀྱི་དོན་རྐྱེན་བྱུང་བའི་གནས་ཚུལ་རེ་འགའ་དྲྭ་ལམ་ཁག་ན་མཐོང་རྒྱུ་བྱུང་ཡང་།  གནས་ཚུལ་དེ་དག་ཏུ་བོད་རིགས་སྡེ་བ་ཞིག་དང་ཁ་ཆེའི་སྡེ་བ་ཞིག་གི་བར་འགལ་རྐྱེན་བྱུང་ལུགས་བཀོད་ཡོད་པས། གནས་ཚུལ་དེར་ནོར་འཛོལ་ཅུང་ཞིག་ཐེབས་ཡོད་པས། དངོས་ཡོད་གནས་ཚུལ་ནི། ས་གནས་དཔའ་ལུང་ནས་ཁོངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན།  ཡི་རྩ་སྡེ་བ་ནས་ཐར་སྒ་སྡེ་བར་འདྲེན་པའི་འཐུང་ཆུའི་ལས་གཞི་ཞིག་ཡིན་སྟབས་ཁ་ཆེ་སྡེ་བ་ཐར་སྒ་ལའང་འབྲེལ་བ་ཆགས་ཡོད་ཀྱང་། སྡེ་བ་གཉི་ཀའི་བོད་རིགས་དང་ཁ་ཆེ་མི་རིགས་བར་འགལ་ཟླ་བྱུང་བ་ཞིག་རྩ་བ་ཉིད་ནས་མ་རེད།  དེ་བཞིན་དུ་མཚོ་སྔོན་ཞིང་ཆེན་མཚོ་ཤར་ཁུལ་གྱི༼ མཚོ་ཤར་དུས་བབ༽(海东时报)   ཅེས་པའི་གཞུང་འབྲེལ་དྲྭ་ཚིགས་སུ་སྤྱི་ཟླ ༦ ཚེས ༢ ཉིན་སྤེལ་བའི་གནས་ཚུལ་དུ། སྤྱི་ཟླ ༦ ཚེས ༡ ཉིན། དཔའ་ལུང་རྫོང་ཏང་ཨུ་དང་སྲིད་གཞུང་གིས་ཡང་ཐེངས་ཤིག་ལ་ཞིབ་འཇུག་དང་ཐག་གཅོད་གནང་ནས། བཟོ་བཀོད་དེ་ཡང་བསྐྱར་ལག་བསྟར་བྱས་ཡོད་ན་ཡང་། སྔ་དྲོའི་ཆུ་ཚོད ༡༠ ཡས་མས་སུ་བཟོ་སྐྲུན་རུ་ཁག་ས་གནས་སུ་བསླེབས་དུས། སྟག་ཚང་ཞང་གི་རྒོད་ཡོག་སྡེ་བ་དང་། ཤིང་ཐ། ལ་ཁ། སྐྱིད་ཅ་སོགས་སྡེ་བ་འགའི་མི་མང་གིས་བཟོ་སྐྲུན་བཀག་འགོག་བྱས་སྟབས། མཐར་ཉེན་རྟོག་པར་དྲག་པའི་འཇབ་རྒོལ་གྱི་དོན་རྐྱེན་བྱུང་བ་རེད་ཅེས་བཀོད་པར་གཞིགས་ན། དོན་རྐྱེན་དེ་ནི་ས་གནས་དཔའ་ལུག་གཞུང་དང་ཡི་རྩ་སྡེ་བས་གཙོས་བོད་མི་རིགས་མང་ཚོགས་བར་གྱི་དོན་རྐྱེན་ཞིག་ཡིན་པ་ལས། ཡི་རྩ་སྡེ་བ་དང་ཐར་སྒ་སྡེ་བའི་བར་བྱུང་བའི་དོན་རྐྱེན་ཞིག་མིན་པ་ཤར་སྟག་རེད།

Screen Shot 2017-06-03 at 21.09.30.png
མཚོ་ཤར་དུས་བབ་ཀྱི་གནས་ཚུལ།

བཱ་ཡན་ནམ་དཔའ་ལུང་རྫོང་གིས་བཙན་དབང་གིས་འདྲེན་སའི་ཆུ་བོ་དེའི་མིང་ལ་ཡི་རྩ་རྫ་ཆུ་ཟེར་ཞིང་། རྩ་བའི་ཆ་ནས་ཆུ་བོ་ཆེན་པོ་ཞིག་མིན་པ་དང་། ས་འབྲེལ་གྱི་ཐད་ནས་བཤད་ན། ཡི་རྩ་དང་ཐར་སྒ་གཉི་ཀ་སྟག་ཚང་ཞང་གི་ཁོངས་གཏོགས་ཡིན་ཡང་། ས་འབྲེལ་མེད་པ་མ་ཟད་བར་ཐག་ཅུང་རིང་པོ་རེད། ས་བབ་ཀྱི་ཆ་ནས་ཡི་རྩ་སྟོད་ན་ཡོད་པ་དང་ཐར་སྒ་ཟེར་བའི་ཁ་ཆེ་སྡེ་བ་དེ་སྨད་ཀྱི་རི་སྒང་དུ་ཡོད་ཅིང་། ལོ་རྒྱུས་སུ་ཐར་སྒ་སྡེ་བར་འཐུང་ཆུའི་དཀའ་ཁག་ཡོད་བཞིན་པ་རེད། དེ་སྔ་ཐར་སྒ་དང་ཅུང་བར་ཐག་ཉེ་སའི་དོམ་འབྲོང་སྡེ་བ་ནས་འཐུང་ཆུ་འདྲེན་ཐབས་གནང་ཡང་སྡེ་བ་གཉིས་མ་འཆམ་པར་འཁྲུག་འཛིང་ཐེངས་མང་བྱུང་ཡོད་པ་དང་། རྗེས་སུ་ཐར་སྒ་སྡེ་བའི་སྡེ་མི་མང་པོ་ཞིག་དཔའ་ལུང་རྫོང་ཐོག་དུ་གཞི་སྤོར་ཡོད་འདུག

ཡི་རྩ་རྫ་ཆུ་ཡི་བཞུར་རྒྱུན་ན་བོད་རིགས་གྲོང་སྡེ་མང་པོ་ཞིག་ཆགས་ཡོད་སྟབས་ད་བར་དུ་བོད་རིགས་གྲོང་སྡེ་དེ་དག་ལ་འཐུང་ཆུའི་དཀའ་ཁག་མེད་པ་རེད། ཡིན་ན་ཡང་ད་ལྟ་ཡི་རྩ་རྫ་ཆུའི་མགོ་ཁོངས་ནས་ཆུ་རྐ་དང་སྦུབས་ལམ་བསྐྲུན་ནས་ཡི་རྩ་རྫ་ཆུའི་ཆ་ཤས་ཤིག་ཐར་སྒ་སྡེ་བར་དྲངས་ཚེ། མ་འོངས་པར་ཡི་རྩ་རྫ་ཆུའི་རྒྱུན་གྱི་བོད་རིགས་གྲོང་སྡེ་དེ་དག་ལ་འཐུང་ཆུའི་དཀའ་ཁག་བྱུང་མི་སྲིད་པར་ངེས་པ་མེད་པར་ཆགས་ཡོད་པ་དང་། རྒྱུན་དེ་ན་བོད་རིགས་དུད་ཁྱིམ ༧༠༠ ལྷག་ཡོད་པ་རེད།

གཞི་རྩའི་བཱ་ཡན་ནམ་དཔའ་ལུག་རྫོང་གི་མི་འབོར་ནི ༢༤༠༠༠༠ ལྷག་ཡིན་པ་དང་། རྫོང་དེའི་མི་འབོར་མང་ཤོས་ནི་ཁ་ཆེ་མི་རིགས་ཏེ་འབུམ་གཅིག་ལྷག་ཡོད་ཅིང་། བོད་རིགས་ནི་གཉིས་པ་སྟེ་ཁྲི་དགུ་ལྷག་ཡོད་པ་དང་། གཞན་རྒྱ་རིགས་དང་སཱ་ལར་རིགས་སོགས་རེད།