ཁ་སང་གི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས” དང་དེ་རིང་གི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཅིག”



GP_HongKong
ཧོང་ཀོང་གི་མཚན་ལྗོངས།

མི་ལོ༢༠འི་ཡར་སྔོན་ཏེ། སྤྱི་ལོ༡༩༩༧ལོའི་ཟླ ༧ ཚེས ༡ ཉིན། རབས་མཐའི་སྤྱི་ཁྱབ་སྲིད་སྐྱོང་སྐུ་ཞབས་ཁི་རི་སི་ཕཱ་ཊེན(Chris Patten)ལགས་ཀྱིས་རྒྱ་ནག་གི་སྲུང་དམག་ལག་ནས་མར་ཕབ་པའི་དབྱིན་ཇིའི་རྒྱལ་དར་བླངས་ཏེ་ཧོང་ཀོང་མི་དམངས་ཁྲི་སྟོང་གི་མིག་གི་སྐྱེལ་མའི་ཁྲོད་རིམ་བཞིན་ཧོང་ཀོང་གླིང་ཚོམས་དང་ཁ་གྱེས་ནས་མཐའ་ཡས་རྒྱ་མཚོའི་ཀླུང་ནས་ཡལ།

ནམ་དཀྱིལ་ཆུ་ཚོད་གོར་ཐིག་ཆགས་པའི་སིང་སིང་ཅོང་བརྡའི་གདངས་དང་མཉམ་དུ་སྐར་ལྔའི་དར་དམག་ཧོང་ཀོང་ས་སྟེང་དུ་དལ་བ་དལ་བུས་བསྒྲེངས་པ་དང་ཆབས་ཅིག ཧོང་ཀོང་ལ་དུས་རབས་གཅིག་དང་ཕྱེད་ལྷག་རིང་དབྱིན་ཇིའི་མི་སེར་སྤེལ་ཡུལ་གྱི་དབང་བསྒྱུར་ལ་རྫོགས་ཚིག་བཀོད་ནས། ཧོང་ཀོང་དེ་དམིགས་བསལ་ས་ཁུལ་ཞིག་གི་ངོ་བོས“ལམ་ལུགས་གཉིས” ཀྱི་རྣམ་པས་རྒྱ་ནག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཚུད། 



ཧོང་ཀོང་རྩིས་ལེན་རྩིས་སྤྲོད་ཀྱི་ལོ་རྒྱུས་རྒྱབ་ལྗོངས་དང་བྱུང་རབས། 



རིག་གནས་གསར་བརྗེ་ཆེན་མོའི་རྗེས་སུ། རྒྱ་ནག་གི་དབུ་ཁྲིད་ཚོས་གུང་ཁྲན་དམར་པོའི་སྲིད་དབང་སོར་འཇོག་གིས་དཔལ་འབྱོར་མ་རྩ་རིང་ལུགས་ལམ་ལུགས་སུ་བསྒྱུར་རྒྱུའི་ནང་ཁུལ་འཁྲུན་ཐག་བཅད་དེ་མིང་ལ “རྒྱ་ནག་གི་ཁྱད་ཆོས་ཅན་གྱི་སྤྱི་ཚོགས་རིང་ལུགས” ཞེས་བཏགས་ནས “བཅོས་བསྒྱུར་སྒོ་འབྱིན”ཟེར་བའི་སྲིད་ཇུས་དེ་མགོ་བརྩམས་པ་རེད།  ལོ་འགའི་རྗེས་སུ། རྒྱ་ནག་གི་དཔལ་འབྱོར་ལ་གསོན་ཤུགས་རྒྱས་ནས་ཕྱོགས་ཐམས་ཅད་ནས་འཕེལ་རྒྱས་ཀྱི་རྣམ་པ་ཤར་ཚེ། གཅིག་གྱུར་ཆེན་མོའི་བསམ་བློ་རོ་ལངས་བརྒྱབས་ནས། ཏེང་ཞོ་ཕེང་གི་དབུ་ཁྲིད་འོག་རྒྱལ་ཁབ་གཅིག་གྱུར་གྱི་འདུན་པ་དྲག་པས་གཙེས་སྟེ། དེང་ཐོག་གལ་བོ་ཆེ་ལ་ནན་གྱི་ཚུལ་གྱིས་ཐེ་ཝན་གཅིག་གྱུར་ལ་དམིགས་ནས“རྒྱལ་ཁབ་ཅིག་ལ་ལམ་ལུགས་གཉིས” པའི་སྲིད་ལུགས་དེ་བཏོན་པ་རེད། ཡིན་ན་ཡང་སྐབས་དེའི་རྒྱ་ནག་གི་དཔལ་འབྱོར་དང་། ཕྱི་འབྲེལ། དམག་དོན་གང་གི་ཐད་ནས་ཀྱང་ཐེ་ཝན་ཞི་དྲག་གཉི་ཀའི་ལམ་ནས་གཅིག་གྱུར་མི་ནུས་པའི་ཚད་ཡིན།

སྐབས་དེར། རྒྱ་ནག་གཞུང་གིས་མན་ཇུ་རྒྱལ་རབས་སྐབས་བཞག་པའི་ཆིངས་ཡིག༼ནན་ཅིང་ཆིངས་ཡིག༽   དང༼པེ་ཅིང་ཆིངས་ཡིག༽སོགས་ནི་འདྲ་མཉམ་མ་ཡིན་པའི་ཆིངས་ཡིག་ཡིན་ལུགས་ལ་བསྙད་ནས་ཆིངས་ཡིག་དེ་དག་ངོས་ལེན་མི་བྱེད་པའི་རྣམ་འགྱུར་བསྟན་དང་སྟོན་གྱིན་ཡོད་པའི་ཁར། དབྱིན་ཇི་དང་རྒྱ་ནག་བར་གྱི་ཧོང་ཀོང་གི་གླིང་ཕྲན་འགའི(ཇུག་ལོང་གླིང་ཕྲན་དང་ཞིན་ཇེ་གླིང་ཕྲན་གཉི་ཀ་དབྱིན་ཇི་ལ་ལོ ༩༩ར་གཡར་པའི་དུས་ཡུན་ཚང་གིན་ཡོད་པ་རེད)བདག་དབང་ཐད་བཞག་པའི་ཆིངས་ཡིག་གི་དུས་ཡུན་ཚང་ལ་ཉེ་བ་དང་། སྐབས་དུས་གནས་བབ་དང་བསྟུན་ནས་རྒྱ་ནག་གཞུང་གིས་དབྱིན་ཇི་གཞུང་དང་མཉམ་དུ་ཧོང་ཀོང་གི་བདག་དབང་རྩིས་ལེན་རྩིས་སྤྲོད་སྐོར་གྲོས་མོལ་བྱེད་རྒྱུའི་གྲོས་མགོ་བཏོན་པ་རེད།

༡༩༨༢ལོའི་ཟླ ༩ ནས༡༩༨༤ལོའི་ཟླ༩བ་ལོ་གཉིས་རིང་དབྱིན་རྒྱ་གཞུང་གཉི་ཀས་མངོན་ལྐོག་གཉིས་ཀར་གྲོས་མོལ་ཐེངས ༢༢ ལ་བྱས་ནས་ཧོང་ཀོང་གི་བདག་དབང་དང་བཅའ་སྡོད་དམག་དཔུང་། དེ་བཞིན་ཧོང་ཀོང་གི་མ་འོངས་ལམ་ལུགས་སོགས་ཀྱི་ཐད་གྲོལ་མོལ་ཞིབ་ཚགས་གནང་བ་རེད། གྲོས་མོལ་སྐབས་དབྱིན་ཇི་གཞུང་གིས་ཧོང་ཀོང་གི་བདག་དབང་བློས་བཏང་ནས་བདག་སྐྱོང་རྩོད་ལེན་བྱས་ཤིང་། རྒྱ་ནག་གཞུང་གིས “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”། “ཧོང་ཀོང་བས་ཧོང་ཀོང་སྐྱོང་བ”ཞེས་པའི་དགོངས་འཆར་བཏོན་འདུག མཐའ་མར་དབྱིན་རྒྱ་གཉི་ཀས་གཟུར་བཤོལ་བློས་གཏོང་གང་འཚམས་རེ་བྱས་ནས་ཐུན་མོང་གི་གྲོས་མཐུན་དེ་བཞག་པ་རེད།

༡༩༨༤ལོའི་ཟླ ༡༢ ཚེས ༡༩ཉིན། རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ། སྐབས་དེའི་དབྱིན་ཇིའི་སྲིད་བློན་ལྕམ་རྟ་ཊིར་དང་རྒྱ་ནག་གི་སྲིད་བློན་ཀྲའོ་ཙི་ཡང་གཉིས་ཀྱིས༼དབྱིན་རྒྱ་མཉམ་འབྲེལ་གསལ་བསྒྲགས༽ཞེས་པའི་ཆིངས་ཡིག་ལ་མཚན་རྟགས་བཀོད་ནས་གཏན་འབེབས་གནང་བ་དང་། མཚན་རྟགས་བཀོད་པའི་མཛད་སྒོར་སྐབས་དེའི་རྒྱ་ནག་གི་དམག་དོན་ཀྲུའུ་ཞི་ཏེང་ཞོ་ཕེང་དང་། རྒྱལ་ཁབ་ཀྲུའུ་ཞི་ལི་ཞན་ཉན། དབྱིན་ཇིའི་ཕྱི་སྲིད་བློ་ཆེན་ཥག་ཝེ་སོགས་ཀྱིས་གཙོས་པའི་ཧོང་ཀོང་གི་ལས་རིགས་སོ་སོའི་མི་སྣ་བརྒྱ་ལྷག་ལོ་རྒྱུས་ཀྱི་དཔང་མི་བྱས་ཡོད་པའི་མ་ཚད། རྒྱལ་སྤྱིའི་གསར་འགོད་པ་བརྒྱ་ལྷག་ཞུགས་ཡོད་པ་རེད།

དབྱིན་རྒྱ་མཉམ་གསལ་བསྒྲགས་སུ།  སྤྱི་ལོ ༡༩༩༧ ལོའི་ཟླ ༧ ཚེས ༡ཉིན། དབྱིན་ཇི་གཞུང་གིས་ཧོང་ཀོང་གི་འཛིན་སྐྱོང་བདག་དབང་ཕྱིར་རྒྱ་ནག་གཞུང་ལ་རྩིས་སྤྲོད་བྱ་རྒྱུ་དང་། རྒྱ་ནག་གཞུང་གིས་ཧོང་ཀོང་ས་ཁུལ་དུ “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས” ཞེས་པའི་སྲིད་ལུགས་ལག་ལེན་དུ་བསྟར་རྒྱུ་མ་ཟད།  སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཧོང་ཀོང་དུ་མི་སྤེལ་རྒྱུ་དང་། ཧོང་ཀོང་གི་མ་རྩ་རིང་ལུགས་ཀྱི་ལམ་ལུགས་སོར་འཇོག་བྱེད་རྒྱུ། འབྱུང་འགྱུར་ལོ ༥༠ ལ་ཧོང་ཀོང་གི་ད་ལྟ་གནས་སྟངས་ལའགྱུར་བ་མི་གཏོང་རྒྱུ་ཁས་ལེན་བྱས་པ་རེད། དེ་བཞིན་དུ་མཉམ་འབྲེལ་གསལ་བསྒྲགས་ཀྱི་ལེའུ་གསུམ་པའི་དོན་ཚན ༡༢ པའི་ནང་དོན་ལྟར། རྒྱ་ནག་གཞུང་གིས༼རྒྱ་ནག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཧོང་ཀོང་དམིགས་བསལ་ས་ཁུལ་གཞི་རྩའི་བཅའ་ཁྲིམས༽ཞེས་པ་ཞིག་གཏན་ལ་ཕབ་ནས་ཧོང་ཀོང་དེ་དམིགས་བསལ་ས་ཁུལ་ཞིག་ཏུ་ངོས་འཛིན་བྱས་པ་རེད། རྩ་བའི་ཆ་ནས། ༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས༽ཀྱི་ལེའུ་སོ་གཅིག་པར་རྒྱལ་ཁབ་ཀྱི་དགོས་མཁོར་གཞིག་ནས་དམིགས་བསལ་ས་ཁུལ་འཛུགས་ཆོག་ཅེས་པའི་ནང་དོན་བཞིན་གཏན་འབེབས་བྱས་པ་ཞིག་ཀྱང་རེད། ཡང་དེ་དང་ཆབས་ཅིག་གཞི་རྩའི་བཅའ་ཁྲིམས་དེ་དངོས་ཡོད་ཞིབ་ཕྲའི་གནས་བབ་ལ་གཞིག་ནས་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་ཀྱིས་གཏན་འབེབས་བྱ་རྒྱུ་དང་། བཅའ་ཁྲིམས་འགྲེལ་བརྗོད་ཀྱི་དབང་ཆ་འཐུས་མི་ཚོགས་ཆེན་ལ་ཡོད་ཅེས་གཏན་ལ་ཕལ་འདུག

སྐབས་འདི་རུ་ང་ཚོས་ངེས་པར་དུ་མཉམ་འཇོག་དགོས་ས་ཞིག་ནི། དབྱིན་རྒྱ་མཉམ་འབྲེལ་གསལ་བསྒྲགས་ཟེར་བའི་ཆིངས་ཡིག་ཅིག་ཕྱོགས་གཉི་ཀས་ངོས་ལེན་དང་གཏན་འབེབས། གསལ་བསྒྲགས་བྱས་ཡོད་ཀྱང་། གལ་ཏེ་ཕྱོགས་གཅིག་གིས་གསལ་བསྒྲགས་ཀྱི་ནང་དོན་ལྟར་ལག་བསྟར་མ་བྱས་ན་ཅི་ཞིག་བྱེད་རྒྱུའི་སྐོར་ཟུར་མཆན་དང་ཆིངས་ཡིག་འཕར་མ་སོགས་གཅིག་ཀྱང་མེད། དེ་མེད་པའི་རྒྱུ་མཚན་གྱིས་དེ་རིང་རྒྱ་ནག་གིས་དེང་ཐོག་གི་ཁས་ལེན་རྩིས་མེད་དུ་བཏང་ཡང་ཐབས་ཤེས་བྲལ་བའི་གནས་སུ་ལྷུང་བ་རེད།

ཤོག་བུ་སྣུམ་ཟོས་ཀྱི་འཐབ་ཇུས། 



༡༩༩༧ ལོར་རྒྱ་ནག་གཞུང་ལ་ཧོང་ཀོང་གི་འཛིན་སྐྱོང་བདག་དབང་ཆ་ཚང་ཐོབ་རྗེས། ལོ་ལྔ་ཙམ་ལ་ངན་པ་དགུ་འཛོམས་ཀྱི་ངོ་གདོང་ངོ་མ་དེ་སྦས་ནས་ཁ་དོན་ཚིག་ལ་གནས་པའི་གཞུང་ཞིག་གི་བརྟུལ་ཞུགས་འཛིན་ཁད་བྱས་ཀྱང་། ༢༠༠༢ ལོར་རྒྱ་ནག་གཞུང་གིས་ཧོང་ཀོང་གཞི་རྩའི་བཅའ་ཁྲིམས་ཀྱི “དོན་ཚན ༢༣ པ” ལག་ལེན་དུ་བསྟར་དགོས་ལུགས་དགོས་འདུན་བཏོན་སྟབས། ལོ་དེའི་སྤྱི་ཟླ ༩ ཚེས ༢༤ཉིན། ཧོང་ཀོང་དམིགས་བསལ་འཛིན་སྐྱོང་གཞུང་གིས “ཧོང་ཀོང་གཞི་རྩའི་བཅའ་ཁྲིམས་ཀྱི་ནང་གསེས་དོན་ཚན ༢༣ པ་ལག་ལེན་དུ་བསྟར་ཕྱོགས་ཐད་ཀྱི་གོ་བསྡུར་ཡིག་ཆ” ཟེར་བ་སྤེལ་ནས་ཧོང་ཀོང་མི་དམངས་ཀྱི་བསམ་འཆར་བསྡུ་ལེན་བྱས་པ་རེད།  ༢༠༠༣ ལོའི་ཟླ ༧ ཚེས ༡ ཉིན། ཧོང་ཀོང་མི་དམངས ༥༠༠༠༠༠ ལྷག་གིས “དོན་ཚན ༢༣ པ” ཁྲིམས་ལུགས་སུ་བཀོད་རྒྱུར་ངོ་རྒོལ་རྔམ་སྟོན་བྱས་སྟབས། ཧོང་ཀོང་དམིགས་འཛིན་སྐྱོང་ཐབས་ཟད་འུ་ཐུག་ནས་ཁྲིམས་ལུགས་སུ་བཀོད་རྒྱུ་ཕྱིར་འཐེན་བྱས་པ་རེད། དུས་དེ་ནས་བཟུང་། ཧོང་ཀོང་གི་ཆབ་སྲིད་སྐྱེས་ཁམས་ལ་འགྱུར་བ་ཆེན་པོ་ཐེབས་ཤིང་། དོན་རྐྱེན་དེ་ཧོང་ཀོང་དམིགས་བསལ་ས་ཁུལ་བཙུགས་རྗེས་ཆབ་སྲིད་འཕེལ་རྒྱས་ཀྱི་གྲུ་ཟུར་ཞིག་ཏུ་གྱུར་བ་རེད།

 

hong_kong-china-politics-handover-011425.jpg
ཧོང་ཀོང་གི་སྲིད་སྐྱོང་བཞི་བས་ཞིའི་མདུན་དུ་ལས་འཁུར་དམ་འབུལ།

པེ་ཅིང་གཞུང་ལ་མཚོན་ན། བདུན་གཅིག་རྔམ་སྟོན་ཆེན་མོ་ལས་ཁོང་ཚོའི་ཧོང་ཀོང་དེ “མགོ་རྟིང་སློག་པའི་རྟེན་གཞི” རུ་གྱུར་སྲིད་པའི་བློ་དོགས་དེ་ནོར་མེད་པ་བདེན་དཔང་བྱས་པ་དང་། ཧོང་ཀོང་བས “རྒྱལ་ཁབ་གཅིག” ལ་གུས་རྩི་མི་བྱེད་པས། མ་བསྐུལ་ངང་འགུལ་གྱིས་ཧོང་ཀོང་གི་ལས་དོན་ལ་ཐེ་གཏོགས་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུག་དུ་མཐོང་ཡོད། དུས་དེ་ནས་བཟུང་། པེ་ཅིང་གཞུང་གིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས” ཞེས་པར་གོ་བ་ལེན་ཕྱོགས་ཐད་ནས་ཀྱང “ལམ་ལུགས་གཉིས” ལ་གུས་རྩི་བྱེད་རྒྱུ་ཕལ་བར་བཞག་ནས “རྒྱལ་ཁབ་གཅིག” ནན་བརྗོད་བྱེད་རྒྱུ་གཙོ་བོར་བཞག་པ་རེད།

ཧོང་ཀོང་དམངས་གཙོ་ཤོག་ཁག་ལ་མཚོན་ན། བདུན་གཅིག་རྔམ་སྟོན་ཆེན་མོར་རྒྱལ་ཁ་ཐོབ་སྟབས། ཧོང་ཀོང་གི “ལམ་ལུགས་གཉིས” རང་གིས་སྲུང་སྐྱོང་བྱེད་རྒྱུའི་གལ་ཆེའི་རང་བཞིན་མཐོང་བ་མ་ཟད། ཧོང་ཀོང་གི་ཡོངས་ཁྱབ་འདེམས་བསྐོ་ལམ་ལུགས་ཀྱང་གང་མགྱོགས་ཀྱིས་ལག་ལེན་དུ་བསྟར་ནས། ཧོང་ཀོང་མི་དམངས་ཀྱི་འདོད་བློའི་གལ་ཆེའི་རིན་ཐང་ཇེ་མཐོར་གཏོང་དགོས་པར་བསམ་འདུག

གནས་སྟངས་དེ་འདྲ་ཞིག་གི་འོག་ཏུ། པེ་ཅིང་གཞུང་དང་ཧོང་ཀོང་བར “རྒྱལ་ཁབ་གཅིག”དང“ལམ་ལུགས་གཉིས” ཀྱི་འགལ་བ་ཇེ་ཆེ་ནས་ཇེ་ཆེར་ཕྱིན་པའི་མ་ཚད། ཆབ་སྲིད་ཀྱི་འགལ་ཟླ་བྱུང་རྐྱེན་གཙོ་བོ་ཞིག་ཏུ་གྱུར་ནས། ༢༠༡༤ ལོའི “དཀྱིལ་དབུས་བཙན་འཛིན” གྱི་ལས་འགུལ་བྱུང་བ་རེད།

ཉིན ༧༩ རིང་གི་དཀྱིལ་དབུས་ས་ཁུལ་བཙན་འཛིན་གྱི་ལས་འགུལ་དེས་པེ་ཅིང་དང་ཧོང་ཀོང་གི་ཆབ་སྲིད་འགལ་ཟླ་དེ་འགྲོ་བ་ཐམས་ཅད་ཀྱི་མཐོང་སྣང་དུ་གསལ་ལེར་མངོན་པ་དང་ཆབས་ཅིག ཧོང་ཀོང་རང་སའི་བསམ་པའི་རླབས་རྒྱུན་དྲག་ཏུ་འཕྱུར་ཞིང་། ནང་སྒོས་སུ་ཧོང་ཀོང་གི་གཞོན་སྐྱེས་ཁྲོད་རང་ས་བདག་འཛིན་གྱི་བསམ་བློ་འབུར་དུ་ཐོན།

རང་སའི་བསམ་པའི་རླབས་རྒྱུན་དར་ཞིང་རྒྱས་པའི་འགྲོས་དང་མཉམ་དུ་ཧོང་ཀོང་ས་ཁུལ་དུ་གློ་བུར་དུ་རང་སའི་ཆབ་སྲིད་ཚོགས་པ་མང་པོ་ཞིག་ཆར་ཤུལ་གྱི་ཤ་མོ་ནང་བཞིན་གཅིག་རྗེས་གཉིས་མཐུད་ངང་བྱུང་ཞིང་། ཧོང་ཀོང་རྒྱ་ནག་དང་ཁ་བྲལ་ནས་རང་བཙན་བྱེད་རྒྱུར་དམིགས་འབེན་དུ་བཟུང་བའི་ཧོང་ཀོང་མི་རིགས་ཚོགས་པའང་གོང་ཞུས་ཚོགས་པ་དེའི་ཁྲོད་ཀྱི་གསར་བྱུང་གི་ཚོགས་པ་ཞིག་ཡིན། གླེང་རིན་ཅན་ཞིག་ནི། སྲིད་ཚོགས་དེ་དག་གི་རྐང་འཛིན་པ་དག་ནི་གཞོན་སྐྱེ་རྐྱང་རྐྱང་ཡིན་ཞིང་། དེར་གཞིགས་ན། ཧོང་ཀོང་སྤྱི་ཚོགས་སུ་རང་སའི་བསམ་པའི་རླབས་རྒྱུན་ལ་དགའ་མོས་ཆེན་པོ་ཡོད་པ་མཚོན་ཡོད།


དཀྱིལ་དབུས་བཙན་འཛིན་ལས་འགུལ་གྱི་དགོས་འདུན་གཙོ་བོ་ནི་རང་དབང་ངང་ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་སྤྱི་ཁྱབ་སྲིད་སྐྱོང་དེ་མི་རེ་ངོ་རེའི་འོས་ཤོག་གི་ལམ་ནས་འོས་འདེམས་བྱ་རྒྱུ་དེ་ཡིན་ལ། རྒྱ་ནག་གཞུང་གིས་གཞི་རྒྱ་ཆེ་ཞིང་དུས་ཡུན་རིང་བའི་ལས་འགུལ་དེའི་དགོས་འདུན་ལ་ཁ་ཡ་ཡེ་ནས་བྱས་མེད་པ་མ་ཟད། ད་དུང་ཧོང་ཀོང་ཐོན་ལོའུ་ཁུག་ས་ཁུལ་གྱི་དཔེ་ཁང་ཞིག་གི་ལས་བྱེད་པ་ལྔ་གསང་བའི་ངང་འཛིན་བཟུང་བཙན་ཁྲིད་བྱས་པ་དང་། ཧོང་ཀོང་མི་རིགས་ཚོགས་པའི་གྲོས་ཚོགས་འཐུས་མི་གཉིས་ཀྱི་གོ་ཐོབ་རྩིས་མེད་དུ་བཏང་བ། དེ་མིན་རྒྱ་རིགས་ཚོང་པ་ཕྱུག་ཆེན་ཞོ་ཅན་ཧྭ་ཧོང་ཀོང་གི་མགྲོན་ཁང་ཞིག་ནས་འཛིན་བཟུང་བཙན་ཁྲིད་བྱས་པ་སོགས་ཀྱི་དོན་རྐྱེན་བཟོས་ཡོད་པས། དོན་རྐྱེན་དེ་རིགས་ལས། པེ་ཅིང་གཞུང་གིས “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས” ཞེས་པའི་མ་མཐའི་ཚད་ཐིག་རྡོག་རོལ་བཏང་དང་གཏོང་གིན་པ་གསལ་བོ་ཆགས།

སྤྱིར་ན་ཧོང་ཀོང་གླིང་ཚོམས་སུ་འཚོ་ཞིག་གནས་པའི་ཧོང་ཀོང་པ་ས་ཡ་བདུན་དང་འབུམ་གསུམ་ནི་ཁོང་ཚོའི་ཡུའེ་སྐད(粤语)ཞེས་པའི་རྒྱ་ནག་ལྷོ་ཁུལ་གྱི་སྐད་རིགས་དེ་བཤད་མཁན་ཡིན་མོད། དུས་དེ་རིང་ཧོང་ཀོང་ན་པེ་ཅིང་སྐད་བཤད་མཁན་ཇེ་མང་དུ་ཕྱིན་ཡོད་པ་མ་ཟད། ཧོང་ཀོང་གི་གསར་འགྱུར་སྨྱན་བྱད་སྡེ་ཁག་གི་ཕྱེད་ལས་མང་པས་པེ་ཅིང་གི་ལངས་ཕྱོགས་བཟུང་ཡོད་ལ། ཚོང་ལས་དཔལ་འབྱོར་གྱི་ཕྱེད་ལས་ལྷག་རྒྱ་ནག་སྐམ་ས་ནས་ཡོང་བའི་མིས་བཏང་འཛིན་བྱས་འདུག དེ་ལས་ཀྱང་ཉེན་ཁ་ཆེ་བ་ཞིག་ནི་གྲོས་ཚོགས་དང་འཛིན་སྐྱོང་སོགས་ཀྱི་དབུ་ཁྲིད་ཚོ་མང་ཆེ་བ་པེ་ཅིང་ལ་ཕྱོགས་ཡོད་པས། ཤོག་བུ་སྣུམ་ཟོས་བཞིན་པེ་ཅིང་གིས་ཧོང་ཀོང་རིམ་གྱིས་ཟས་དང་ཟ་བཞིན་ཡོད།

རྒྱལ་སྤྱིའི་ཆིངས་ཡིག་ཅིག་ཁས་མི་ལེན་ཞེས་དུས་ཁས་མ་བླངས་ན་ཆོག་གམ། 



ཞི་ཅིན་ཕེང་གིས་ཧོང་ཀོང་དུ་འཚམས་གཟིགས་བྱེད་ཀྱིན་པའི་སྒང་སྟེ། སྤྱི་ཟླ ༦ ཚེས ༣༠འི་ཉིན་གྱི་འཆར་ཅན་གསར་འགོད་གསལ་བསྒྲགས་སྐབས། ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ལོའུ་ཁང་ཟེར་བས་ནམ་རྒྱུན་ལྟར་ཧོང་ཀོང་གི་ལས་དོན་མཐའ་དག་ནི་རྒྱ་ནག་གི་ནང་སྲིད་ཡིན་ལུགས་བསྐྱར་བཤད་ཅིག་བྱས་རྗེས། ༼དབྱིན་རྒྱ་མཉམ་འབྲེལ་གསལ་བསྒྲགས༽ནི་ལོ་རྒྱུས་ཀྱི་ཡིག་ཚགས་ཤིག་ཡིན་པས། དངོས་ཡོད་ཀྱི་དོན་སྙིང་ཅི་ཡང་མེད་ཅེས་དབྱིན་ཇིའི་ཕྱི་སྲིད་བློན་ཆེན་དང་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཧོང་ཀོང་གི་མི་སེར་རང་དབང་དང་། གསར་འགྱུར་རང་དབང་གི་མཚོན་པའི་ཐོབ་ཐང་གཞན་དག་ལ་རྡོག་རོལ་བཏང་ལུགས་བརྗོད་པར་ཡ་ལན་སློག་པའི་ཚུལ་གྱིས་དེ་ལྟར་བརྗོད་ཡོད་པ་རེད།

ཐོག་མར་ཤེས་དགོས་པ་ཞིག་ནི༼དབྱིན་རྒྱ་མཉམ་འབྲེལ་གསལ་བསྒྲགས༽ནི་ཧོང་ཀོང་གི་འཛིན་སྐྱོང་བདག་དབང་ཕྱིར་རྒྱ་ནག་གཞུང་ལ་རྩིས་སྤྲད་རྗེས། ཧོང་ཀོང་མི་མང་གི་གཞི་རྩའི་ཁེ་ཕན་སྲུང་སྐྱོབ་བྱེད་པའི་རྩ་འཛིན་ཆིངས་ཡིག་དེ་ཡིན།  
རྒྱ་ནག་ཕྱི་འབྲེལ་མགྲིན་ཚབ་པ་ལོའུ་ཁང་གི་སྨྲ་བརྗོད་དེས་རྒྱལ་སྤྱིའི་སྤྱི་ཚོགས་ཧ་ལས་ཧངས་འཐོར་དུ་བཅུགས་ཡོད་པ་མ་ཟད། དེ་གུང་ཁྲན་ཏང་གི་སྲོལ་རྒྱུན་དང་ཡང་རྒྱབ་འགལ་ཡིན།

ཐོག་མར་ཏེང་ཞོ་ཕེང་གིས༼དབྱིན་རྒྱ་མཉམ་འབྲེལ་གསལ་བསྒྲགས༽ཐད་དེ་སྔ་འདི་ལྟར་བརྗོད་མྱོང་ཡོད། “མཉམ་འབྲེལ་གསལ་བསྒྲགས་ནང་གཏན་ལ་ཕབ་པའི་ནང་དོན་ཁག་ལ་འགྱུར་བ་འགྲོ་མི་སྲིད། ཟང་ཟིང་གི་ལོ་ཟླའི་ཁྲོད་དབུས་གཞུང་གིས་རྒྱལ་སྤྱིའི་སྟེང་ཁས་ལེན་བྱས་པ་ཚང་མ་དོན་ལ་གནས་ཡོད། ཁ་དན་ལ་གནས་རྒྱུ་ནི་ང་ཚོ་མི་རིགས་འདིའི་སྲོལ་རྒྱུན་ཡིན། ལོ་རྒྱུས་རིག་གཞུང་གིས་ཀུན་ཏུ་ཕྱུགས་པའི་བརྗིད་ཉམས་ཆེ་བའི་རྒྱ་ཁབ་ཞིག་གིས་ཆིངས་ཡིག་ནང་ལོ་ལྔ་བཅུ་ལ་འགྱུར་བ་མེད་ཅེས་ཁས་བླངས་ཚར་དུས། སེམས་ཁྲལ་མ་བྱེད། འགྱུར་མི་སྲིད” ཅེས་ཁ་རྒྱགས་པའི་གཏམ་རིང་འཐེན་ཡོད། ཡིན་ན་ཡང་། མི་ས་འོག་དང་གཏམ་ས་སྟེང་ཞེས་པའི་ཁ་དཔེ་བཞིན་མ་གནས་པར་མི་བཞུད་ཇ་འཁྱགས་པའི་དབང་དུ་ཐོངས། འོ་ན་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་ད་དུང་ཡང་སྔོན་ཆད་ཇི་བཞིན་དུ་གནས་ཡོད་པ་མ་ཡིན་ནམ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སྔོན་ཆད་ཇི་བཞིན་དུ་གནས་མུས་སུ་ཡིན་པ་མ་ཡིན་ནམ།

༡༩༨༤ལོའི་ཟླ ༡༢ ཚེས ༡༩ ཉིན་དབྱིན་རྒྱའི་སྐབས་དེའི་སྲིད་བློ་རྣམ་གཉིས་ཀྱིས་མཚན་རྟགས་བཀོད་ནས་གཏན་ལ་ཕབ་རྗེས། ༡༩༨༥ལོའི་ཟླ ༤ ཚེས ༡༠ ཉིན།  ཐེངས་དྲུག་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་སྐབས་གསུམ་པའི་ཚོགས་ཆེན་སྟེང༼དབྱིན་རྒྱ་མཉམ་འགྲེལ་གསལ་བསྒྲགས༽ལག་ལེན་དུ་བསྟར་རྒྱུ་ཆོག་མཆན་སྤྲད་པས། དུས་དེ་ནས་བཟུང་གསལ་བསྒྲགས་དེ་ཆེས་མཐོའི་ཁྲིམས་བཟོ་ལྷན་ཁང་གིས་ཆོག་མཆན་བཀོད་པའི་ཁྲིམས་ལུགས་ཡིག་ཆ་ཞིག་ཏུ་གྱུར་བ་རེད།

དེ་བཞིན་དུ ༡༩༨༥ལོའི་ཟླ ༥ ཚེས ༢༧ ཉིན་དབྱིན་རྒྱ་གཉིས་ཀས་སོ་སོའི་གཞུང་གི་ཆོག་མཆན་བཀོད་ཟིན་པའི་ཡིག་ཆ་བརྗེ་རེས་བྱས་རྗེས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་དེབ་སྐྱེལ་ཐོ་འགོད་བྱས་ཡོད་པ་རེད།

རྒྱལ་སྤྱིའི་ཆིངས་ཡིག་ཅིག རྒྱལ་ནང་གི་ཁྲིམས་ལུགས་ཡིག་ཆ་ཞིག ལྷན་ཁང་རིམ་པའི་མགྲིན་ཚབ་པ་ཞིག་གིས་སྐད་ཆ་གཅིག་གིས་རྩིས་མེད་དུ་འགྲོ་སྲིད་དམ།  དབུས་ནས་གཞི་རིམ་གྱི་སྐད་གདངས་གཅིག་མཚུངས་ལྕགས་གང་ལྟ་བུའི་རྒྱ་ནག་གཞུང་གི་འགྲོ་ལུགས་ལྟར་ན་ལོའུ་ཁང་ལ་སྙིང་བརྒྱ་གཡར་ཡང་ཏང་གི་ལྟ་སྤྱོད་ལས་བརྒལ་བའི་སྐད་ཆ་ཞིག་བཤད་མི་ཤེས། དེ་ལྟར་བསམ་བློ་བཏང་ན་ལོའུ་ཁང་གི་སྐད་ཆ་དེ་ཁུངས་མེད་ལུང་མེད་ཅིག་ཡིན་ནམ་ཞེས་དོགས་པ་ཟོས་ཆོག

ལོའུ་ཁང་གི་དབྱིན་རྒྱ་མཉམ་འབྲེལ་གསལ་བསྒྲགས་དེ་ལོ་རྒྱུས་ཀྱི་ཡིག་ཚགས་ཞིག་ལས་ཕན་ནུས་མེད་ལུགས་ཀྱི་སྐད་ཆ་དེ་བཤད་ནས་ཉིན་གཅིག་གི་རྗེས་སུ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེང་གིས་ཧོང་ཀོང་གི་བདག་དབང་བླངས་ནས་ལོ ༢༠ འཁོར་བའི་མཛད་སྒོའི་སྟེང “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས” ཞེས་པའི་ལམ་ལུགས་དང་ཧོང་ཀོང་གི་རང་དབང་དང་དམིགས་བསལ་གནས་བབ་ལ་འགྱུར་བ་མེད་ལུགས་ཡང་བསྐྱར་ཁས་ལེན་བྱས་ཡོད་པ་རེད། ཡང་དེ་དང་ཆབས་ཅིག་ཞི་ཅིན་ཕེང་གིས “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས” ཞེས་པར་“གནས་ཚུལ་གསར་བ་དང་གནད་དོན་གསར་བར་ཐུག་ཡོད” ཅེས་ཉེན་བརྡ་དང་སྦྲགས། “རྒྱལ་ཁབ་ཀྱི་བདག་དབང་ལ་གནོན་འཚེ་དང་། དབུས་གཞུང་གི་དབང་ཆ་དང་ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ཀྱི་དབང་གྲགས་ལ་སྒྲུན་ཟླ་སློང་བ། ཧོང་ཀོང་བེད་སྤྱད་ནས་རྒྱ་ནག་ནང་ལོགས་སུ་སིམ་འཛུལ་གཏོར་བརླག་རིགས་ཀྱི་ལས་འགུལ་རིགས་ཚང་མ་ནི་མ་མཐའི་ཚད་ཐིག་ལ་རྡུང་ཐུག་བརྒྱབ་པ་ཡིན་པས། རྩ་བ་ཉིད་ནས་ཁས་འཆེས་མི་སྲིད” ཅེས་ནན་གྱིས་བརྗོད་ཡོད་པ་རེད།

འདི་ནི་ཞི་ཅིན་ཕེང་གིས་ཧོང་ཀོང་མི་དམངས་ལ་བརྒྱབས་པའི་མ་མཐའི་ཚད་ཐིག་དམར་པོ་དེ་ཡིན།

ཞི་ཅིན་ཕེང་ཧོང་ཀོང་དུ་གཟིགས་ཞིབ་ཆེད་ཕེབས་པ་དང་། དྲག་ཆས་ཉེན་རྟོག་པ་ཁྲི་ཚོ་མང་པོས་ཉིན་མཚན་མེད་པར་ཧོང་ཀོང་ལ་ལྟ་སྲུང་ནན་མོ་བྱས་ཀྱང་། ཧོང་ཀོང་མི་དམངས་ཀྱི་སྙིང་སྟོབས་དང་ཆོད་སེམས། ལྷག་པར་དུ་ཧོང་ཀོང་གཞོན་སྐྱེས་ཚོའི་ཞིམ་པ་མེད་པའི་སྙིང་སྟོབས་དང་འགྱུར་བ་མེད་པའི་ཆོད་སེམས་ལ་འགྱུར་བ་སྤུ་རྩེ་ཙམ་ཡང་ཐེབས་མེད། སྤྱི་ཟླ ༧ ཚེས ༡ཉིན། སྲོལ་རྒྱུན་ལྟར་ཧོང་ཀོང་བ་ཁྲི་དྲུག་གིས་ངོ་རྒོ་རྔམ་སྟོན་སྤེལ་ཡོད་ལ། ཐེངས་འདིའི་རྔམ་སྟོན་ཁྲོམ་སྐོར་ལ་བརྗོད་བྱ་གཉིས་ཡོད་ཅིང་། གཅིག་ནི་ཧོང་ཀོང་མི་དམངས་ཀྱི་རང་དབང་དང་། ཡོངས་ཁྱབ་འོས་འདེམས་བྱ་རྒྱུ། ཅིག་ཤས་ནི་མཆིན་པའི་འབྲས་སྐྲན་བྱུང་བའི་སྐུ་ཞབས་ལིའུ་ཞོ་པོ་ཕྱིའི་རྒྱལ་ཁབ་ལ་ཕྱིན་ནས་སྨན་བཅོས་བྱ་རྒྱུར་འབོད་སྐུལ་བྱས་འདུག
དེ་བཞིན་ཞི་ཅིན་ཕེང་ལ་ངོ་རྒོལ་རྣམ་གྲངས་མང་པོ་བྱས་སྟབས། གཞོན་སྐྱེས་དབུ་ཁྲིད་ཧོང་ཀྲི་ཧྥིང་གིས་གཙོས་ན་གཞོན་མང་པོ་དུས་ཡུན་ཐུང་ངུར་འཛིན་བཟུང་དང་བཀག་ཉར་བྱས་འདུག

 

CHINA HONG KONG JULY MARCH
ཧོང་ཀོང་བས་ཞི་ཅིན་ཕེང་ལ་ངོ་རྒོལ་བྱེད་ཀྱིན་པ།

ལོའུ་ཁང་གི་སྨྲ་བརྗོད་དང་ཞི་ཅིན་ཕེང་གི་རྣམ་འགྱུར་གང་ལ་གཞིགས་ཀྱང་། “རྒྱལ་ཁབ་གཅིག” དེ“ལམ་ལུགས་གཉིས” ལས་བརྒལ་ཡོད་པ་གསལ་བོ་རེད།

དེ་རིང་གི་ཧོང་ཀོང་། སང་ཉིན་གྱི་ཐེ་ཝན།

དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུའི་སྟོད་ཙམ་ལ “རྒྱལ་ཁབ་གཅི་ལ་ལམ་ལུགས་གཉིས” ཞེས་ཐོག་མར་གླེང་དུས། གཙོ་བོ་དེ་ཐེ་ཝན་བཅིངས་འགྲོལ་དང་མེས་རྒྱལ་གཅིག་གྱུར་ལ་དམིགས་པ་ཤར་སྟག་རེད། ཡིན་ན་ཡང་། ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པ་དེ་ཧོང་ཀོང་དང་ཨོ་མིན་གི་བདག་དབང་རྩིས་ལེན་སྐབས་ལག་ལེན་དུ་བསྟར་པ་རེད།

འདས་པའི་ལོ ༢༠འི་ནང་། ཧོང་ཀོང་གི་གསར་འགྱུར་སྨྱན་བྱད་ཁག་དང་རིག་གཞུང་ཚན་པས་ཞིབ་འཇུག་ལས། ཧོང་ཀོང་གི་སྲིད་དབང་རྩིས་སྤྲོད་བྱས་རྗེས། གོ་བ་རློན་པས་བཏུམས་པ་བཞིན་པེ་ཅིང་གཞུང་གི་ཧོང་ཀོང་ཐད་ཀྱི་སྲིད་ཇུས་དེ་ལོ་རེ་ལོ་རེར། ཟླ་རེ་ནས་ཟླ་རེར་ཇེ་དམ་ཇེ་དམ། ཐ་ན་དབྱིན་རྒྱ་མཉམ་འབྲེལ་གསལ་བསྒྲགས་དང་ཧོང་ཀོང་གཞི་རྩའི་བཅའ་ཁྲིམས་ལའང་རྩི་འཇོག་མི་བྱེད་པའི་གནས་སྟངས་ཤར་ཞིང་། པེ་ཅིང་གཞུང་གི་མཁྲེགས་བཟུང་སྲིད་ཇུས་དང་འགྲོས་མཉམ་ཀྱིས་ཧོང་ཀོང་བའི་རང་ཐག་རང་གཅོད་ཀྱི་འདུ་ཤེས་ཀྱང་ཉིན་རེ་ནས་ཉིན་རེར་ཇེ་ཆེ་ཇེ་དྲག་ཏུ་ཕྱིན་ཡོད།

ལྷག་པར་དུ་དེང་ཐོག་ཏེང་ཞོ་ཕེང་གིས་འབྱུང་འགྱུར་ལོ ༥༠ལ་འགྱུར་བ་མེད་ཅེས་པའི་ཁས་ལེན་དེའང་ལོ ༢༠འི་རྗེས་སུ་ཁ་དོག་འགྱུར་ཡོད་པས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས” ཞེས་པའི་འོག་བྱུང་བའི་སྤྱི་ཚོགས་ཀྱི་གནད་དོན་སྣ་ཚོགས་ཀྱིས་ཐེ་ཝན་མི་དམངས་ལ་འཇིགས་སྣང་སྐྱེ་རུ་བཅུགས་ཡོད་ལ། ཐེ་ཝན་སྤྱི་ཚོགས་སུ་དེ་རིང་གི་ཧོང་ཀོང་ནི་སང་ཉིན་གྱི་ཐེ་ཝན་ཡིན་ཞེས་ཞེད་ཐག་ཆོད་ཡོད།

ཧོང་ཀོང་མི་དམངས་ལ་མངའ་བའི་ང་རྒྱལ་སྐྱེ་འོས་པའི་རང་དབང་ཁྲིམས་སྐྱོང་ལ་གནོན་གཙེར་ཆེན་པོ་ཐེབས་དང་ཐེབས་ཀྱིན་པ་ལས། རྒྱ་ནག་པེ་ཅིང་གི་ཁ་དན་མི་གནས་པའི་རང་གཤིས་ངན་པ་མཐོང་ཐུབ། དེ་དང་ཆབས་ཅིག “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས” ཞེས་པ་དེ་ཐེ་ཝན་ལ་རྦད་དེ་མི་འཚམས་པ་བདེན་དཔང་བྱས་ཡོད་ཅེས་ཐེ་ཝན་འཛིན་སྐྱོང་ཚོགས་པ་དམངས་གཙོ་ཡར་ཐོན་ཚོགས་པས་ད་ལོའི་སྤྱི་ཟླ ༦ ཚེས ༣༠ གསལ་

 

བསྒྲགས་བྱས་པ་ལྟ་བུའོ། 

ཧོང་ཀོང་གི་ལས་དབང་ལས་བོད་ལ་བསླབ་བྱ་ལེན་རྒྱུ་ཡོད་དམ།

བོད་ལ་མཚོན་ན “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས” ཞེས་པ་དེ་གསར་བ་གང་ཡང་མིན། ༡༩༥༡ལོའི་ཟླ༥ ཚེས ༢༣ ཉིན། རྒྱ་དམག་དཔུང་ཆེན་གྱི་མཐའ་མནན་ནས་མེ་མདའི་མཆུ་འོག་ཏུ་བཞག་པའི་ཆིངས་ཡིག་དོན་ཚན ༡༧ ཟེར་བ་དེ་མིང་དེ་ལྟར་མ་བཏགས་པ་ཙམ་ལས་དོན་གྱིས “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས” ཀྱི་སྲོལ་ཡིན།  གནད་དོན་དབྱེ་ཞིབ་པ་ཚོས་ཀྱང་དེ་ལྟར་ངོས་འཛིན་བྱེད་ཀྱིན་ཡོད།

སྤྱིར་བཏང་བཤད་ན།  བོད་དང་ཧོང་ཀོང་གཉིས་ཕྱོགས་གང་གི་ཐད་ནས་ཀྱང་བསྡུར་ཐབས་མེད། དཔེར་ན་ལོ་རྒྱུས་དང་། རིག་གཞུང་། མི་རིགས། ས་གཤིས། གནས་བབ་དང་གནས་སྟངས་སོགས། ཡིན་ན་ཡང་། འདས་པའི་ལོ་ཤས་ནས་བཟུང་རང་རེའི་བོད་གཞུང་གིས་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཞེས་པ་ཞིག་རྩོད་ལེན་བྱེད་ཀྱིན་པ་འདྲ། དེ་བས་ན། བཤད་སྟངས་ཙམ་མ་གཏོགས་དེ་ཡང “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས” ལྟ་བུ་ཞིག་ཡིན་ཤོས་ཆེ། གལ་ཏེ་ཧོང་ཀོང་མ་དཔེ་བྱས་ནས་ཧོང་ཀོང་གི་ཆབ་སྲིད་གནས་སྟངས་ལྟ་བུ་ཞིག་ལ་རེ་བ་རྒྱག་གིན་ཡོད་ན་དེ་རིང་ཧོང་ཀོང་གི་གནས་སྟངས་ལས་ང་ཚོར་བསླབ་བྱ་ཁ་ཤས་ཤིག་དན་དན་ལེན་རྒྱུ་ཡོད་པར་འདོད།

པེ་ཅིང་གཞུང་གིས་ཧོང་ཀོང་གི་བདག་དབང་མ་བླངས་གོང་ནས་བཟུང་དེ་རིང་བར་དུ་ཧོང་ཀོང་གིས་འཛམ་གླིང་དཔལ་འབྱོར་མ་དངུལ་གྱི་ལྟེ་གནས་ཀྱི་གོ་ས་བཟུང་ཡོད་ལ། དཔལ་འབྱོར་གྱི་ཆ་ནས་རྒྱ་ནག་གཞུང་ལ་རྟེན་མི་དགོས།  མི་རིགས་ཀྱི་ཆ་ནས་བཤད་ན་ཚང་མ་རྒྱ་རིགས་ཡིན། གོམས་སྲོལ་སོགས་ཀྱང་གཅིག་མཚུངས་ཡིན། མ་འདྲ་ས་ཞིག་ཡོད་ན་ཧོང་ཀོང་ལོ་མང་རིང་དབྱིན་ཇིས་དབང་བསྒྱུར་བྱས་སྟབས་འཇིག་རྟེན་ལྟ་བ་དང་རིན་ཐང་གི་ལྟ་བའི་ཐད་ཅུང་ཁ་ཁ་ཡིན་སྲིད། དེ་མིན་གླིང་ཚོམས་ཀྱིས་གྲུབ་པའི་གྲོང་ཁྱེར་དེ་རྒྱ་ནག་སྐམ་ས་ཆེན་པོ་དང་ལོགས་སུ་ཡོད་པས། གལ་ཏེ་རྒྱ་ནག་ཧྲིན་ཀྲིན་གྲོང་ཁྱེར་ནས་ཧོང་ཀོང་བར་གྱི་ལམ་ཁ་གཅིག་པུ་དེ་བཀག་ཚེ་ཧོང་ཀོང་ཁེར་ཆད་དུ་ལུས་ཡོད་ལ་སྲུང་སྐྱོབ་བྱེད་རྒྱུ་ལས་སླ་བོ་ཡིན། ཉེ་བའི་ལོ་ཤས་ནས་བཟུང་རྒྱ་ནག་གི་མཐོ་རིམས་དཔོན་རིགས་དང་ཚོང་པ་ཚོའི་དངུལ་ནག་བཀྲུ་སྒྱུར་གྱི་ས་ཁུལ་གལ་ཆེན་ཞིག་ཏུ་གྱུར་ཡོད་པས་ཧོང་ཀོང་དེ་ཧོང་ཀོང་གི་ངོ་བོས་གནས་ཐུབ་ན་ཁོང་ཚོ་སྒེར་ལའང་ཁེ་ཕན་ཆེན་པོ་ཡོད། དེ་འདྲའི་དགེ་མཚན་ཆེན་པོ་ཡོད་མེད་ལ་མ་ལྟོས་པར་པེ་ཅིང་གཞུང་གིས་ད་དུང་ཡང་ཧོང་ཀོང་ལ་དམ་དྲག་བྱས་དང་བྱེད་ཀྱིན་ཡོད། པེ་ཅིང་གཞུང་གི་འཇིགས་སྣང་གཙོ་བོ་ཞིག་ནི་ཞི་ཅིན་ཕེང་གི་གསུངས་པ་ནང་བཞིན་ཧོང་ཀོང་དེ་རྒྱ་ནག་ནང་ལོགས་སུ་སིམ་འཛུལ་གྱི་ལྟེ་གནས་ཤིག་ཏུ་གྱུར་སྲིད་པར་དོགས་པ་ཡོད་རྒྱུ་རེད། མཐར་ཐུག་ན་རྒྱ་ནག་དམར་ཕྱོགས་ཚོགས་པའི་དབང་བསྒྱུར་ལ་གནོད་འཚེ་མི་ཡོང་རྒྱུར་དམིགས་པ་འབའ་ཞིག་ཡིན།

 

 

གལ་འགངས་ཅན་གཞན་ཞིག་ནི། དེང་ཐོག་རྒྱ་ནག་དང་དབྱིན་ཇི་གཞུང་གིས་མཉམ་འབྲེལ་གསལ་བསྒྲགས་ཞེས་པ་གཏན་འབེབས་བྱེད་སྐབས། གལ་ཏེ་གསལ་བསྒྲགས་ཀྱི་ནང་དོན་བཞིན་མ་སོང་བར་ཕྱོགས་གཅིག་གིས་རྒྱབ་འགལ་བྱས་ན་ཅི་ཞིག་བྱེད་རྒྱུའི་སྐོར་ལ་ཟུར་མཆན་རིགས་གཅིག་ཀྱང་བཞག་མེད། དེའི་སྟབས་ཀྱིས་དེ་རིང་པེ་ཅིང་གཞུང་གིས་གསལ་བསྒྲགས་དེ་ལོ་རྒྱུས་ཀྱི་ཡིག་ཚགས་ཤིག་ལས་ཕན་ནུས་མེད་ལུགས་བརྗོད་ཡོང་དུས་དབྱིན་ཇི་གཞུང་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་མཚོན་ན་ཅི་བྱ་བརྟོལ་མེད་ཡིན། དེ་ནང་བཞིན་དེང་ཐོག་བོད་གཞུང་དང་རྒྱ་ནག་བར་ཆིངས་ཡིག་དོན་ཚན་བཅུ་བདུན་ཟེར་བ་འཇོག་སྐབས་ཀྱང་གལ་ཏེ་ཕྱོགས་གཅིག་གིས་ཆིངས་ཡིག་གི་ནང་དོན་དང་རྒྱབ་འགལ་བྱས་ན་ཅི་ཞིག་བྱེད་རྒྱུའི་ཐད་ཟུར་མཆན་དང་ཟུར་གྱི་གྲོས་ཆོད་ཅི་ཡང་བཞག་མེད་སྟབས། པེ་ཅིང་གཞུང་གིས་བོད་རྒྱའི་ཆིངས་ཡིག་དེ་རྩིས་མེད་རྡོག་རོལ་དུ་བཏང་དུས། བོད་མི་ཚོ་འབྲོ་རྒྱུ་ལས་བྱེད་ཐབས་མེད་པ་ལྟ་བུ་རེད།

ད་དུང་གཞན་ཞིག་ནི། ཧོང་ཀོང་གཞི་རྩའི་བཅའ་ཁྲིམས་ལ་འགྲེལ་བཤད་ཀྱི་ཐོབ་ཐང་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་ལ་ཡོད་པས། འགྱིག་གི་ཐམ་ཀར་གྲགས་པའི་འཐུས་མི་དེ་ཚོས་ཏང་གི་འདུ་ཤེས་འཛིན་སྟངས་ལ་གཞིག་ནས་གང་འདོད་འདོད་དུ་འགྲེལ་བཤད་བྱས་ཆོག་ཚེ། ཧོང་ཀོང་ལ་ཁ་གྲགས་རྒྱུའི་གོ་སྐབས་ཤིག་ཡེ་ནས་མེད་པར་བཏང་ཡོད།

གང་ལྟར། ཧོང་ཀོང་གི་བདག་དབང་རྒྱ་ནག་ལ་རྩིས་སྤྲད་ནས་མི་ལོ ༢༠ ཕྱིན་པའི་དེ་རིང་། བཞུད་ཟིན་པའི་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་ཚེ། དེང་ཐོག་ཏེང་ཞོ་ཕེང་གིས“རྟ་སྔར་བཞིན་རྒྱུགས། བྲོ་སྔར་བཞིན་འཁྲབ། འབྱུང་འགྱུར་ལོ ༥༠འི་ནང་ཧོང་ཀོང་གི་གནས་སྟངས་ལ་འགྱུར་བ་མི་གཏོང” ཟེར་བའི་ཁས་ལེན་དེ་རོ་ས་འོག་དང་གཏམ་ས་སྟེང་ཟེར་བའི་དཔེ་ལྟར་མ་གནས་པ་མ་ཟད། ཐ་ན་དབྱིན་རྒྱ་མཉམ་འབྲེལ་གསལ་བསྒྲགས་ཟེར་བའང “ལོ་རྒྱུས་ཀྱི་ཡིག་ཆ” ཙམ་དུ་གྱུར་ནས། དངོས་ཡོད་དོན་སྙིང་ཅི་ཡང་མེད་པར་གྱུར་ཡོད་མདོག་ཆེ། དེ་བས་ན། གནད་དོན་དབྱེ་ཞིབ་པ་ཚོ་དེང་གི་ཧོང་ཀོང་གི་ཆབ་སྲིད་གནས་བབ་དེ “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས” ཟེར་བའི་སྲིད་ཇུས་ལམ་ལུགས་དེ་རེད་དམ། ཡང་ན། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཅིག” རེད་ཅེས་ཐེ་ཚོམ་གྱི་གནས་སུ་ལྷུང་ཡོད།