ཀུའོ་ཝེན་ཀུས:ཡོད་ཚད་ཚང་མ་ད་ལྟ་གཞི་ནས་འགོ་ཚུགས་པ་རེད།

billionaire-businessman-guo-wengui-speaks-interview-new-york.
སྐུ་ཞབས་ཀུའོ་ཝེན་ཀུས།

སྤྱང་དར་མ་རྙི་ལས་ཤོར་འདྲའི་རྟ་རྒོད་རུ་ཤོར་ཀུའོ་ཝེན་ཀུས་ཀྱི་ལྐོག་མཚང་རྗེན་འབྱིན་གྱི་བྱ་སྤྱོད་དེ་འགོག་སླད། རྒྱ་ནག་གཞུང་གིས་ཞི་དྲག་གཉིས་ཀས། མངོན་ལྐོག་གཉིས་ཀས། ཕྱི་ནང་གཉིས་ཀས་ཐབས་ཤེས་ཡོད་རྒུ་འཐེན་ཡང་ད་བར་དུ་ཁོག་མེད་ལ། ཀུའོ་ཝེན་ཀུས་ཀྱི་ངང་ཚུལ་ལ་གཞིགས་ན། ཏང་གི་ཚོགས་ཆེན ༡༩ བའི་སྔོན་དུ་ཕལ་ཆེར་ཁོག་དཀའ་བ་འདྲ། ཚོགས་ཆེན ༡༩ པ་དེ་ད་ལོའི་སྤྱི་ཟླ ༩ བའི་ནང་འཚོགས་གཏན་ཁེལ་ཡོད་པ་དང་། ཀུའོ་ཝེན་ཀུས་ཀྱིས་སྤྱི་ཟླ ༨ པའི་ནང་རྒྱལ་སྤྱིའི་གསར་འགོད་གསལ་བསྒྲགས་ཆེན་མོ་འཚོགས་རྒྱུ་ཡིན་པ་གཏན་ཁེལ་དང་གསལ་བསྒྲགས་བྱས་ཟིན་པ་རེད།ལྐོག་གྱུར་ཕྱུག་བདག་ཀུའོ་ཝེན་ཀྱིས་སྤྱི་ཚོགས་སྨྱན་བྱད་བརྒྱུད་ནས་རྒྱ་ནག་དམར་གཞུང་གི་མཐོ་རིམ་དབུ་ཁྲིད་སྐོར་ཞིག་གི་ལྐོག་མཚང་བར་མེད་དུ་རྗེན་པར་ཕྱུང་དང་འབྱིན་གྱིན་པ་དེ། ཏང་གི་ཚོགས་ཆེན ༡༩ བའི་སྔོན་རྒྱ་ཡིག་སྨྱན་བྱད་གླིང་གི་དོ་སྣང་བྱེད་ཡུལ་ཆེ་ཤོས་སུ་གྱུར་ཡོད་ལ། ཀུའོ་ཝེན་ཀུས་རང་ཉིད་ཀྱི་བཤད་སྟངས་ལྟར་ན། རྒྱ་ནག་ནང་ལོགས་ཀྱི་ཇ་ཁ་ཆང་ཁའི་བརྗོད་གཞི་ཁོ་ན་རུའང་གྱུར་ཡོད་འདུག

ཀུའོ་ཝེན་ཀུས་དོན་རྐྱེན་དེ་ཧ་ཅང་གི་དམིགས་བསལ་བ་ཞིག་ཡིན་པས། རྒྱ་ནག་པའི་བྱུང་རབས་སུ་དོ་ཟླ་ཞིག་ཕལ་ཆེར་རྙེད་ཁག་པོ་རེད།

ད་ལྟའི་བར་དུ། ཀུའོ་ཝེན་ཀུས་ཀྱི་ལྐོག་མཚང་རྗེན་འབྱིན་དེ་བཅར་འདྲིའི་ཁར་ཁེར་ལབ་བསྣན་པའི་དུས་ཡུན་ཆུ་ཚོད་བརྒྱ་ལས་བརྒལ་ཡོད།

ཀུའོ་ཝེན་ཀུས་མི་རྣམས་པའི་མཐོང་ལམ་དུ་གློ་བུར་ངང་ཐོན་པ་དེས།  ལོ་རབས ༨༠ ནས་ད་ལྟའི་བར་རྒྱ་ནག་གི་ཡ་མ་གཟུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་མ་དཔེ་སྣ་ཚོགས་དང་། འདས་པའི་ལོ་ངོ ༣༠འི་རིང་རྒྱ་ནག་ཀྲུང་ཡོན་ས་ཆེན་འཕྲད་ཀྱིས་བཅད་པའི་ཆབ་སྲིད་དང་། དབང་ཆ། སྒོར་མོ། ཆགས་སྲེད་བཅས་ཀྱིས་རྒྱ་ནག་གི་སྤྱི་བདེ་དང་ཞིབ་བཤེར། ཁྲིམས་ཁང་། རྒྱལ་སྲུང་མ་ལག ཕྱི་རྒྱལ་གསང་མྱུལ་མ་ལག་སོགས་ལ་ཕྲེང་ཐག་བཞིན་བརྒྱུས་ཡོད་པ་གསལ་བོར་མཐོང་ཐུབ་ལ། རྙོག་འཛིང་ཆེ་བའི་རྒྱབ་ལྗོངས་དེའི་འོག་མཚར་ལོངས་བྱུང་བ་གང་ཞིག་ལ། ད་གཟོད་ཀུའོ་ཝེན་ཀུས་ཀྱི་ཕྱི་རོལ་རྒྱ་རིགས་སྤྱི་ཚོགས་དང་། རྒྱ་ནག་ནང་ཁུལ་གྱི་མང་ཚོགས། ད་དུང་རྒྱལ་ཕྱིའི་སྨྱན་བྱད་ཚོགས་ལ་བྱུང་རབས་རྒྱས་བཤད་ཆེན་མོ་འདི་བྱུང་བ་རེད།

ཀུའོ་ཝེན་ཀུས་ཀྱིས་མཚམས་མཚམས་སུ་ཐ་རེ་ཐོ་རེ། མགོ་རྔ་མི་མཚུངས་པ། གཏན་ཚིགས་ཆོས་ཉིད་དང་འགལ་བ་ཡང་བཤད་ཀྱིན་ཡོད་ཀྱང་། ད་བར་གྱི་ལྐོག་མཚང་རྗེན་འབྱིན་དེ་ཤེལ་སྒོ་ཟུར་གསུམ་མ་ཞིག་དང་མཚུངས་པར། མི་རྣམས་པས་ཤེས་དཀའ་བའི་རྒྱ་ནག་གི་ཆབ་སྲིད་དང་དཔལ་འབྱོར་གྱི་གནས་སྟངས་དང་། ཐ་ན་བློ་ཡུལ་ལ་ཤར་དཀའ་བའི་དངོས་ཡོད་གནས་སྟངས་ཀྱང་འཇིག་རྟེན་ཉི་མའི་འོག་བཤམས་ཡོད།

དབང་ཆ་དང་སྒོར་མོས་ཡོད་ཚད་ལ་ཁ་ལོ་བསྒྱུར་བའི་སྤྱི་ཚོགས་ཤིག་ཏུ། ཨ་སྒོར་དུང་ཕྱུར་ཁྲི་སྟོང་གི་བདག་པོར་གྱུར་བའི་ཕྱུག་ཆེན་གཏེར་ནག་ཅིག་གློ་བུར་དུ་ཁྲིམས་སྐྱོང་དང་རང་དབང་གི་འཐབ་རྩོད་པར་གྱུར་བ་དེ། རྒྱ་ནག་པའི་གཤིས་རྒྱུད་དང་རྦད་དེ་ཁ་ཁ་ཡིན་པས། ཀུའོ་ཝེན་ཀུས་ཀྱིས་ཁོང་གི་ཁྲག་རྒྱུད་ན་བོད་པའི་ཁྲག་ཡོད་ལུགས་བཤད་པ་དེའང་བདེན་པའི་ཆ་ཏིལ་ཞིག་ཡོད་ཤས་ཆེ།

སྤྱི་ཚོགས་འབྲེལ་འདྲིས་སྨྱན་བྱད་བརྒྱུད་ཐད་ཀར་གཞི་རིམ་མང་ཚོགས་དང་འབྲེལ་བ་བྱེད་པ་དང་། སྨྱན་བྱད་གཙོ་གྲས་ལ་ཡིད་ཆེས་མི་བྱེད་པའི་ཐད་ནས་བཤད་ན། ཀུའོ་ཝེན་ཀུས་དང་ཨ་རིའི་སྲིད་འཛིན་དགྲ་ནོན་ཁྲོ་འབར་གཉིས་ལ་འདྲ་བའི་ཆ་ཅུང་ཞིག་ཡོད། དེ་ནི་རང་ཉིད་ཀྱི་སྐད་གདངས་མང་ཚོགས་ཀྱི་སྙན་སྒོར་མ་སླེབས་གོང་རྩོམ་སྒྲིག་གིས་བཅད་འཕྲི་དང་བར་ཆད་མི་ཡོང་རྒྱུའི་སླད་དུ་དྲྭ་རྒྱའི་བརྙན་མིག་བཀོལ་ནས་ཐད་ཀར་རྒྱང་སྲིང་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཡོད། སྲིད་འཛིན་གདམ་རྩོད་སྐབས་ཀྱི་དགྲ་ནོན་ཁྲོ་འབར་ནང་བཞིན། ཊི་ཝི་ཊེར(Twitter推特)གྱི་དུས་ཐོག་རང་བཞིན་དང་ཐད་ཀར་རང་བཞིན་གྱིས་ཀུའོ་ཝེན་ཀུས་ལའང་རྗེས་འབྲང་བ་མོད་པོ་རག་ཡོད། ད་ལོའི་བསྟོད་ནས་ཀུའོ་ཝེན་ཀུས་ཀྱིས་དྲྭ་རྒྱའི་བརྙན་མིག་བརྒྱུད་ལྐོག་མཚང་རྗེན་འབྱིན་བྱས་པ་ནས་བཟུང་། ཀུའོ་ཝེན་ཀུས་རྗེས་འབྲང་བ་འབུམ་འགའ་ཅན་གྱི “དྲྭ་རྒྱའི་སྤྱན་གསལ” དུ་གྱུར་བ་རེད།

ཀུའོ་ཝེན་ཀུས་རྒྱ་ནག་དང་ཁ་བྲལ་ནས་ལོ་གཉིས་ཀྱི་རྗེས་སུ། དྲྭ་ལམ་ནས་རྒྱ་ནག་གི་དབུ་ཁྲིད་མཐོ་གྲས་འགའི་ལྐོག་ཟ་རུལ་སུངས་ཀྱིས་གཙོས་པའི་ལྐོག་མཚང་རྗེན་འབྱིན་བྱེད་པའི་མགོ་བརྩམས་ནས་གོ་ལའི་ནུབ་ངོས་ནས་ཤར་ངོས་ཀྱི་རྒྱ་ནག་དེང་གཞུང་དང་དཔའ་སྐད་རྒྱག་རེས་བྱས་པ་རེད། རྒྱ་ནག་དེང་གཞུང་གི་ཆབ་སྲིད་དང་ཁྲིམས་ལུགས། དབང་ཤེད་ལ་གཡོལ་བ་དེ་ཀུའོ་ཝེན་ཀུས་ཀྱི་རྒྱལ་ཁ་ཞིག་ལ་ངོས་འཛིན་བྱ་རུང་ཞིང། རང་ཉིད་ཀྱི་དྲྭ་རྒྱའི་བརྒྱུད་ལམ་དང་ལྐོག་མཚང་རྗེན་འབྱིན་གྱི་ལམ་ཀ་ཞིག་ཡོད་པའི་དབང་གིས། ཀུའོ་ཝེན་ཀུས་ཀྱིས་རྒྱ་ནག་ལས་བྱུང་བའི་སྲིད་ཁྲིམས་གཏུག་བཤེར་རིགས་གླེང་ཕྱོགས་དང་ལྟ་སྐུལ་འོག་བཤམས་པ་རེད།

ཀུའོ་ཝེན་ཀུས་ཀྱིས་བར་མེད་དུ་ལྐོག་མཚང་རྗེན་པར་འབྱིན་པ་དང་དུས་མཉམ་དུ། པེ་ཅིང་གིས་ཀྱང་ཀུའོ་ཝེན་ཀུས་ལ་ཁྲིམས་ལུགས་བརྒྱུད་ནས་གནོན་ཤུགས་སྤྲོད་གང་ཐུབ་བྱས་དང་བྱེད་ཀྱིན་ཡོད། རྒྱ་ནག་ཞིབ་བཤེར་སྡེ་ཚན་གྱིས་རྒྱ་ནག་ན་ཡོད་པའི་ཀུའོ་ཝེན་ཀུས་ཀྱི་ལས་ཁུངས་འགའི་འགོ་ཁྲིད་འགའ་ལ་ཁྲིམས་ཆད་བཅད་ཡོད་ལ། དེ་མིན་ད་དུང་། རྒྱ་ནག་ཧེ་ནན་མཁའ་སྐྱོད་ཁེ་གཉེར་ལས་ཁང་(海航)དང་། ས་ཞིང་ཚོང་ལས་པ་ཕན་ཧྲི་ཡས(潘石屹)དང༼   ནོར་དཔལ༽   དྲྭ་ཚིགས(财经网)ཀྱི་བདག་མོ་ལྕམ་ཧུའོ་ཧྲུའོ་ལེ(胡舒立)བཅས་ཀྱིས་ཨ་རིའི་ནིའུ་ཡོག་མངའ་སྡེ་རུ་ཀུའོ་ཝེན་ཀུས་ཁྲིམས་ལ་གཏུགས་པ་མ་ཟད། གཞན་རྒྱ་ནག་གི་ཁེ་ལས་ཁང་དགུ་ཡིས་ཀུའོ་ཝེན་ཀུས་ཀྱིས་ཁོང་ཚོར་ལོ་མང་རིང་ཆད་པའི་བུ་ལོན་སྤྲོད་དགོས་ལུགས་བཤད་ནས་ཁྲིམས་ལ་གཏུགས་ཡོད་པ་རེད།

སྤྱི་ཟླ ༦ ཚེས ༡༦ཉིན། རྒྱ་ནག་ཏཱ་ལིན་གྲོང་ཁྱེར་གྱི་ཁྲིམས་ཁང་ཞིག་གིས་ཀུའོ་ཝེན་ཀུས་ཀྱི་པེ་ཅིན་ན་ཡོད་པའི་ཕན་ཀུ་ཧྲི(盘古氏)ཁེ་གཉེར་ལས་ཁང་གི་འགོ་ཁྲིད་དང་ལས་བྱེད་པ་བཅས་མི་གསུམ་ལ་ཁྲིམས་ཆད་བཅད་ཡོད་པ་དང་། དེ་ཡང་རྒྱ་ནག་གཞུང་འབྲེལ་སྨྱན་བྱད་ཞིན་ཧྭའི་གནས་ཚུལ་ལྟར་ན། ཀུའོ་ཝེན་ཀུས་ཀྱིས་རྒྱ་སྒོར་དུང་ཕྱུར་བཞི་སྤྱོད་སྒོ་གཞན་གཏོང་བྱས་པ་མ་ཟད། ད་དུང་ཡིག་ཆ་རྫུན་བཟོ་བྱས་ལུགས་ཉེས་མིང་བཙུགས་འདུག

ཉི་མ་དེ་ག་རང་ལ། རྒྱ་ནག་ཁེ་ཧྥིན་ཞིབ་བཤེར་ལས་ཁང་གིས་ཀུའོ་ཝེན་ཀུས་ཀྱི་ཡུའུ་ཏཱ(裕达)རྒྱལ་སྤྱིའི་ཉོ་ཚོང་ཐོག་ཁང་གི་འགན་ཁུར་བ་ཁྲིམས་ལ་གཏུགས་ནས། ཡུའུ་ཏཱ་ཡི་ལས་བྱེད་པས་བུ་ལོན་གཡོ་ལེན་བྱས་པའི་ཉེས་མིང་བཙུགས་ནས་ཀུའོ་ཝེན་ཀུས་རྒྱ་སྒོར་ཐེར་འབུམ་ཆེ་མོ་གཅིག་དང་དུང་ཕྱུར་ལྔ་དང་འབྲེལ་བ་ཆགས་འདུག

གོང་ཞུས་རྒྱ་ནག་གཞུང་གི་བྱ་སྤྱོད་དེའི་ཐད། ཀུའོ་ཝེན་ཀུས་ཀྱིས་ཟླ ༦ ཚེས ༡༦ ཉིན་གྱི་མེན་ཅིན(明镜)བརྙན་འཕྲིན་ཁང་གི་བཅར་འདྲི་ཐེངས་གསུམ་པའི་སྐབས། གོང་དུ་ཞུས་པའི་ཁྲིམས་འཛིན་གྱི་གཏུག་བཤེར་དེ་དག་ནི་རྒྱ་ནག་གཞུང་གིས་ངའི་ཁ་གཅོད་ཐབས་སུ་དམིགས་པ་ཤར་སྟག་རེད་ཅེས་བརྗོད་འདུག

གོང་ཞུས་ཚེས ༡༦ ཉིན་སྤེལ་བའི་ལྐོག་མཚང་རྗེན་འབྱིན་ཐེངས་གསུམ་པའི་སྐབས་སུ། ཀུའོ་ཝེན་ཀུས་ཀྱིས་རྒྱ་ནག་གི་ཆབ་སྲིད་རྒྱུན་ལས་དང་རུལ་སུངས་རྡུང་རྡེག་ལས་འགུལ་གྱི་འགན་ཁུར་གཙོ་བོ་འཁུར་མཁན་ཝང་ཆེས་ཧྲན(王岐山)གྱི་བཟའ་ཟླ་ཡའོ་མེ་ཧྲན(姚明珊)ཨ་རིའི་མི་སེར་ཡིན་པ་བདེན་དཔང་བྱས་ཡོད་པ་དང་། དེ་ཡང་ཡའོ་མེན་ཧྲན་གྱི་ཨ་རིའི་ཕྱི་སྐྱོད་ལམ་ཡིག་གི་ཨང་གྲངས་དང་། སྤྱི་ཚོགས་བདེ་འཇགས་ཁཱ་ཡི་ཨང་གྲངས། སྡོད་གནས་ཀྱི་ཁ་བྱང་སོགས་ཡོངས་ཁྱབ་དུ་བསྒྲགས་ནས། ཝང་ཆེས་ཧྲན་ནི་རྒྱ་ནག་མཐོ་རིམ་དཔོན་རིགས་ཁྲོད་ཀྱི་དཔོན་པོ་ཧྲེང་པོའམ་སྒྲེན་དཔོན(裸官)ཆེ་ཤོས་དེ་ཡིན་པ་ར་སྤྲོད་བྱས་འདུག

Wang+Qishan+NVFdbOb4O_Om.jpg
ཝང་ཆིས་ཧྲན།

སྤྱི་ཟླ ༤ ཚེས ༡༩ ཉིན་སྤེལ་བའི་མཚམས་ཆད་པའི་ཨ་རི་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱི་ཐད་གཏོང་བཅར་འདྲིའི་སྐབས། ཀུའོ་ཝེན་ཀུས་ཀྱིས་སྐད་གདངས་བསྒྱུར་ཟིན་པའི་ཁ་པར་ཁ་བརྡའི་སྐད་ཅིག་དཔང་རྟགས་སུ་བཏོན་ནས་རྒྱ་ནག་གི་ཆེས་མཐོའི་དབུ་ཁྲིད་ཞི་ཅིན་ཕེང་དང་ཆབ་སྲིད་རྒྱུན་ལས་ཝང་ཆིས་ཧྲན་གཉིས་བར་འགལ་ཟླ་ཡོད་པའི་མཐོ་རིམ་ཆབ་སྲིད་ནང་ཚུལ་ཐེར་འདོན་བྱས་ཡོད་པ་རེད།

མེན་ཅིན་བརྙན་འཕྲིན་གྱི་བཅར་འདྲི་ཐེངས་གསུམ་པ་སྟེ། སྤྱི་ཟླ ༦ ཚེས ༡༦ ཉིན་གྱི་ལྐོག་མཚང་རྗེན་པར་འབྱིན་པའི་དུས་ཡུན་ཆུ་ཚོད་བཞི་ལྷག་གི་ལས་རིམ་ཁྲོད། ཀུའོ་ཝེན་ཀུས་ཀྱིས་རྒྱ་ནག་གི་ད་ལྟའི་དར་རྒྱས་དང་འཕེལ་རྒྱས་ཡོད་ཚད་ཅང་ཙི་མེན་དང་ཙིན་ཆིན་ཧོང་གི་ཡང་དག་པའི་དབུ་ཁྲིད་ལས་བྱུང་ལུགས་བཤད་ནས་ཅང་དང་ཙིན་གཉིས་ནི་རླབས་ཆེན་གྱི་ཆབ་སྲིད་པ་ཟུང་ཞེས་འུད་བསྟོད་བྱས་འདུག

ཀུའོ་ཝེན་ཀུས་ཀྱིས་ཅང་ཙི་མེན་ལ་བསྟོད་བསྔགས་བྱེད་སྟངས་ལས། མི་མང་པོས་ཀུའི་ཝེན་ཀུའི་ཡི་རྒྱབ་ཀྱི་འགོ་ཁྲིད་རྒན་པ་ཟེར་བའི་རྒྱབ་རྟེན་དེ་ཅང་ཙི་མེན་ཡིན་པར་འདོད་ཡོད། དེ་དང་ཆབས་ཅིག ཀུའོ་ཝེན་ཀུས་ཀྱིས་རྒྱ་མཚོའི་ཕ་རོལ་ནས་རྒྱ་གཞུང་གི་ལས་ཐོགས་མཐོ་རིམ་དཔོན་རིགས་ཁག་ཅིག་གི་རུལ་སུངས་ལྐོག་མཚང་རིགས་རྗེན་འབྱིན་ཐེར་འདོན་བྱེད་དོན་ནི་ཅང་ཚོགས་ཕྱོགས་གཏོགས་ཀྱིས་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཝང་ཆིས་ཧྲན་ལ་ཕར་རྒོལ་གྱི་ཆེད་དུ་ཡིན་ལ། དེ་འདྲའི་ཐབས་ལམ་ལ་བརྟེན་ནས་ཏང་གི་ཚོགས་ཆེན ༡༩ བའི་མི་དོན་བརྗེ་སྤོར་དང་བསྐོ་འཇོག་ལ་ཤུགས་རྐྱེན་ཐེབས་ཐབས་སུ་དམིགས་པར་ངོས་འཛིན་བྱ་ཆོག

ཀུའོ་ཝེན་ཀུས་ཀྱིས་ཅང་ཙི་མེན་གྱིས་ཆབ་སྲིད་སྐྱོང་དུས་སུ་དེང་གི་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་བཙུགས་ཚུལ་བསྟོད་བསྔགས་བྱས་ཡོད་མོད། འོན་ཀྱང་། ཅང་ཙི་མེན་སྲིད་འཛིན་ཡིན་པའི་སྐབས་ཀྱི་སྲིད་བློན་ཀྲུའུ་རོང་ཅི་ནི“ཀྲའོ་ཀོ་དང་ལའེ་སི” ལྟ་བུའི་མི་སྣ་ཡིན་པ་དང་། རྒྱ་ནག་གི་དངུལ་རྩ་རུལ་སུངས་ཀྱི་སྲོལ་ངན་ཐོག་མར་གཏོད་མཁན་དང་། མི་དམངས་མགོ་གཡོག་མགོ་སྐོར་གཏོང་མཁན་སྤྱོད་གཙང་དུ་བརྫུས་པའི་དཔོན་ངན་དེ་ཡིན་ཞེས་ཚིག་རྩུབ་ཁ་རྡུང་བཏང་འདུག

དེ་སྔ་ཨ་རི་དང་དབྱིན་ཇིའི་སྨྱན་བྱད་ཁག་གིས་ཀྱང་ཝང་ཆིས་ཧྲན་ནི་ཀྲུའུ་རོང་ཅི་ཡི་བློ་འགེལ་ཡིད་ཆེས་བྱེད་སའི་མི་ཞིག་ཡིན་ཚུལ་གནས་ཚུལ་སྤེལ་མྱོང་ཡོད།

ཝང་ཆིས་ཧྲན་གྱིས་སྔོན་ཆད་ཀྲུའུ་རོང་ཅི་ཡིས་གསོ་སྐྱོང་སྐྱེད་བསྲིང་བྱས་པར་ཚུར་གསོལ་ཇ་ཕར་འོ་མའི་ཚུལ་གྱིས་དྲིན་ལན་འཇལ་ཡོད་ལ། དེ་ཡང་ཀྲུའུ་རོང་ཅི་ཡི་བུ་ཀྲུའུ་ཡུན་ལའེ་རྒྱ་ནག་གི་དངུལ་རྩ་ལས་རིགས་ཁྲོད་གོ་ས་མཐོན་པོ་སྤྲད་ཡོད་པ་རེད།

ཞི་ཅིན་ཕེང་གིས་རྒྱ་ནག་གི་སྲིད་དབང་བཟུང་རྗེས། ཤེད་ཤུགས་ཆེན་པོས་ཆོད་སེམས་ཆེན་པོས་བློ་སྤོབས་ཆེན་པོས་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གི་ལས་འགུལ་སྤེལ་པར། མི་རྣམས་པས་ཤོག་ཁག་གཞན་དག་དང་ལྟ་སྤྱོད་མི་མཐུན་པ་ཚོ་གཙང་སེལ་གྱི་ཆབ་སྲིད་འཐབ་རྩོད་ཡིན་ལུགས་ལྟ་ཚུལ་བཟུང་ཡོད་མོད། འོན་ཀྱང་། ཐོབ་གོ་ས་ཅན་གྱི་སྟག་རྒན་ཚོ་གོ་ས་ནས་རེ་རེ་བཞིན་ཕབ་ནས་བཙོན་ཁང་ནང་ཁྲོགས་སེ་བཅུགས་དུས་རྒྱ་ནག་མི་དམངས་ཀྱིས་ཞི་ཏཱ་ཏཱ༼   བྱང་ཁུལ་རྒྱ་རིགས་ཚོས་ཨ་ཕ་ལ་ཏཱ་ཏཱ་ཞེས་འབོད་སྲོལ་ཡོད༽  ཞེས་རྒྱབ་སྐྱོར་དང་ཡིད་ཆེས་མི་དམན་པ་བྱས་ཡོད་ལ། གཡོན་ཕྱོགས་པ་ཚོས་ཀྱང་ཞི་ཅིན་ཕེང་གིས་རུལ་སུངས་ལ་རྒོལ་རྡུང་བརྒྱུད་ནས་གུང་ཁྲན་ཏང་ནང་ཁུལ་དག་ཐེར་དང་ཏང་གི་གོ་ས་ཇེ་བརྟན་དུ་གཏོང་རྒྱུའི་རེ་བ་བཅངས་ཡོད།

ཡིན་ན་ཡང་། ཀུའོ་ཝེན་ཀུས་ཀྱིས་ཞི་ཅིན་ཕེང་དང་ཝང་ཆིས་ཧྲན་གྱི་འགལ་ཟླ་ཐེར་འདོན་དང་། ལྷག་པར་དུ་ཝང་ཆིས་ཧྲན་ཁྱིམ་རྒྱུད་ཀྱིས་མ་རྩ་དུང་ཕྱུར་ཁྲི ༢༠ གནས་པའི་རྒྱུ་ནོར་ལ་བཏང་འཛིན་བྱས་ཡོད་པའི་ལྐོག་མཚང་ཐེར་འདོན་བྱས་སྟབས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུ་ཞི་ཅིན་ཕེང་གིས་བློ་གཤོགས་ཆེན་པོས་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གི་ལས་འགུལ་སྤེལ་ནས་ཐོབ་པའི་མང་ཚོགས་ཀྱི་རྒྱབ་སྐྱོར་དང་ཡིད་ཆེས་ལ་བརྡབས་སིགས་ཐེབས་ཡོད། དེའི་སྟབས་ཀྱིས། ཀུའོ་ཝེན་ཀུས་ཀྱིས“ཀུའི་ཡི་དོན་ཚན་བདུན”ཞེས་པར་ཡང་དང་བསྐྱར་དུ་ཞི་ཅིན་ཕེང་ཀྲུའུ་ཞི་ལ་རྒྱབ་སྐྱོར་ཡོད་མདོག་བསྟན་ཡང་། རྒྱ་ནག་དམར་གཞུང་གི་མཐོ་རིམ་དབུ་ཁྲིད་ཚོའི་བགྲང་བྱ་ལས་འདས་པའི་ལྐོག་ཟ་ལྐོག་ལེན་དང་རྒྱལ་འཚོང་གི་ངོ་བོ་རྗེན་པར་ཐེར་འདོན་བྱས་པ་དག་གིས་རྒྱ་ནག་སྒྲིག་གཞིའི་རྩིས་འགྲོའི་རང་བཞིན་ལ་དོགས་པ་མི་སྐྱེ་རང་སྐྱེ་ཡིན།

རྒྱ་ནག་གི་སྲོག་རྩའི་གསང་མིག་དཔལ་འབྱོར་ཡིན་པ་ལས་ཆབ་སྲིད་མིན། མ་མཐའ་ཡང་ཏེང་ཞོ་ཕེང་གི་བཅོས་བསྒྱུར་སྒོ་འབྱེད་ནས་བཟུང་རྒྱ་ནག་དམར་གཞུང་གི་ཀྲུང་ཡོན་ས་ཆེན་ལ་དབང་བསྒྱུར་བའི་རྨང་གཞི་དེ་འདུ་ཤེས་འཛིན་སྟངས་མིན་ལ། དཔལ་འབྱོར་དང་ཁེ་ཕན་བསྐྲུན་ཐུབ་མིན་ལ་ཐུག་ཡོད། དེའི་སྟབས་ཀྱིས། རྒྱ་དམར་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་ཚོ་ནི། གུང་ཁྲན་ཏང་ངོ་མ་ཞིག་ཡིན་མིན་དང་། རང་དབང་དམངས་གཙོ་ཡོད་མེད་ལ་དོ་སྣང་ཡེ་ནས་མེད་པའི།  ཁེ་ཕན་དང་བདེ་འཇགས་ལས་གཞན་ཐོབ་ཐང་དང་ཆེ་མཐོང་སོགས་ཅི་ཡང་མི་བསམ་པའི་ཁྱད་མཚར་བའི་སྲོག་ཆགས་ཚོགས་ཤིག་ཏུ་གྱུར་ཡོད།

དེ་བས་ན། རྒྱ་ནག་དམངས་གཙོ་མིན་ལུགས་དང་ཁྲིམས་སྲིད་མིན་ལུགས་ག་ཚོད་ཅིག་བཤད་ཀྱང་ནུས་པ་ཆེར་ཐོན་མེད་པ་ལྟ་བུ་རེད། དེ་ལས་ལྡོག་དེ་ཀུའོ་ཝེན་ཀུས་ཀྱིས་དཔལ་འབྱོར་ཐད་ཀྱི་རུལ་སུངས་རིགས་རྗེན་པར་ཐེར་འདོན་བྱས་དུས། དེ་རྒྱ་ནག་དེང་གཞུང་གི་སྲོག་རྩའི་གསང་མིག་ལ་ཐུག་ཡོད་པ་གདོན་མི་ཟ།

ཀུའོ་ཝེན་ཀུས་ཀྱིས་གལ་ཏེ་རྒྱལ་འཚོང་བྱ་སྤྱོད་མཚམས་མ་ཆོད་ཚེ། ཐོའུ་ནེ་སི་ལྟ་བུའི་ཁ་དོག་གསར་བརྗེ(突尼斯的颜色革命)ལངས་མི་སྲིད་པ་མིན་ཚུལ་ཉེན་བརྡ་བཏང་ཡོད་མོད། འོན་ཀྱང་ཀུའོ་ཝེན་ཀུས་རང་ཉིད་ལ་རྒྱལ་རབས་སྒྱུར་ཞིང་མི་རབས་བརྗེ་བའི་གསར་བརྗེ་ལས་འགུལ་སྤེལ་རྒྱུར་མོས་པ་མེད་པ་འདྲ། ཁོང་གིས་ནམ་རྒྱུན་གང་གི་དམིགས་བྱ་ནི“ཀུའི་ཡི་དོན་ཚན་བདུན”ཞེས་པ་དེ་ཡིན་ལུགས་ནན་གྱིས་བཤད་ཀྱིན་ཡོད་ལ། དེ་ཡང“བཞི་རྒོལ་གསུམ་མི་རྒོལ། ནག་པོས་རྒྱལ་ཁབ་སྐྱོང་རྒྱུར་ངོ་རྒོལ། ཉེན་རྟོག་པས་རྒྱལ་ཁབ་སྐྱོང་རྒྱུར་ངོ་རྒོལ། རུལ་སུངས་ཀྱིས་རུལ་སུངས་ལ་རྒོལ་རྡུང་ལ་ངོ་རྒོལ། ནག་པོས་རུལ་སུངས་ལ་རྒོལ་རྡུང་བྱེད་རྒྱུར་ངོ་རྒོལ། རྒྱལ་ཁབ་ལ་ངོ་ལོག་མི་བྱེད།  མི་རིགས་ལ་ངོ་ལོག་མི་བྱེད། ཞི་ཀྲུའུ་ཞི་ལ་ངོ་ལོག་མི་བྱེད།”བཅས་རེད། དེ་མིན་ཀུའོ་ཡིས་དམངས་གཙོ་དོན་གཉེར་བ་དང་ཧྥ་ལོང་ཀོང་ཟེར་བའི་སྒོམ་གྲུབ་ཚོགས་པ་སོགས་དང་ངན་འབྲེལ་མི་བྱེད། ཚོགས་པ་རྩ་འཛུགས་མི་བྱེད།  ཆབ་སྲིད་ལ་ཐེ་གཏོགས་མི་བྱེད་ཅེས་ནམ་རྒྱུན་གསལ་བཤད་བྱས་དང་བྱེད་ཀྱིན་ཡོད།

རྒྱ་ནག་གི་འདས་པའི་ལོ་ངོ ༣༠འི་རིང་གི་དབྱར་མཚོ་རྒྱས་པ་ལྟ་བུའི་དཔལ་འབྱོར་འཕེལ་རྒྱས་དང་འགྲོས་མཉམ་གྱིས་དབང་ཆ་དང་མ་རྩ་ཟུང་དུ་སྦྲེལ་བའི་རུལ་སུངས་དང་སྤྱི་ཚོགས་དབུལ་ཕྱུག་གི་བར་ཆད་ཆེན་པོ་བྱུང་བ་རེད། ཏེང་ཞོ་ཕེང་གི་ལྷོ་ཕྱོགས་ཞི་བདེ་རྒྱ་མཚོའི་ངོགས་སུ་བྲིས་པའི་གོར་ཐིག་ནང་ཁུལ་དུ་ཀུའོ་ཝེན་ཀུས་ལྟ་བུའི་ཕྱུག་བདག་ཆེན་པོའང་མི་ཉུང་བ་ཞིག་གློ་བུར་དུ་འཁྲུངས་ཡོད།

ཨ་རིའི་ཧྥོར་བྷི་སི(Forbes)དུས་དེབ་ཀྱི་བསྡོམས་རྩིས་ལྟར་ན། རྒྱ་ནག་ནི་འབྱོར་ཆེན་ཁྲག་ཁྲིག་ཆེ་མོའི༼   ༡ ༠༠༠ ༠༠༠ ༠༠༠ ༠༠༠༽ ཡན་གྱི་བདག་པོ་ཅན་མང་ཤོས་ཀྱི་རྒྱལ་ཁབ་ཏུ་ཆགས་ཡོད་པ་དང་། དེ་བཞིན་རུ་ཕིར་ཊ ཧུ་གྷི་ཝེར་ཧྥི(Rupert Hoogewerf)ཟེར་བའི་ཟླ་དེབ་ཀྱི་སྙན་ཐོར་གཞིགས་ན། ༢༠༡༦ལོར་ཀུའོ་ཝེན་ཀུས་ནི་སྒོར་མོ་ཐེར་འབུམ་ཆེན་པོ་གཅིག་དང་ཐེར་འབུམ་བརྒྱད༼   ༡༨ ༠༠༠ ༠༠༠ ༠༠༠༽   ཀྱི་བདག་པོ་ཡིན་ཞིང་། རྒྱ་ནག་གི་ཕྱུག་བདག་ཨང་རིམ་ཁྲོད ༡༣༢ པ་དེ་རེད།

རྒྱ་ནག་གི་རྒྱུ་ཆེན་ཐམས་ཅད་དབང་ཆེན་ཡིན་ལ། དབང་ཆེན་ཐམས་ཅད་རྒྱུ་ཆེན་ཡང་ཡིན། གང་ལྟར་རྒྱུ་ཆེན་ཚང་མའི་རྒྱལ་ཁབ་དང་སྤྱི་ཚོགས་བརྟན་བརླིང་ཡོང་རྒྱུ་ལ་རེ་བ་བཞག་པ་ལས་སྤྱི་ཚོགས་ལམ་ལུགས་ལ་ཁ་ཡ་བྱེད་མཁན་ཤིན་ཏུ་དཀོན་པོ་རེད།

ཡང་དེ་བཞིན་དུ་མཐོ་རིམ་དབུ་ཁྲིད་ཚོའི་རུལ་སུངས་དང་སྤྱི་ཚོགས་དབུལ་ཕྱུག་གི་ཧེ་བག་ཆེན་པོར་སྐྱོན་བརྗོད་བྱེད་མཁན་གང་མང་ཞིག་ཡོད་ཀྱང་། དམངས་གཙོ་དོན་གཉེར་བ་དང་གཞུང་དང་ལྟ་སྤྱོད་མི་མཐུན་པ་ཚོ་ལས་ལྡོག་དེ་ཀུའོ་ཝེན་ཀུས་ལ་རྒྱ་ནག་དེང་གཞུང་གི་སྒྲིག་གཞིའི་ཁྲིམས་མཐུན་རང་བཞིན་ལ་རྩིས་མེད་རྣམ་གཅོད་ངང་དགག་རྒྱུར་འདོད་མོས་ཆེར་མེད། བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ ༣༠འི་རིང་གི་དཔལ་འབྱོར་དར་ཞིང་རྒྱས་པ་དེ་རྒྱ་ནག་དེང་གཞུང་གིས་རང་ཉིད་ཀྱི་ཁྲིམས་མཐུན་རང་བཞིན་ར་སྤྲོད་བྱེད་སྤྱད་དཔང་རྟགས་གཙོ་བོ་རུ་ཤོད་ཀྱིན་ཡོད། རིག་ལམ་དེ་ལྟར་ན། དཔལ་འབྱོར་འཕེལ་རྒྱས་རྒྱུན་སྐྱོང་ཐུབ་མིན་དེ་རྒྱ་ནག་དམར་གཞུང་གིས་རྒྱ་ནག་ས་ཆེན་ཧྲིལ་བོར་མུ་མཐུད་ནས་དབང་བསྒྱུར་ཐུབ་མིན་དང་ཐད་ཀར་འབྲེལ་བ་ཆགས་ཡོད་པས། ཀུའོ་ཝེན་ཀུས་ཀྱིས་རྒྱ་ནག་དེང་གཞུང་གི་མཐོ་རིམ་དབུ་ཁྲིད་ཚོའི་རུལ་སུངས་རིགས་ཐེར་འདོན་བྱས་པ་དེ་དོན་གྱིས་དམར་ཤོག་ཚོགས་པའི་སྲོག་རྩ་ནས་བཟུང་བ་དང་གཉིས་སུ་མ་མཆིས།

00221917a33e1aa8135001.jpg
པེ་ཅིང་གི་ཕན་ཀུ་ཧྲི་ཁེ་གཉེར་ལས་ཁང་།

ཀུའོ་ཝེན་ཀུས་ཀྱི་བཤད་བཤད་ཚང་མ་བདེན་པ་ཡིན་པའི་མི་ཁྱབ་མོད། འོན་ཀྱང་ཉུང་མཐའ་ཡང་བརྒྱ་ཆའི་ལྔ་བཅུ་ལྔ་བཅུ་ཡིན་པ་ཡིད་ཆེས་བྱ་རུང་བར་འདོད། རྒྱུ་མཚན་ནི་རྒྱ་ནག་གཞུང་གི་དངངས་སྐྲག་དང་ངང་ཚུལ་ལས་བདེན་དཔང་བྱས་ཡོད།

ངང་ཚུལ་དང་པོ། སྤྱི་ཟླ ༤ ཚེས ༡༩ ཉིན་ཏེ་ཀུའོ་ཝེན་ཀུས་ཀྱིས་ཨ་རིའི་རླུང་འཕྲིན་ཁང་གི་བརྙན་འཕྲིན་ལས་རིམ་བརྒྱུད་ལྐོག་མཚང་རྗེན་འབྱིན་གྱི་ཉི་མ་དེ་ག་རང་ལ། རྒྱ་ནག་དེང་གཞུང་གི་རེ་འདུན་བཞིན་རྒྱལ་སྤྱི་ཉེས་དོན་ཉེན་རྟོག་པའི་སྒྲིག་འཛུགས་ཟེར་བས་ཀུའོ་ཝེན་ཀུས་ལ་ཉེས་དོགས་འཛིན་བཟུང་གི“བཀའ་རྒྱ་དམར་པོ” ཞེས་པ་ཁྱབ་བསྒྲགས་བྱས་པ་རེད། རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་པའི་སྒྲིག་འཛུགས་ཟེར་བ་དེའི་འགན་འཛིན་ནི། རྒྱ་ནག་སྤྱི་བདེ་ལྷན་ཁང་གི་བློན་ཆེན་གཞོན་པ་མུན་ཧོང་ཝེ(孟宏伟)ཟེར་བ་དེ་རེད།

ངང་ཚུལ་གཉིས་པ། ཀུའོ་ཝེན་ཀུས་ཀྱི་བཟའ་ཟླ་དང་བུ་མོ་གཉིས་རྒྱ་ནག་གཞུང་གིས་ཨ་རིར་ཡོང་བཅུགས་པ་རེད། དེའི་རྒྱབ་ཀྱི་ཆབ་སྲིད་བརྗེ་ཚོང་མི་ཤེས་ཀྱང། ཀུའོ་ཡི་བཟའ་ཟླ་དང་བུ་མོ་གཉིས་གློད་བཀྲོལ་བཏང་བ་དེ་ཀུའོ་ཡི་རྒྱལ་ཁ་ཞིག་ཅི་ལ་མིན། དེ་བཞིན་དུ་དེ་ནི་རྒྱ་ནག་གཞུང་གི་འོས་མིན་བསྟུན་ཐབས་ཤིག་ལ་ངོས་འཛིན་བྱ་ཆོག འོ་ན་རྒྱ་ནག་གཞུང་ཅི་ཞིག་ལ་འཇིགས་ཀྱིན་ཡོད་པ་དང་། ཡང་ཅི་ཞིག་འགོག་འདོད་ཡོད་པ་རེད་དམ། དེ་བསམ་བློ་གཏོང་ཡུལ་ཡིན།

ངང་ཚུལ་གསུམ་པ། སྤྱི་ཟླ ༦ ཚེས ༡༦ཉིན། ཀུའོ་ཝེན་ཀུས་ཀྱིས་མེན་ཅིན་བརྙན་འཕྲིན་བརྒྱུད་ལྐོག་མཚང་རྗེན་འབྱིན་ཐེངས་གསུམ་པའི་ཉི་མ་དེ་ག་རང་ལ། རྒྱ་ནག་གཞུང་གིས་པེ་ཅིན་དང་ཀྲིན་ཀྲུག་སོགས་སུ་ཡོད་པའི་ཀུའོ་ཝེན་ཀུས་ཀྱི་ཕན་ཀུ་ཧྲི་སོགས་ལས་ཁུངས་ཀྱི་འགོ་ཁྲིད་དང་ལས་བྱེད་པར་ཁྲིམས་ཆད་བཅད་པ་ལྟ་བུ་རེད། དེ་མདུང་རྩེ་ཁ་སྤྲོད་ཀྱི་བྱ་སྤྱོད་རང་རེད།

གོང་ཞུས་ངང་ཚུལ་དེ་ཚང་མ་ནི་རྒྱ་ནག་གཞུང་གིས་མངོན་གསལ་དོད་པོས་ཀུའོ་ཝེན་ཀུས་ཀྱི་ཁ་གཅོད་ཐབས་སུ་འབད་པའི་བྱ་སྤྱོད་རང་ཡིན། ད་དུང་གསང་སྟབས་དང་ལྐོག་ན་ཅི་ཞིག་བྱས་དང་བྱེད་ཀྱིན་པ་ཤེས་ཐབས་བྲལ། གང་ལྟར་དེ་ལས་ཤེས་ཐུབ་པ་ཞིག་ནི་རྒྱ་ནག་གཞུང་ཀུའོ་ཝེན་ཀུས་ལ་སྐྲག་གི་ཡོད་པ་དེ་རེད། རྒྱ་ནག་གཞུང་སྐྲག་གི་ཡོད་པ་ལས་ཀུའོ་ཝེན་ཀུས་ལག་ན་བདེན་པ་ཡོད་པ་ར་འཕྲོད་ཡོད།

ཀུའོ་ཝེན་ཀུས་དཔའ་བོ་ཁེར་རྒྱུགས་བྱས་པའི་མི་གཅིག་གི་ཡར་ལངས་དེ། སྤྱིར་བཏང་རྒྱ་རིགས་དུང་ཕྱུར ༡༤འི་སྐྱོ་གར་ཞིག་ཡིན་དང་ཡིན། དཔའ་བོ་ཁེར་རྒྱུགས་ཡིན་ཡང་རྒྱབ་རོགས་མེད་པ་མིན། འདས་པའི་ལོ་ལྔ་ཙམ་གྱི་ནང་དུ་ཝང་ཆིས་ཧྲན་གྱིས་དབུ་ཁྲིད་པའི་དབུས་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གི་ཚོགས་ཆུང་དེས་གུང་ཁྲན་ཏང་ཡོན་ཁྲི་ཚོ་མང་པོ་བཙོན་ལ་བཅུགས་པ་དང་། ལྷག་པར་ཀྲུག་ཡོན་ཁང་ཕྱོགས་གཏོགས་དང་། པའོ་ཞི་ལེ་ཕྱོགས་གཏོགས། ཞི་ཚེ་ཥིག་དང་ཀུའོ་པོ་ཞོན། ལིན་ཅི་ཧྭ་སོགས་ཕྱོགས་གཏོགས་ཀྱིས་ཁོང་ཚོའི་ལག་ན་ལྐོག་མཚང་ཞིག་ཡོད་ཚེ་མདུན་ལ་ཐོན་པའི་འཇིགས་བྲལ་དཔའ་བོ་ཁེར་རྒྱུགས་ཀུའོ་ཝེན་ཀུས་ལ་མཁོ་སྤྲོད་བྱེད་ངེས་ཡིན། དེ་འདྲའི་ངང་རིག་པས་དེད་ན་ཀུའོ་ཝེན་ཀུས་ཀྱིས་ཁོང་གི་ལག་ན་ལྐོག་མཚང་གི་དེབ ༩༢ ཡོད་ཟེར་བ་དེའང་བདེན་ཤས་ཆེ།

གང་ལྟར་ཀུའོ་ཝེན་ཀུས་ཀྱིས་མདུང་རྩེ་རྒྱལ་འཚོང་ཆོམ་རྐུན་ཚོགས་ལ་གཏད་པ་དེ། དམར་ཕྱོགས་གུང་ཁྲན་ཚང་གི་སྲོག་རྩའི་གསང་མིག་བསྡོམ་ལ་དམིགས་པ་ཤར་སྟག་ཡིན།

བརྒྱ་བཤད་ཚིག་གི་རྩ་བ། སྟོག་དབྱུག་འོ་མའི་མར་ལོ། ཀུའོ་ཝེན་ཀུས་ཀྱི་ཁ་བརྡ་རེ་རེའི་མཇུག་གི་སྐད་ཆ་དེ་རེད། “ཡོད་ཚད་ཚང་མ་ད་ལྟ་གཞི་ནས་འགོ་ཚུགས་པ་རེད། ང་ཚོས་རིམ་པས་བལྟ་དགོས”།

Advertisements