ཆབ་སྲིད་བཙན་རྒྱལ་རིང་ལུགས་ཀྱི་རིག་གཞུང་བཙན་གནོན།

རྩོམ་པ་པོ། ཝང་ལེ་ཞོན།
འགྱུར། འབྲོག་མྱི།

Wang Lixiong
རྒྱ་རིགས་རྩོམ་པ་པོ་གྲགས་ཅན་ཝང་ལེ་ཞོན།

བཙན་རྒྱལ་རིང་ལུགས་ཀྱི་གྲགས་པ་ངན་པའི་ཁར། སྲིད་པའི་དཔལ་ཡོན་རྒྱས་པའི་ཡ་རབས་སྤྱི་ཚོགས་ཀྱིས་དེ་ལ་རྣམ་གཅོད་རྩིས་མེད་ངང་བསྒགས་སྟབས། ཀུན་པོའི་མཐོང་ཚུལ་ཐོས་ཚུལ་དུ་སྣང་བའི་མངའ་ཁོངས་རྒྱ་སྐྱེད་དང་རྒྱུ་ནོར་ཧམ་འཕྲོག་ཙམ་ནི་དེང་གི་བཙན་རྒྱལ་རིང་ལུགས་པའི་ངོ་གདོང་ངོ་མ་དེ་མིན། བཙན་བཟུང་དང་མི་སེར་སྤེལ་ཡུལ་སྔར་ལུགས་བཞིན་མུ་མཐུད་དུ་སྤེལ་མུས་སུ་ཡོད་ཀྱང་། ས་གནས་མི་རིགས་ལ་དམིགས་བསལ་སྲིད་ཇུས་སྤྲད་ལུགས་ཀྱི་ཕྱི་ཤུན་ཞིག་གིས་གཡོགས་ཡོད། དཔལ་འབྱོར་རོགས་སྐྱོར་ཡང་དེའི་ཁོངས་སུ་གཏོགས་ཤིང་། རང་ཉིད་ནི་དཔལ་ཡོན་གྱི་ཆ་ཡི་ཕུལ་བྱུང་བའི་ཉམས་འགྱུར་དང་དངོས་པོའི་ཆ་ཡི་གནང་སྦྱིན་པའི་བརྟུལ་ཞུགས་བཟུང་ཡོད།

དེང་གི་དུས་རབས་འདིར། བཙན་རྒྱལ་རིང་ལུགས་ཀྱི་རྣམ་པ་མང་ཆེ་བ་རིག་གཞུང་གི་ངོས་ནས་མངོན་གྱིན་ཡོད།

ད་ལྟའི་བོད་དོན་གྱི་རྩོད་གླེང་ལ་མཚོན་ན་རིག་གཞུང་ནི་གནད་ཀྱི་ལྟེ་བར་གྱུར་ཡོད། ཕྱི་རོལ་འཇིག་རྟེན་གྱི་ཁ་རྡུང་སྐྱོན་བརྗོད་ལ་ཨ་ལན་གྱི་ཚུལ་དུ་རྒྱ་ནག་གཞུང་གིས་དངོས་ཡོད་དཔེ་མཚོན་མོད་པོ་ཞིག་དྲངས་ནས་བོད་ཀྱི་རིག་གཞུང་ལ་སྲུང་སྐྱོབ་བྱས་ལུགས་སྒྲུབ་ཐབས་བྱས་འདུག དཔེར་ན། དགོན་པ་ཞིག་གསོ། གནའ་ཤུལ་དངོས་རྫས་ལ་སྲུང་སྐྱོབ། བོད་སྐད་ཡིག་གི་སློབ་གསོའི་ལམ་ལུགས་གསར་སྤེལ། སྐད་གཉིས་བཀོལ་སྤྱོད་ཀྱི་སྲིད་ཇུས་གཏན་འབེབས། སྟོངས་དང་སྟོང་བར་ཉེ་བའི་གནའ་བོའི་སྒྱུ་རྩལ་རིག་གནས་རིགས་སླར་གསོ་བྱས་ལུགས་ལ་སོགས།

རྒྱལ་སྤྱིའི་སྤྱི་ཚོགས་དང་བཙན་བྱོལ་བོད་མི་ཚོས་ཀྱང་དེའི་སྐོར་ནས་རྒྱ་ནག་གཞུང་ལ་སྐྱོན་འཛུགས་བྱས་དང་བྱེད་ཀྱིན་ཡོད་ལ། དེ་བཞིན་དུ་དངོས་ཡོད་དཔེ་མཚོན་མང་པོ་ཞིག་དྲངས་རྒྱུ་ཡོད་ཡོད་པ་རེད། ནམ་རྒྱུན་ཕྱོགས་གཉི་ཀའི་ལྟ་བ་མ་མཐུན་པའི་དབང་གིས་བསྡོམས་ཚིག་ཀྱང་རྦད་དེ་ཁ་ཁ་སོ་སོ་ཡིན།

བདག་གིས་བལྟས་ན། དེ་འདྲའི་ལམ་ནས་རིག་གཞུང་ཐད་རྩོད་པ་བྱས་ཚེ་དེ་ལ་ཕྱོགས་འཛོལ་གྱི་ཐལ་སྐྱོན་ཡོད་པར་འདོད། ཐོག་མར་མི་རིགས་རིག་གཞུང་ནི་མི་རིགས་ཞིག་གིས་རང་གི་ངོ་བོ་དང་ཁྱད་ཆོས་རང་གིས་གླེང་སློང་བྱེད་རྒྱུ་ལས་གཞན་གང་ཡང་མིན། གླེང་སློང་དེ་ནི་ལོ་རྒྱུས་བསྐྱར་གླེང་དང་སྲོལ་རྒྱུན་འཁྲབ་སྟོན་བྱེད་པ་ཙམ་མིན་པར། གལ་གནད་ཐུག་ས་དེ་ནི་མི་རིགས་རང་གི་དངོས་ཡོད་གནས་སྟངས་ལ་མྱོང་ཚོར་དང་། བསམ་གཞིག རེ་སྐུལ་བྱེད་རྒྱུ་བཅས་ཡིན། ལོ་རྒྱུས་དང་སྲོལ་རྒྱུན་སོགས་གང་ཞིག་གླེང་སློང་བྱེད་དུས། མི་རིགས་རང་སྟེང་གི་བྱུང་དང་འབྱུང་བཞིན་པའི་དངོས་ཡོད་གནས་ཚུལ་ཤར་སྟག་ཡིན་དགོས་པ་མ་ཟད། མི་རིགས་ཀྱི་དངོས་ཡོད་བསམ་བློའི་འདུ་ཤེས་དང་ཟུང་དུ་སྦྲེལ་ན། ད་གཟོད་རིག་གཞུང་དེ་རིག་གཞུང་གསོན་པོ་ཞིག་ཡིན། དེ་ལས་ལྡོག་ཚེ། མི་རིགས་ཀྱི་རང་ཉིད་བརླག་འགྲོ་ལ། དངོས་ཡོད་གནས་སྟངས་དང་ཡང་བྲལ་འགྲོ།  དེ་བཞིན་དུ་རིག་གཞུང་དེའང་ཨ་ལད་པེ་ཀོག་དང་ནང་དོན་སྟོངས་པའི་རིག་གཞུང་ཞིག་ཏུ་གྱུར་འགྲོ་ན། རིག་གཞུང་དེ་ཕྱིའི་རྣམ་པ་ཙམ་ལས་ཚེ་སྲོག་དང་ལྡན་པའི་རིག་གཞུང་ཞིག་ཡིན་མི་སྲིད།

དཔེར་ན། མི་རིགས་ཀྱི་ཡི་གེ་སོར་ཉར་ག་ཚོད་ཅིག་བྱས་ཡོད་ཀྱང་། མི་རིགས་ཀྱི་ཡི་གེས་མི་རིགས་ཀྱི་མྱོང་ཚོར་བཤད་མ་ཆོག་ཚེ། བཙན་རྒྱལ་དབང་བསྒྱུར་བའི་སྐད་ཆ་ལད་ཟློས་བྱེད་རྒྱུ་ལས་གདམ་ཀ་གཞན་མེད། དེ་ལྟ་བུའི་ཡི་གེ་ཞིག་ལ་དངོས་སུ་གནས་པའི་རིག་གཞུང་གི་དོན་སྙིང་ག་ཚོད་ཅིག་ཡོད་དམ། དེའི་སྟབས་ཀྱིས། མི་རིགས་རིག་གཞུང་ཞིག་སྲུང་སྐྱོབ་བྱས་ཡོད་མེད་གདང་འཇོག་བྱེད་སྐབས། ཚད་འཇལ་ས་དེ་སྲོལ་རྒྱུན་ག་ཚོད་ཅིག་ཉར་ཐུབ་ཡོད་མེད་ལ་རག་ལས་མེད་ལ། རོགས་དངུལ་ག་ཚོད་ཅིག་བྱིན་མིན་ལ་དེ་བས་ཀྱང་རག་ལས་མེད།

ངོས་དེ་ནས་བལྟས་ན། ད་གཟོད་རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་ལ་གཏོར་བཤིག་དང་བཙན་དབང་གིས་གནོན་ཐབས་འདུལ་ཐབས་ག་ཚོད་ཅིག་བྱས་ཡོད་མེད་གསལ་བོར་མཐོང་ཐུབ།

ལས་དོན་གཞན་དག་ག་ཚོད་ཅིག་བསྒྲུབས་མིན་ལ་མ་ལྟོས་པར། རྒྱ་ནག་གཞུང་གིས་བོད་མི་རིགས་རང་གིས་རང་ཉིད་ཀྱི་ལས་དབང་གླེང་སློང་བྱ་རྒྱུར་བཀག་བསྡོམས་ནན་མོ་བྱས་ཡོད། གླེང་སློང་ཡོད་ཚད་རྒྱ་ནག་གཞུང་གི་བཏང་འཛིན་འོག་སྤེལ་དགོས་ལ། ཚད་གཞི་ལས་བརྒལ་བ་ཐམས་ཅད་ལ་ཉེས་ཆད་གཅོད་རྐྱང་ཡིན། དཔེར་ན། བུད་མེད་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་དང་ཐོག་ལྷུག་རྩོམ་ཕྱོགས་བསྡུས་ཤིག་ཏུ་སྤྱི་ཚོགས་འཚོ་བའི་ཁྲོད་ཆོས་ལུགས་ཀྱི་ཕན་ཡོན་གླེང་སློང་དང་ཆབས་ཅིག  ༧སྤྱི་ནོར༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བཅངས་པའི་མི་ཕྱེད་དད་པ་སོགས་གླེང་པ་ཉེས་སྐྱོན་དུ་དྲངས་ནས། ཡང་ནས་ཡང་དུ་དག་ཐེར་བྱས་མཐར། ཁོང་མོ་གཏོགས་སའི་ལས་ཁུངས་བོད་ལྗོངས་རྩོམ་རིག་མཐུན་ཚོགས་ཀྱིས་ཁོང་མོའི་འཚོ་ཐབས་འཕྲོག་ནས་ལས་གནས་ནས་གནས་དབྱུང་བཏང་བའི་མ་ཚད། སྡོད་ཁང་གཞུང་བཞེས་བཏང་བ་དང་། འཕྲོད་བསྟེན་དང་རྒན་ཡོལ་ཁག་ཐེག་ཀྱང་མེད་པ་བཟོས་པ་རེད། དེའི་རྗེས་སུ་རྒྱ་ནག་དྲིལ་བསྒྲགས་ལྷན་ཁང་དང་གསར་འགྱུར་པར་སྐྲུན་ཁང་གིས་འོད་ཟེར་ལགས་ཀྱིས་རྒྱ་ནག་རྒྱལ་ཡོངས་སུ་བརྩམས་ཆོས་པར་སྐྲུན་དང་རྩོམ་ཡིག་སྤེལ་རྒྱུའི་ཐོབ་ཐང་བཙན་གྱིས་འཕྲོགས་པ་རེད།

རང་དབང་སྤྱི་ཚོགས་སུ་འཚོ་ཞིང་གནས་པའི་མི་རྣམས་སྨོས་མི་དགོས་ལ། ཐ་ན་རྒྱ་ནག་ནང་ལོགས་ཀྱི་རྒྱ་མི་རྣམས་ཀྱིས་ཀྱང་གོང་ཞུས་ཉེས་ཆད་དེ་བོད་མི་ཞིག་ལ་མཚོན་ན་ཅི་ཞིག་ལ་རག་ལས་ཡོད་པ་བློ་ཡུལ་ནས་རྟོགས་དཀའ། རྒྱ་ནག་ནང་ལོགས་སུ་སྤྱི་ཚོགས་གྲལ་རིམ་མི་འདྲ་བ་མང་པོ་ཞིག་ཆགས་ནས། གཞུང་གི་སྒྲིག་གཞིའི་ཕྱི་རོལ་དུ་འཕེལ་ས་རྒྱས་སའི་བར་སྟོང་ངེས་ཅན་ཞིག་གྲུབ་ཡོད། དེའི་སྟབས་ཀྱིས་མི་མང་པོ་ཞིག་གི་འཚོ་གནས་དང་འཕེལ་རྒྱས་གཞུང་གི་སྒྲིག་གཞི་ལ་བརྟེན་མི་དགོས། བོད་ཀྱི་སྤྱི་ཚོགས་སུ་དེ་ཡི་སྤྱི་ཚོགས་ཀྱི་དེང་རབས་ཅན་གྱི་དབང་གིས་སྣ་གཅིག་ཅན་ཡོད་ཚད་པེ་ཅིང་གི་ནོར་སྲིད་བསྙེན་བཀུར་ལམ་ལུགས་ལ་བརྟེན་དགོས་སྟབས། སྒྲིག་གཞི་དེ་དང་བྲལ་བའི་རྣམ་པ་ཞིག་བྱུང་ཐབས་བྲལ་ཞིང་། རང་དབང་རང་བྱུང་གི་རིག་གཞུང་ཁྲོམ་ར་ཞིག་དེ་བས་ཀྱང་ཆགས་ཐུབ་མེད། གནས་སྟངས་དེའི་དབང་གིས། གྲྭ་བཙུན་ཕུད་པའི་རིག་གནས་པ་དང་ཤེས་ལྡན་མི་སྣ་ཕལ་མོ་ཆེ་རྒྱ་ནག་གཞུང་གི་སྒྲིག་ཁོངས་སུ་བཅུགས་ཡོད། བཤད་སྟངས་གཞན་ཞིག་གིས་བཤད་ན། སྒྲིག་ཁོངས་སུ་འཛུལ་ན་ད་གཟོད་རིག་གནས་པར་གྱུར་སྲིད་པ་ལྟ་བུ་རེད་ལ། དེ་ལས་འདས་ན་འཚོ་ཐབས་གནས་ཐབས་ལའང་ཁག་ཐེག་རྩ་བ་ཉིད་ནས་མེད། རྒྱ་ནག་དེང་གཞུང་གིས་འོད་ཟེར་ལགས་ལ་ཉེས་ཆད་བཅད་པ་དེ་ནི་ར་བསད་ལུག་འདར་ལྟ་བུའི་གཅིག་བསད་ཀུན་འདུལ་གྱི་ཆོ་འཕྲུལ་ཞིག་ཡིན།

དེ་སྔ་བདག་གིས་བསམ་ཤེས་བྱེད་ཐབས་བྲལ་བ་ཞིག་ནི། དེ་སྔའི་ཨུ་རུ་སུ་དང་། ཡོ་རོབ་ཤར་མ། དེང་གི་རྒྱ་ནག་བཅས་ཚང་མར་ལྟ་སྤྱོད་མི་མཐུན་པའི་ཐུན་མོང་ཤེས་ལྡན་མི་སྣ་ཟེར་བ་ཞིག་འདུག ཡིན་ན་ཡང་། བོད་མི་རིགས་ཀྱི་མྱངས་པའི་དཀའ་སྡུག རྒྱལ་སྤྱིའི་སྤྱི་ཚོགས་སུ་ཐོབ་པའི་རྒྱབ་སྐྱོར། ཀུན་ལས་རྣམ་པར་རྒྱལ་བའི་བསམ་པའི་དབུ་ཁྲིད་བཅས་གཞན་ལས་ལྷག་པའི་ཁྱད་ཆོས་འཛོམས་ན་ཡང་། གཞི་རིམ་དམངས་ཁྲོད་དང་གྲྭ་བཙུན་གྱི་གྲལ་རིམ་དེ་ཕུད། དུས་ཡུན་རིང་པོར་ས་གནས་ས་ཐོག་གི་ལྟ་སྤྱོད་མི་མཐུན་པའི་ཐུན་མོང་ཤེས་ལྡན་མི་སྣ་བྱུང་མེད། རྒྱུ་མཚན་གལ་ཆེ་ཤོས་ཤིག་ནི་བོད་ཀྱི་ཤེས་ལྡན་མི་སྣར་སྒྲིག་ཁོངས་མ་ཡིན་པའི་འཚོ་གནས་ཀྱི་བར་སྟོང་ཞིག་ཐོབ་མེད་པས་རེད་ལ། སྒྲིག་གཞི་དེར་དེ་ཚོ་གསོད་གསོན་འཕྲོག་སྟེར་གྱི་ཟིལ་ཤུགས་ལྡན་པས་ཀྱང་རེད།

བོད་ཁུལ་ན་ལག་ལེན་དུ་བསྟར་གྱིན་པའི་རིག་གནས་པ་ཡོད་ཚད་ལ་དམིགས་བསལ་བྱས་པའི་བསྙེན་བཀུར་གྱི་ལམ་ལུགས་དེ་ནི། རིག་གནས་པ་ཡོད་ཚད་དོ་དམ་བྱེད་པའི་ལམ་ལུགས་ཤིག་རེད། རིག་གནས་པ་སྒྲིག་གཞིའི་བཅིངས་པ་ལས་དགྲོལ་མ་ནུས་ཚེ། ལམ་ལུགས་ལ་སྐྱོན་བརྗོད་དང་ངོ་རྒོལ་བྱེད་ག་ལ་ཕོད། རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་བཙན་དབང་གི་འདུལ་ཐབས་གཙོ་བོ་ཞིག་ནི་སྒྲིག་གཞི་སྤྱད་ནས་རིག་གནས་པ་བཏང་འཛིན་བྱེད་པ་དང་། མི་རིགས་ཀྱི་མྱོང་ཚོར་ངོ་མ་གླེང་སློང་བྱེད་རྒྱུ་བཙན་གྱིས་བཀག་དང་འགོག་བཞིན་པ་བཅས་ཡིན།

བོད་ཀྱི་རིག་གནས་པའི་ཚོགས་ལ་མངའ་བའི་ཆོག་མཆན་མི་དགོས་པའི་ཐོབ་ཐང་གཅིག་ཁོ་ན་དེ་ནི། ནེ་ཙོའི་ཁ་འདོན་ལྟ་བུའི་བཙན་རྒྱལ་དབང་བསྒྱུར་བའི་སྐད་ཆ་ལད་ཟློས་བྱེད་རྒྱུ་དེའོ།