ཕུགས་བསམ་ལ་འཐིམ་པའི་མི་རིགས་ཀྱི་དཔའ་བོ།

————སྐུ་ཞབས་ལིའུ་ཞའོ་པའོ་ཡི་དགོངས་རྫོགས་ལ་བྲིས་པ།

 

34944776373_33fa91ca1f_b
སྐུ་ཞབས་ལིའུ་ཞའོ་པའོ།

ལིའུ་ཞའོ་པའོ་ཞེས་བཏགས་པའི་གདོས་བཅས་ཤ་ཁྲག་གི་ཕུང་པོ་དེ་སྤྱི་ལོ ༢༠༡༧ ལོའི་ཟླ ༧ ཚེས ༡༣ ཉིན། ཚེ་ཡི་འཕེན་པ་རྫོགས་ཏེ་སྡུག་བསྔལ་ལས་ཐར་བའི་ཚུལ་བསྟན་པས་ན།  སྨྲ་ཤེས་དོན་གོ་བ་ཚོས་མྱ་ངན་ལས་འདས་སོང་། འཁོར་བ་ལས་ཐར་སོང་། ལྷ་ཡུལ་ལ་འཕུར་སོང་། གཤེགས་སོང་། གྲོངས་སོང་། འདས་སོང་། ཤི་སོང་ཞེས་ང་ཚོ་དང་གཏན་ནས་བྲལ་བར་ངོས་འཛིན་བྱས་པ་རེད། ཡིན་ན་ཡང་། སྐུ་ཞབས་ལིའུ་ཞའོ་པའོ་ཡི་བསམ་བློའི་སྙིང་སྟོབས། བསམ་བློའི་རིན་ཐང་། བསམ་བློ་ཤུལ་རྫས། ད་དུང་ཁོང་གི་རླངས་ཆེན་གྱི་ཕུགས་བསམ་དེ་དུས་དང་ནམ་པ་ཀུན་ཏུ། འཇིག་རྟེན་ཉི་མའི་འོག གོ་ལ་ཟླུམ་པོའི་སྟེང་། ཀྲུང་ཡོན་ས་ཆེན་ཐོག བོང་རྒན་རྐང་གཉིས་རྒྱ་མི་ལས་གཞན་འགྲོ་བའི་ཁྲག་རྒྱུན་དུ། དུས་ནམ་ཡང་ཡལ་བ་མེད་པར་གསོན་པོར་གནས་ངེས་ཡིན།

ནོ་བྷེལ་ཞི་བདེ་གཟེངས་རྟགས་བཞེས་མྱོང་པའི་སྐུ་ཞབས་ལིའུ་ཞའོ་པའོ་རྒྱ་ནག་དམར་གཞུང་གི་བཙོན་འོག་དུ་སྐུ་གཤེགས་པ་དེས་རྒྱ་ནག་པེ་ཅིང་གཞུང་གི་གནས་རིམ་ཇེ་མཐོར་སོང་ནས། ནཱ་ཚི་འཇར་མན་ལས་ཀྱང་བརྒལ་ཡོད་ལ། ཞི་ཅིན་ཕེང་གི་གོ་གནས་དེ་ནུབ་གླིང་པ་ཚོས“བདུད་རྒན”ཞེས་འབོད་པའི་ཧེ་ཊི་ལིར(Hitler)ལས་ཀྱང་མཐོ།  སྐུ་ཞབས་ལིའུ་ཞའོ་པའོ་རྒྱ་གཞུང་གིས་བཙོན་འོག་ནས་དམར་གསོད་བཏང་བ་དེས། རྒྱ་ནག་པེ་ཅིང་གཞུང་སྔར་བྱུང་གི་ལོ་རྒྱུས་སུ་གཅིག་ཀྱང་སླེབས་མྱོང་མེད་པའི་གོ་སར་བསླེབས་ཡོད་པས། ཁྱོད་ཀྱི་དཔེ་ནི་ཁྱོད་ཉིད་དོ་ཟེར་རྒྱུ་ལས་དོ་ཟླ་ཞིག་འགྲོ་བའི་བྱུང་རབས་ཁྲོད་བརྙེད་དཀའ།

སྐུ་ཞབས་ཁཱ་རོལ བོལ ཨོ་སི་ཚི་ཁེ(卡爾·馮·奧西茨基 ,德語:Carl von Ossietzky)ལགས་ལ ༡༩༣༦ ལོའི་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་ཀྱང་། སྐབས་དེའི་ནཱ་ཚི་ཧེ་ཊི་ལིར་གཞུང་གིས་ཁོང་བཙོན་ལ་བཅུགས་ཡོད་སྟབས་གཟེངས་རྟགས་འབུལ་བཞེས་མཛད་སྒོར་ཞུགས་ཐུབ་མེད། སྐུ་གཟུགས་བདེ་ཐང་གི་དབང་གིས ༡༩༣༦ ལོའི་ཟླ ༡༡ ཚེས ༠༧ ཉིན་གློད་བཀྲོལ་ཐོབ། ཟླ་དེའི་ཚེས ༢༣ ཉིན་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཚོགས་ཆུང་གིས་ཁོང་བཞུགས་སའི་ནད་ཁང་དུ་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཁོང་ལ་དངོས་སུ་འབུལ་བའི་མཛད་སྒོ་ཆུང་ཆུང་ཞིག་སྤེལ། ༡༩༣༨ ལོའི་ཟླ ༥ ཚེས ༤ ཉིན་སྐུ་གཤེགས།

༢༠༡༧ ལོའི་ཟླ ༦ ཚེས ༢༦ ཉིན། རྒྱ་ནག་ལོའོ་ཉིན་ཞིང་ཆེན་བཙོན་ཁང་དོ་དམ་ཁང་གི་གཞུང་འབྲེལ་དྲྭ་རྒྱའི་སྟེང་གསལ་བསྒྲགས་ཤིག་སྤེལ་ནས། སྨན་ཁང་གི་བརྟག་ཞིབ་ལ་གཞིགས་ན། སྐུ་ཞབས་ལིའུ་ཞའོ་པའོ་ལ་མཆིན་པའི་འབྲས་སྐྲན་བྱུང་ཡོད་སྟབས། ལོའོ་ཉིན་ཞིང་ཆེན་བཙོན་ཁང་དོ་དམ་ཁང་གིས “ལིའུ་ཞའོ་པའོ་ཁག་ཐེག་བཙུགས་ནས་བཙོན་ཁང་ཕྱི་རོལ་དུ་སྨན་བཅོས་བྱེད་ཆོག”པའི་བཀའ་འཁྲོལ་གནང་ཡོད་ཅེས་བཀོད་འདུག
དེ་བཞིན་དུ་ཧྲིན་ཡང་གསོ་རིག་ཚན་ཁག་ཡན་ལག་སྨན་ཁང་དང་པོས་ལིའུ་ཞའོ་པའོ་ཡི “མཆིན་པའི་འབྲས་སྐྲན་གྱི་ནད་གཞི་དེ་དུས་མཇུག་ལ་བསླེབས”ཡོད་ཚུལ་ཁྱབ་བསྒྲགས་བྱས་འདུག

དེ་ནས་ཉིན ༡༧ གྱི་རྗེས་ཏེ། ༢༠༡༧ ལོའི་ཟླ ༧ ཚེས ༡༣ ཉིན། སྐུ་ཞབས་ལིའུ་ཞའོ་པའོ་སྡུག་བསྔལ་ལས་ཐར་ནས་ཚེ་ཡི་འཕེན་པ་རྫོགས་ཏེ་གཏན་དུ་རང་དབང་ཐོབ་དུས་། དགུང་གྲངས ༦༡ རེད།

སྐུ་ཞབས་ལིའུ་ཞའོ་པའོ་མཆོག་སྐུ་གཤེགས་པའི་ཉིན་མོ་དེ་ནི་རྒྱ་ནག་ཀྲུང་ཡོན་ས་ཆེན་སྟེང་གི་ཆེས་མུན་ནག་གི་ཉི་མ་ཞིག་ལ་ངོས་འཛིན་བྱ་རུང་།
ཡང་དག་པར་བཤད་ན། ངའི་ཁྱོ་ག་ཤི་བ་མ་རེད་ལྕེབས་པ་རེད་ཅེས་པ་ནང་བཞིན། སྐུ་ཞབས་ལིའུ་ཞའོ་པའོ་རྒྱ་ནག་པེ་ཅིང་གཞུང་གིས་དམིགས་ཡུལ་ཡོད་པ། འཆར་གཞི་ཡོད་པ། གོ་རིམ་ཡོད་པའི་ངང་བཀྲོངས་པ་རེད་མ་གཏོགས། རང་བྱུང་གིས་གྲོངས་པར་ངོས་འཛིན་བྱ་མི་རུང་། གང་ཡིན་ཟེར་ན། སྐུ་ཞབས་ལིའུ་ཞའོ་པའོ་ཡི་མཆིན་པའི་འབྲས་སྐྲན་གྱི་ནད་གཞི་དུས་མཇུག་ལ་མ་སླེབས་པའི་སྔོན་དུ་རྒྱ་ནག་གཞུང་གིས་སྨན་བཅོས་བྱས་མེད་ལ་ཕྱི་བསྒྲགས་ཀྱང་བྱས་མེད། ཡོད་ཚད་དལ་དྲགས་ནས་རེ་ཐག་ཆད་རྗེས་ད་གཟོད་རྒྱ་ནག་གཞུང་གིས་བཅོས་མའི་ཟློས་གར་དེ་རིགས་འཁྲབ་པ་རེད།
སྐུ་ཞབས་ལིའུ་ཞའོ་པའོ་རང་དབང་གི་ས་སྟེང་དུ། རང་དབང་གི་མཁའ་དབྱིགས་འབྱིན་རྔུབ་ཁྲོད་གྲོངས་རྒྱུའི་སྐལ་བ་མ་ལྡན་པས། ཁོང་གི་རྣམ་ཤེས་ལའང་རང་དབང་མ་ཐོབ་པ་དེ། རྒྱ་རིགས་དུང་ཕྱུར་བཅུ་གསུམ་པོའི་ངོ་ཚ་ཡིན་ལ། རང་དབང་དམངས་གཙོའི་བདག་ཉིད་ཅན་དུ་འདོད་པའི་ནུབ་ཕྱོགས་རྒྱལ་ཁབ་དག་གི་ངོ་ཚ་ཞིག་དེ་བས་ཀྱང་ཡིན།

སྐུ་ཚེ་ལོ་རྒྱུས།

རླབས་ཆེན་གྱི་སྐྱེས་བུ་འདིའི་འཁྲུངས་ས་འཁྲུངས་ཡུལ་དང་། ཕ་ཁུངས་མ་རྒྱུད། མཛད་པ་འཕྲིན་ལས་སོགས་དགོས་དབང་གིས་ངོ་སྤྲོད་ཧ་ཅང་མདོར་བསྡུས་ཤིག་ཞུས་ན།

སྐུ་ཞབས་ལིའུ་ཞོ་ལོ་མཆོག་ནི། ༡༩༥༥ལོའི་ཟླ ༡༢ ཚེས ༢༨ ཉིན་རྒྱ་ནག་ཇི་ལིན་ཞིང་ཆེན་ཁྲང་ཁྲོན་གྲོང་ཁྱེར་དུ་འཁྲུངས་ཤིང་། སྐུ་ཚེའི་སྟོད་དུ་ན་གཞོན་ཤེས་ཡོན་ཅན(知识青年)བྱས་མྱོང་ཡོད་ལ། བཟོ་སྐྲུན་ལས་བཟོ་བའང་བྱས་མྱོང་ཡོད།

༡༩༧༧ ནས ༡༩༨༢ བར། ཇི་ལིན་སློབ་ཆེན་རྒྱ་ཡིག་སྡེ་ཚན་དུ་སློབ་སྦྱོང་གནང་ཞིང་ཤེས་རམས་པའི་ཡོན་ཐོབ་བླངས།

༡༩༩༦ལོར་པེ་ཅིང་དགེ་ཐོན་སློབ་ཆེན་གྱི་འབུམ་རམས་པའི་ཡོན་ཐོབ་བླངས་ནས་སློབ་ཆེན་དེར་དགེ་རྒན་ཆེན་མོའི་ཕྱག་ལས་གནང་།

༡༩༨༠འི་ནང་། རྒྱ་ནག་སྲོལ་རྒྱུན་རིག་གནས་ལ་དགག་སྒྲུབ་ཀྱི་སྐད་གྲགས་ཅན་གྱི་རྩོམ་ཡིག་མང་པོ་སྤེལ་ཞིང་། རྩོམ་རིག་སྡིངས་ཆ་རུ “རྟ་ནག” ཞེས་གྲགས་ནས། དེང་རབས་བསམ་བློའི་ཡངས་པའི་རྩྭ་ཐང་སྟེང་ང་རྒྱལ་གྱིས་རྒྱུགས་པའི་མཐུར་མེད་རྟ་ནག་དེ་དུས་རབས་དེའི་ཤེས་ལྡན་གཞོན་སྐྱེས་ཚོགས་ཀྱི་ཁ་མིག་ཡར་ལྟ་བྱེད་ས་དང་བསམ་པའི་དབུ་ཁྲིད་དུ་གྱུར།

༨༩ ལོར། ཨ་རི་ཀི་ལོན་བྷེ་ཡ་གཙུག་ལག་སློབ་ཆེན་དུ་གདན་ཞུས་ཆེད་མཁས་པའི་མཚན་ཐོག་རིག་གཞུང་བརྗེ་རེས་ཀྱི་ལས་དག་མཛད་དུས་སུ། པེ་ཅིང་གནམ་བདེ་སྒོ་མོའི་ཆེ་ཐང་ཆེན་དུ་གློ་བུར་དུ་སློབ་མའི་དམངས་གཙོ་ལས་འགུལ་ལངས་སྟབས། མི་རིགས་ཤིག་གི་མདུན་ལམ་སེམས་ལ་བཅངས་ཤིང་། ཤེས་ལྡན་གཞོན་སྐྱེས་ཤིག་གི་འོས་འགན་ཕྲག་ཏུ་ཁུར་ནས། སེམས་ཤུགས་དྲག་པས། ལྷག་བསམ་དག་པོས། རྒྱ་སྟག་དམར་པོ་ཁྲག་ལ་ངམ་ངམ། དཔའ་རྒོད་ཡ་མེད་གཡུལ་ལ་ངམ་ངམ། ཨ་རིའི་ཕྱག་ལས་ཡོད་ཚད་བཞག་ནས། དེ་མ་ཐག་གནམ་གྲུའི་འཛིན་བྱུང་ཉོས་ནས་ཕྱིར་རྒྱ་ནག་ཏུ་ལོག་ནས་དྲུག་བཞི་སློབ་མའི་ལས་འགུལ་གྱི་བློ་འདོད་པའི་ཚུལ་གྱིས་རྒྱ་ཆེ་ཡུན་རིང་གི་ལས་འགུལ་དེར་ཞུགས།

སྐུ་ཞབས་ལིའུ་ཞའོ་པའོ་དང་། ཥིག་ཏི་ཇན། ཀོ་ཞིང་། ཀྲུག་ཐོའུ་བཅས་ལ་གནམ་བདེ་སྒོ་མོ་ཆེའི “སྐྱེས་མཆོག་བཞི” ཞེས་གྲགས།
༡༩༨༩ ལོའི་ཟླ ༦ཚེས ༦ ཉིན། སྐུ་ཞབས་ལིའུ་ཞའོ་པའོ་ལ “གསར་བརྗེ་ངོ་ལོག་དང་ངན་སྐུལ་དྲིལ་བསྒྲགས་བྱས་པའི” ཉེས་མིང་བཙུགས་ནས་འཛིན་བཟུང་བྱས་ཤིང་། ལོ་དེའི་ཟླ ༩ བར། དགེ་རྒན་ཆེན་མོའི་ལས་གནས་ནས་གནས་དབྱུང་བཏང་།

༡༩༩༡ ལོའི་ཟླ ༢ པར་གློད་བཀྲོལ་བཏང་རྗེས། པེ་ཅིང་དུ་རྩོམ་ལས་དང་རྒྱ་ནག་དམངས་གཙོའི་ལས་འགུལ་སོགས་བྱ་འགུལ་སྤེལ།

༡༩༩༥ ལོའི་ཟླ ༥ བ་ནས ༡༩༩༦ལོའི་ཟླ ༡ པོའི་བར་པེ་ཅིང་དུ་བཀག་ཉར་བྱས།

༡༩༩༦ ལོ་ནས ༡༩༩༩ ལོའི་བར། “སྤྱི་ཚོགས་འགྲིག་ལམ་ལ་གཏོར་བརླག་བྱས་པའི” ཉེས་མིང་འོག་ངལ་རྩོལ་བསྒྱུར་བཀོད་ལོ ༣ ལ་བྱས། གློད་བཀྲོལ་ཐོབ་རྗེས་པེ་ཅིང་དུ་མུ་མཐུད་ནས་རང་དབང་རྩོམ་ལས་གནང་།

ལོ་ཟླ་དེ་དག་ཏུ་། སྐུ་ཞབས་ལིའུ་ཞའོ་པའོ་ཡིས་རྩོམ་ཡིག་སྤེལ་ནས་གཙོ་བོ་སྐབས་དུས་ཀྱི་ཆབ་སྲིད་ལ་དགག་རྒྱག་དང་། དམངས་ཁྲོད་ཐོབ་ཐང་སྲུང་སྐྱོབ་ལ་ཐུགས་ཁུར་ཆེན་པོ་གནང་། བྱ་སྤྱོད་དེའི་དབང་གིས་གང་ཉིད་རྒྱ་ནག་གཞུང་གི་ལྟ་ཞིབ་བྱེད་ཡུལ་གྱི་དམིགས་འབེན་དུ་གྱུར།
༢༠༠༨ ལོར། ལིའུ་ཞའོ་པའོ་སོགས་བསམ་བློ་ཅན་འགས་རྒྱ་ནག་གི་ལམ་ལུགས་ཀྱི་རྣམ་པ་འཕེལ་འགྱུར་ལ་དམིགས་པའི༼རྩ་འཛིན༠༨མ༽  ཞེས་པ་ཟིན་བྲིས་སུ་བཏབས་ནས་བཀྲམས།  ༼རྩ་འཛིན༠༨ མ༽   རྒྱ་ནག་ཕྱི་ནང་གཉིས་སུ་སྐད་གྲགས་ཆེན་པོ་ཆགས་པ་མ་ཟད་ཤུགས་རྐྱེན་ཆེན་པོ་ཐེབས།
དུས་དེ་ནས་བཟུང་སྐུ་ཞབས་ལིའུ་ཞའོ་པའོ་རྒྱ་ནག་གཞུང་ལ་འགྲན་སློང་གི་ནུས་པ་འཛོམས་པའི་བསམ་བློའི་དབུ་ཁྲིད་དུ་གྱུར་ཞིང་། པེ་ཅིང་གཞུང་ལ ༨༩ ལོའི་རྗེས་སུ་བྱུང་མ་མྱོང་བའི་འཇིགས་སྐྲག་ཅིག་བསླངས་སྟབས། པེ་ཅིང་གཞུང་གིས་མིག་ནང་གི་ཚེར་མ་བཞིན་སེ་གོལ་གྱི་ཡུན་ཙམ་ལའང་མི་བཟོད་པར་རིངས་པ་རིངས་པར་རྩ་མེད་དུ་གཏོང་རྒྱུའི་ངན་ཇུས་འཐེན།

༢༠༠༩ ལོའི་ཟླ ༡༢ ཚེས ༢༥ ཉིན། པེ་ཅིང་མི་དམངས་འབྲིང་རིམ་ཁྲིམས་ཁང་དང་པོས “རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་པའི” ཉེས་མིང་བཀལ་ནས་ལིའུ་ཞའོ་པའོ་ལ་ལོ ༡༡ གི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༡༠ ལོའི་ཟླ ༡༢ ཚེས ༢༦ ཉིན་ནས། སྐུ་ཞབས་ལིའུ་ཞའོ་པའོ་ཡིས་རྒྱ་ནག་ལོའོ་ཉིན་ཞིང་ཆེན་ཕན་ཆིན་བཙོན་ཁང་དུ་ཁྲིམས་ཆད་ཁུར།

སྐུ་ཞབས་ལིའུ་ཞའོ་པའོ་བཙོན་ལ་བཅུགས་པ་དང་དུས་མཚུངས་སུ། ཁོང་གི་སྐུ་ཟླ་ལྕམ་ལིའུ་ཞཱ་ཡང་པེ་ཅིང་ཧེ་ཏེང་ཁུལ་གྱི་རང་ཁྱིམ་དུ་བཟང་བཙོན་དུ་བཀག་ཡོད། འོན་ཀྱང་། རྒྱ་ནག་གཞུང་གིས་དུས་དེ་རིང་ད་དུང་ལྕམ་ལིའུ་ཞཱ་ལ་ལྟ་རྟོགས་ནན་མོ་བྱེད་དགོས་དོན་འགྲེལ་བཤད་ཚིག་གཅིག་ཀྱང་བརྒྱབ་མེད་པ་མ་ཟད། ལིའུ་ཞཱ་ནི “རང་དབང་གི་མི” ཡིན་ལུགས་བཤད་ཀྱིན་ཡོད།

གཟེངས་རྟགས་དང་བརྩམས་ཆོས།

༡༩༩༠དང༡༩༩༦ཐེངས་གཉིས་ལ་ཨ་རིའི་མི་ཐོབ་ལྟ་ཞིབ་ཀྱི་ཧེལ་མན (hellman)མི་ཐོབ་གཟེངས་རྟགས་ཐོབ།

༢༠༠༤ལོར་རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་དང་ཧྥ་རན་སི་ཐེབས་རྩའི༢༠༠༤ལོའི་སྨྲ་བརྗོད་རང་དབང་སྲུང་སྐྱོབ་གཟེངས་རྟགས་ཐོབ།

༢༠༠༩ ལོར་ཨ་རི་སྨྱུག་ཚོགས་ཀྱི་ལོ་དེའི་བྷ་བྷ་ར གྷོལ་ཌི་སི་མི་ཐི་Barbara Goldsmithརང་དབང་རྩོམ་འབྲི་གཟེངས་རྟགས་ཐོབ་པ་སོགས་འཛམ་གླིང་ཁྱོན་ཡོངས་སུ་གྲགས་ཆེ་བའི་གཟེངས་རྟགས་བཅུ་གྲངས་ཤིག་ཐོབ་ཡོད།

ཁོང་གི་བརྩམས་ཆོས་འགའ་དྲངས་ན། ༼  གདམ་ཀའི་སྐྱོན་བརྗོད། ལི་ཙེ་ཥིག་དང་བགྲོ་གླེང༽  ། ༼  མཛེས་དཔྱོད་དང་མིའི་རང་དབང༽  ། ༼  གཅེར་བུ་སྦྱིག་མོར་ལྷ་མདུན་ལ་འགྲོ༽  ། ༼  དེང་རབས་རྒྱ་ནག་གི་ཆབ་སྲིད་དང་རྒྱ་ནག་གི་ཤེས་ལྡན་མི་སྣ༽   ། ༼ དགེ་སེམས་ལ་རྫུན་བཤད་པའི་མི་རིགས༽  །  ༼   མ་འོངས་པའི་རྒྱ་ནག་གི་རང་དབང་དེ་དམངས་ཁྲོད་ན་ཡོད༽  ། ༼  དུག་ཅན་རལ་གྲི་སོ་གཅིག་མ། དེང་རབས་རྒྱ་ནག་གི་མི་རིགས་རིང་ལུགས་ལ་སྐྱོན་བརྗོད༽  ། དེ་བཞིན་ཁོང་གི་དཔྱད་རྩོམ་ཕྱོགས་བསྒྲིགས༼  ང་ལ་དགྲ་བོ་མེད༽  སོགས།

ནོ་བྷེལ་ཞི་བདེ་གཟེངས་རྟགས།

༢༠༡༠ ལོའི་ཟླ ༡༠ ཚེས ༨ ཉིན། ནོ་བྷེལ་ཞི་བདེ་ཐེབས་རྩས་སྐུ་ཞབས་ལིའུ་ཞའོ་པའོ་ལ་ལོ་དེའི་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་པ་ཁྱབ་བསྒྲགས་བྱས། ཁོང་ནི་ལོ་རྒྱུས་སུ་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་རྒྱ་རིགས་ཐོག་མ་དེ་ཡིན་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་མི་སེར་ཐོག་མ་དེའང་ཡིན།

ད་ལྟ་བོད་རྒྱ་ནག་གི་བཙན་དབང་འོག་ཡོད་སྟབས། རྒྱལ་སྤྱིའི་འགྲོ་ལུགས་ལྟར་ན་རྒྱལ་ཁབ་གཞན་གྱི་རྒྱལ་ཁོངས་སུ་ཞུགས་མེད་པའི་བོད་མི་ཡོངས་རྫོགས་རྒྱ་ནག་གི་མི་སེར་ཡིན་དགོས་མོད། འོན་ཀྱང་། ༧སྤྱི་ནོར༧གོང་རྒྱལ་བ་རིན་པོ་ཆེ་མཆོག་ལ ༡༩༨༩ ལོར་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་དུས།  ཐོ་འགོད་ལྟར་ན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱལ་ཁོངས་རེའུ་མིག་ནང“རྒྱལ་ཁོངས་མེད” ཅེས་བྲིས་ཡོད་པ་རེད།
དཔྱད་འདེམས་ཚོགས་ཆུང་གིས་ནོ་བྷེལ་ཞི་བདེ་གཟེངས་རྟགས་སྐུ་ཞབས་ལིའུ་ཞའོ་པའོ་ལ་ཕུལ་བའི་རྒྱུ་མཚན་དུ། ‘འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་དུས་ཡུན་རིང་པོར་འཚེ་མེད་ཞི་བའི་ལམ་ནས་རྩོད་ལེན་གནང་བ། རང་དབང་གི་ཆེད་དུ་བཙོན་འཇུག་དཀའ་སྡུག་ཚད་མེད་མྱངས་པ། སྐུ་ཞབས་ལིའུ་ཞའོ་པའོ་ནི་རྒྱ་ནག་གི་མི་ཐོབ་འཐབ་རྩོད་ཀྱི་མཚོན་རྟགས་དང་རྡོ་རིང་ཡིན’ཞེས་བཀོད་འདུག

ལོ་དེའི་ཟླ ༡༢ ཚེས ༡༠ རྒྱལ་སྤྱིའི་ཞི་བདེའི་ཉིན་མོར། བཙོན་འོག་ན་ཡོད་པའི་སྐུ་ཞབས་ལིའུ་ཞའོ་པའོ་ནོར་ཝེའི་རྒྱལ་ས་ཨོ་སི་ལོ་རུ་བསྐོངས་པའི་ནོ་བྷེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོར་ཞུགས་ཐུབ་མེད་པ་མ་ཟད། ཁོང་གི་ནང་མིས་ཁོང་གི་ཚབ་བྱེད་རྒྱུའང་རྒྱ་ནག་གཞུང་གིས་བཀག་པ་རེད།

དེ་འདྲའི་གནས་སྟངས་འོག ནོ་བྷེལ་ཞི་བདེ་གཟེངས་རྟགས་ཚོགས་ཆུང་གིས་མཛད་སྒོའི་སྟེགས་བུའི་སྟེང“རྐུབ་སྟེགས་སྟོང་པ” ཞིག་བཞག་ནས་ཁོང་གི་ཚབ་བྱས་པ་རེད།

5251454906_4171c3c36e_b

དུས་དེ་ནས“རྐུབ་སྟེགས་སྟོང་པ”དེ་རྒྱ་ནག་གཞུང་གི་ངོ་ཚ་དང་ཉེས་པའི་དཔང་རྟགས་སུ་གྱུར་ཡོད།

ལིའུ་ཞའོ་པའོ་ཉམ་ང་བས་གཤེགས་པ་དེ་ཀྲུང་ཧྭ་མི་རིགས་ཀྱི་ངོ་ཚ་ཡིན།

སྐུ་ཞབས་ལིའུ་ཞའོ་པའོ་ད་གཟོད་ང་ཚོ་དང་ཁ་གྱེས་སོང་། གང་ཉིད་དགའ་ཞིང་ཞེན་པའི་ས་ཆེན་དེ་དང་ཁ་བྲལ་ནས་བཞུད་སོང་། དེ་དང་ཆབས་ཅིག རྒྱ་ནག་གི་རང་དབང་གི་དཔལ་འབར་དེའང་གཟིམས་སོང་།

གང་གི་ཚེ་ཡི་འཕེན་པ་རྫོགས་ནས་གཤེགས་པ་དེ། གསལ་ཞིང་མྱུར་བའི་གློག་ཞག་ཞིག་ནང་བཞིན་རྒྱ་ནག་སྲིད་དབང་སྒེར་གཅོད་པའི་མུན་ནག་གི་མཚན་མོ་དེ་འཕྲེད་དུ་གཤགས་ཡོད།

སྐུ་ཞབས་ལིའུ་ཞའོ་པའོ་རྒྱ་ནག་གི་བཙོན་འོག་ཏུ་སྐུ་གཤེགས་པ་དེས་ང་རང་ཉིད་ཐེ་བའི་ལུས་སྟེང་ན་ཁྲག་དྲོད་མོ་བཞུར་བཞིན་པའི། སེམས་གཏིང་ན་སྙིང་རྗེ་ཡོད་པ། སྤྱོད་པར་འཚེ་བ་དང་བྲལ་བའི་གང་ཟག་མང་པོ་ཞིག་གི་སེམས་སུ་མི་བཟོད་པའི་སྡུག་བསྔལ་བསྐྲུན།
མཛའ་བརྩེས་ཁེངས་པའི། སྲ་བརྟན་གྱིས་གྲུབ་པའི། འཇིགས་པ་དང་བྲལ་བའི།   རླབས་ཆེ་བའི་རང་དབང་གི་སྙིང་གསོན་པོ་ཞིག་གི་འཕར་རྩའི་ལྡིང་མཚམས་ཆད་སོང་།

སྐུ་ཞབས་ལིའུ་ཞའོ་པའོ་སྐུ་གཤེགས་པ་དེས་ཁོང་དང་འབྲེལ་བ་ཡོད་མེད་གང་ཟག་བགྲང་བྱ་ལས་འདས་པའི་སེམས་སུ་ན་ཟུག་བསྐྲུན་ཡང་། དེ་བས་ཀྱང་གལ་ཆེ་བ་ཞིག་ནི། སྐུ་ཞབས་ལིའུ་ཞའོ་པའོ་སྐུ་གཤེགས་པ་དེས་དུས་རབས་གསར་བ་ཞིག་བསླེབ་ལ་ཉེ་བ་མཚོན་ཡོད།

གལ་ཏེ་སྐུ་ཞབས་ལིའུ་ཞའོ་པའོ་ལ་དཔེ་མཚོན་ཞིག་འཚོལ་དགོས་པའི་དབང་དུ་སོང་ན། ཁོང་གི་དཔེ་རུ་འོས་པ་ཞིག་འཇིག་རྟེན་འདིའི་སྟེང་འཚོལ་དཀའ་མོད། ཉེ་ཤས་ཤིག་ནི ༡༩༧༥ ལོར་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་ཨུ་རུ་སུའི་རྡུལ་ཕྲན་དངོས་ལུགས་རིག་པ་བ་སྐུ་ཞབས་སཱ་ཧ་རོ་ཧྥུ་ལགས་ཡིན་རྒྱུ་རེད། སྐུ་ཞབས་སཱ་ཧ་རོ་ཧྥུ་ལགས ༡༩༨༩ ལོའི་ཟླ ༡༢ བར་སྐུ་གཤེགས་པ་དང་། ལོ་གཉིས་ཀྱི་རྗེས་སུ། སུའུ་ལེན་བཙན་རྒྱལ་རིང་ལུགས་ཀྱི་རྒྱལ་ཁབ་དེ་ཞག་གཅིག་གི་རིང་གློ་བུར་ངང་འུར་འུར་དུ་འགྱེལ་ནས་ཚོགས་པ་འཐོར་ནས་རྒྱལ་ཁབ་སྟོངས་སོང་།

དེ་རིང་མི་རྣམས་པའི་མདུན་དུ་ལྷག་པའི་དྲི་བ་ཆེན་པོ་ཞིག་ནི། རྒྱ་ནག་ག་འགྲོ་འདི་འགྲོ་ཡི་གནད་དོན་དེ་ཡིན། དེ་རིང་གི་རྒྱ་ནག་དེ་འདུ་ཤེས་ཀྱི་སོ་ཁ་ན་ཡོམ་ཡོམ་དུ་གནས་ཡོད་ལ། ལིའུ་ཞའོ་པའོ་གཤེགས་པས་ཐེབས་པའི་ན་ཟུག་དང་སྡུག་བསྔལ་གྱིས་མི་རྣམས་ལ་རྒྱ་ནག་གི་མ་འོངས་པ་དང་མདུན་ལམ་ལ་དོ་སྣང་སྔར་མེད་པ་ཞིག་བྱེད་རྒྱུར་སྐུལ་ལྕག་ཐེབས་ངེས་ཡིན། དེ་དང་དུས་མཚུངས་སུ་རྒྱ་ནག་དེང་གཞུང་དང་ནང་སྒོས་སུ་ཞི་ཅིན་ཕེང་གི་འགྲོ་བ་མིའི་ཡོངས་ཁྱབ་རིན་ཐང་གི་ལྟ་བ་དང་ཡོངས་སུ་འགལ་བ། རྒྱ་ནག་མི་མང་གི་ལས་དབང་ལ་རྒོལ་ཞིང་རྡུང་བའི་ངན་པ་དགུ་འཛོམས་ཀྱི་སྤྱོད་ངན་གཤིས་ངན་བསམ་ངན་དེ་དམར་རྗེན་དུ་བཏོན་ཡོད་པས། རྒྱ་ནག་དེང་གཞུང་གི་ངོ་གདོང་ངོ་མ་དེ་མི་རྣམས་པའི་སྣང་ངོ་ན་ས་རས་ཐང་གསལ་ཡིན།   དེ་བཞིན་དུ་འཛམ་གླིང་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་ཞིག་དེ་ལྟར་ཉམ་ང་བར་གཤེགས་པ་དེས་འཛམ་གླིང་ཧྲིལ་བོའི་དོ་སྣང་བསླངས་ཡོད་པས། ལིའུ་ཞའོ་པའོ་སྐུ་གཤེགས་པའི་ཉི་མ་དེ་དུས་རབས་ཤིག་གི་ཀྱོག་མཚམས་ཤིག་ཅིས་ཀྱང་ཡིན་དགོས།

རྒྱ་ནག་གི་ང་རྒྱལ་ཁེངས་དྲེགས། ནུབ་གླིང་གི་ཉམས་རྒུད་དང་རང་དོན་ཚ་བོ།

སྐུ་ཞབས་ལིའུ་ཞའོ་པའོ་ལ་བཅོས་ཐབས་མེད་པའི་མཆིན་པའི་འབྲས་སྐྲན་གྱི་ནད་བྱུང་བའི་གནས་ཚུལ་ཕྱི་རུ་བསྒྲགས་མ་ཐག ལིའུ་ཞའོ་པའོ་རང་ཉིད་དང་སྐུ་ཟླ་ལིའུ་ཞཱས་གཙོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལིའུ་ཞའོ་པའོ་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་སྨན་བཅོས་ཆེད་གཏོང་དགོས་པའི་རེ་འདུན་ཡང་ནས་ཡང་དུ་ཞུས་ཀྱང་། རྒྱ་ནག་ཞི་ཅིན་ཕེང་དེང་གཞུང་གིས་སྡིག་པ་མིག་བཙུམ་གྱིས་སྤྱིར་ན་འཛམ་གླིང་མི་དམངས་དང་བྱེ་བྲག་ལིའུ་ཞའོ་པའོ་ཡི་འཆི་ཁའི་རེ་བ་དེ་བསྐངས་མེད།

འོ་ན་རྒྱ་ནག་ལ་ང་རྒྱལ་ཁེངས་དྲེགས་དེ་འདྲ་ཞིག་གང་ནས་སྐྱེས་པ་རེད་དམ་ཟེར་ན། དེ་ལ་ལན་འདེབས་དགོས་ན་ངེས་པར་དུ་ཕྱོགས་གཉིས་ནས་བཤད་དགོས། གཅིག་ནི་རྒྱ་ནག་གུང་ཁྲན་གྱི་རྒྱལ་ཁབ་མཚན་ཉིད་རིག་པ་དང་། ཅིག་ཤས་ནི་ནུབ་གླིང་གི་ཉམས་རྒུད་དང་རང་དོན་ཚ་བོ།

ཞི་ཅིན་ཕེང་དང་ཞི་ཅིན་ཕེང་དཀྱིལ་འཁོར་ན་ཡོད་པའི་ཝ་ཚོགས་དེས་སྐུ་ཞབས་ལིའུ་ཞའོ་པའོ་ཁོང་ཚོའི་བཙོན་འོག་ཏུ་གྲོངས་ཚེ་མཇུག་འབྲས་ཅི་ཞིག་ཡོང་རྒྱུ་མ་ཤེས་པ་གཏན་ནས་མིན། དེ་རིང་གི་པེ་ཅིང་གཞུང་དང་དེ་སྔའི་པེ་ཅིང་གཞུང་གཉིས་བསྡུར་ཐབས་མེད། དེ་རིང་གི་རྒྱ་ནག་དེ་དཔལ་འབྱོར་གྱི་ཆ་ནས་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་གྱི་གྲལ་དུ་ཚུད་ཡོད་ལ། དམག་དོན་གྱི་ཆ་ནས་ཀྱང་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཁ་གཏད་དོ་ཟླར་གཅོག་ཐུབ་པའི་སར་བསླེབས་ཡོད། ཆོས་ཉིད་ལྟར་ན། རྒྱལ་ཁབ་སྟོབས་ཆེན། རྒྱལ་ཁབ་ཆེན་པོ་ཞིག་གི་གོ་སར་བསླེབས་དུས། རྒྱལ་ཁབ་ཆེན་པོ་ཞིག་གི་འོས་འགན་མ་བསྐུལ་ངང་གིས་ཁུར་ནས་འཛམ་གླིང་ཡོངས་ཁྱབ་རིན་ཐང་ལ་སྲུང་སྐྱོང་བྱེད་མཁན་འཐབ་མོ་བ་ཞིག་ཆགས་དགོས་མོད། འོན་ཀྱང་རྒྱ་ནག་པེ་ཅིང་གཞུང་དེ་ལས་རྦད་དེ་ལྡོག་ནས། དཔལ་འབྱོར་དང་དམག་དོན་གྱི་སྟོབས་ཤུགས་དེ་གཞན་ལ་འཇིགས་སྐུལ་དང་བཙན་དབང་བྱེད་པའི་ལག་ཆ་རུ་སྤྱད་ནས་འགྲོ་བ་མིའི་སྤྱི་སྲོལ་དང་། རྒྱལ་སྤྱིའི་འགྲོ་ལུགས་འདུག་སྟངས་ལ་གཏོར་བརླག་བཏང་དང་གཏོང་གིན་ཡོད། ལྷག་པར་དུ་དེ་རིང་གི་པེ་ཅིང་ཞི་ཅིན་ཕེང་གཞུང་གིས་བློ་ཐག་གཙང་བཅད་ཀྱིས་འཇིག་རྟེན་དཔལ་ཡོན་ལེགས་བྱང་གི་དགྲ་ཟླར་ལངས་ནས། རྒྱལ་ཁབ་མཚན་ཉིད་རིག་པ་ལྟར་དམར་པོའི་བཙན་རྒྱལ་རིང་ལུགས་ཀྱི་ལམ་ལ་ཞུགས་ནས་ནུབ་གླིང་གི་དོ་བསྡོ་བཞིན་ཡོད། འདི་རྒྱུ་མཚན་དང་པོ་ཡིན།

དུས་རབས་སྔོན་མའི་ལོ་རབས་དགུ་བཅུར་བྷེལ་ཁི་ལིན་ཊིན་ཨ་རིའི་སྲིད་འཛིན་ཆགས་པའི་དུས་དེ་ནི། ཨ་མེ་རི་ཀའི་སྟོབས་འབྱོར་འཛམ་གླིང་ཡང་རྩེར་སོན་པའི་དབང་དུ་བཏང་ན། ཆོས་ཉིད་ལྟར་ན་ཡང་རྩེར་སོན་རྗེས་རྩེ་རུ་གནས་མ་ཐུབ་ཚེ་མར་ཟགས་རྒྱུ་ལས་གདམ་ཀ་གཞན་མེད་པས། དུས་དེ་ནུབ་གླིང་རྒྱལ་ཁབ་ཉམས་རྒུད་ཀྱི་མགོ་ཚུགས་པའི་དུས་སུ་ངོས་འཛིན་བྱས་ཆོག ནུབ་ཕྱོགས་རྒྱལ་ཁབ་ཉམས་རྒུད་དུ་སོང་བ་དེ་རྒྱ་ནག་དར་རྒྱས་ཀྱི་མཐུན་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན་ལ། ལྷག་པར་དུ་འདས་པའི་ལོ ༢༠འི་རིང་། ཨ་རི་བྷེན་ལ་ཊེན་གྱིས་བསླངས་པའི་འཇིགས་སྐུལ་འཐབ་འཁྲུག་ནང་ལྷུང་ནས་ཆུར་ཟགས་འཇིམ་སྐུས་རང་མགོ་མི་ཐོན་པའི་དུས་ཡུན་དེ། ཞི་བདེ་རྒྱ་མཚོའི་ཕ་རོལ་གྱི་རྒྱ་ནག་དམར་གཞུང་ལ་མཚོན་ལ་གནམ་རྒན་མས་གནང་བའི་དར་རྒྱས་དང་རྗེས་སྙེག་གི་གོ་སྐབས་ཤིག་ཏུ་གྱུར། ཨ་རིའི་སྲིད་འཛིན་བྷེལ་ཁི་ལིན་ཊིན་གྱིས་རྒྱ་ནག་ལ་དམིགས་བསལ་གཟིགས་སྐྱོང་རྒྱལ་ཁབ་ཀྱི་ཐོབ་ཐང་སྤྲད་ནས་འཛམ་གླིང་ཚོང་དོན་སྒྲིག་འཛུགས་སུ་ཞུགས་རྒྱུར་རྒྱབ་སྐྱོར་བྱས་ཏེ། རྒྱ་ནག་ལ་རྒྱལ་ཁབ་གཞན་ལས་ལྷག་པའི་མཐུན་རྐྱེན་མང་པོ་ཞིག་བསྐྲུན་པ་རེད། དེ་འདྲའི་ངང་བསམ་ན། རྒྱ་གར་པད་ཆེན་བོད་ལ་བཀའ་དྲིན་ཆེ་ཞེས་བ་ཇི་བཞིན། བྷེལ་ཁི་ལིན་ཊིན་དང་བྷེན་ལ་ཊེན་གཉིས་རྒྱ་ནག་པེ་ཅིང་གཞུང་ལ་མཚོན་ན། ལྷ་ཁང་བཞེངས་ནས་མཆོད་ཡུལ་དུ་བཀུར་འོས་པའི་བཀའ་དྲིན་མཛད་མེད་ཀྱི་མི་སྣ་གཉིས་ཡིན། འདི་རྒྱུ་མཚན་གཉིས་པ་ཡིན།

Screen Shot 2017-07-23 at 11.43.36

ཞི་ཅིན་ཕེང་གཞུང་གིས་ལིའུ་ཞའོ་པའོ་ཡི་ཤི་གསོན་དང་གློད་བཀག་ལ་དཔྱད་དཔག་ཅིག་བྱས་ཡོད་། གལ་ཏེ་ལིའུ་ཞའོ་པའོ་གསོན་པོར་གློད་ནས་ཕྱི་ནང་གང་དུ་བཞུགས་ཀྱང་། རྒྱ་ནག་གཞུང་ལ་སྒྲུན་ཟླ་སློང་ནུས་པའི་རྒྱ་རིགས་དེ་ཆགས་འགྲོ་བ་མ་ཟད། ཁོང་ནི་འཛམ་གླིང་ཞི་བདེ་གཟེངས་རྟགས་ཐོབ་པའི་རྒྱལ་སྤྱི་ཐུན་མོང་གི་ཡོངས་ཁྱབ་རིན་ཐང་སྲུང་སྐྱོབ་མཁན་ཞིག་ཡིན་པའི་མ་ཚད། གལ་ཆེ་ཤོས་དེ་རང་དབང་དམངས་གཙོའི་ལས་ལ་བརྩོན་པའི་གཞུང་དང་ལྟ་སྤྱོད་ཐ་དད་པའི་རྒྱ་རིགས་སྤྱི་ཚོགས་སུ། ཀུན་པོས་ངོས་ལེན་དང་གུས་བཀུར་ཞུ་སའི་ཐུན་མོང་གི་དབུ་ཁྲིད་དང་བསམ་བློ་དེའི་སྲོག་ཤིང་དུ་གྱུར་ཡོད་པས། ༨༩ ལོའི་ལས་འགུལ་ལྟ་བུ་དང་ཡང་ན་དེ་ལས་ཆེ་བའི་ལས་འགུལ་ཞིག་བྱུང་རྒྱུའི་ས་བོན་བཏབས་པ་དང་གཉིས་སུ་མ་མཆིས་ན། ལིའུ་ཞའོ་པའོ་གསོན་པོར་བཙོན་ཁང་ཕྱི་རོལ་དུ་གཏོང་ག་ལ་རུང་། གལ་ཏེ་ལིའུ་ཞའོ་པའོ་མེད་པར་བཏང་ཚེ། མིག་ནང་གི་ཚེར་མ་དེ་བཏོན་པ་རེད། མ་མཐའ་ཡང་འབྱུང་འགྱུར་ལོ ༢༠འི་ནང་པེ་ཅིང་གཞུང་ལ་སྒྲུན་ཟླ་སློང་ནུས་པའི་མི་སྣ་ཞིག་བྱུང་མི་ཐུབ་པའི་ཡིད་ཆེས་བྱས་ཆོག འདི་ནི་རྒྱུ་མཚན་གསུམ་པ་དེ་ཡིན།

གང་ལྟར་མི་མང་པོས་མི་རིགས་ཀྱི་དཔའ་བོ། རླབས་ཆེན་གྱི་རང་དབང་འཐབ་རྩོད་པ། མི་སེར་སྤྱི་ཚོགས་ཀྱི་མགྲིན་ཚབ་པ། དམངས་གཙོའི་ཀྲུང་གོའི་མི་སེར་དང་པོ། ཁྲིམས་སྲིད་ཀྲུང་གོའི་རང་སྲོག་འབུལ་མཁན། སེམས་དཔའ་ཆེན་མོ་ལ་སོགས་འབོད་པའི་སྐུ་ཞབས་ལིའུ་ཞའོ་པའོ་ལགས་ང་ཚོ་དང་དུས་གཏན་དུ་བྲལ་བ་རེད། སྐུ་ཞབས་ལིའུ་ཞའོ་པའོ་ལ་མི་རིགས་ཀྱི་དཔའ་བོ་ཞེས་གདེང་འཇོག་བྱས་པ་དེ་འོས་ཤིང་འཚམས་པ་ཞིག་རེད་བསམ་ཡོད། ལྟོས་དང་། རྒྱ་ནག་གི་ཉེ་རབས་ལོ་རྒྱུས་ལ་ཕྱིག་མིག་ཅིག་ལྟོས་དང་། འདས་པའི་ལོ་བརྒྱ་ལྷག་རིང་གི་ལོ་རྒྱུས་དེ་ཁ་ཆག་སྣ་རལ་རྒྱུན་མ་ཆད་པའི་ལོ་རྒྱུས་ཤིག་རེད། དུས་རབས་ཉེར་གཅིག་ལ་བསླེབས་པའི་དེ་རིང། རྒྱ་ནག་གི་ཐར་ལམ་དེ་གང་ན་ཡོད་པ་ད་དུང་ཡང་མི་མཐོང་མུན་ནག་གི་གནས་ཡིན། པེ་ཅིང་དམར་པོའི་གཞུང་འདི ༨༩ དམངས་གཙོའི་ལས་འགུལ་ལས་ཐར་ནས་གཅེན་རྒན་ཨུ་རུ་སུ་འཐོར་ཤུལ་ན་ད་དུང་གནས་མུས་སུ་ཡོད་པ་མ་ཟད། འདས་པའི་ལོ ༣༠འི་ནང་། རྒྱ་ནག་པེ་ཅིང་གཞུང་གིས་རང་ཉིད་འཇིགས་པ་དང་བྲལ་བའི་ཡ་ང་བའི་གཞུང་ཞིག་ཏུ་བཅོས་བསྒྱུར་བྱས་ཡོད་ལ། རྒྱབ་ཀྱི་དྲག་ཏུ་འཕྱུར་བཞིན་པའི་ཆུ་ལོག་དེའི་སྣ་རྡོལ་ཨེ་ཡོང་གི་སེམས་ཁྲལ་ཡང་མེད་པའི་སྲིད་དབང་ཞིག་ཏུ་གྱུར་ཡོད།

འདས་པའི་ལོ་ཤས་སུ་རྒྱལ་སྤྱིའི་སྡིངས་ཆའི་སྟེང་གི་ཞི་ཅིན་ཕེང་གི་ང་རྒྱལ་ཁེངས་དྲེགས་ལ་ལྟོས་དང་། འཇིགས་ས་དོགས་ས་མེད་པའི་སྲིད་དབང་ཞིག་ནི་ཅི་འདྲའི་འཇིགས་སུ་རུང་བ་ཞིག་རེད་ཨང་། རྒྱ་ནག་གི་ཆབ་སྲིད་ཐར་ལམ་སྟོན་ཐུབ་པའི་རེ་བ་ཉིན་མོའི་སྐར་མར་གྱུར་བའི་དེ་རིང། རེ་བ་སྟོངས་པའི་འདས་པའི་ལོ་ངོ་སུམ་ཅུའི་རིང་། སྐུ་ཞབས་ལིའུ་ཞའོ་པའོ་ཡིས་རང་གི་རྣམ་དཔྱོད། རང་གི་ནུས་ཤུགས། རང་གི་ཤུགས་རྐྱེན། ཐ་ན་ཚེ་སྲོག་ལའང་མ་འཛེམ་པར་རླབས་ཆེ་བའི་ལས་དོན་གསུམ་བསྒྲུབས་ཡོད། གཅིག༽  བཙན་བྱོལ་སྐྱབས་བཅོལ་ཆེད་ཕྱི་རྒྱལ་ཁག་ཏུ་མི་འགྲོ་ཞེས་དམ་བཅའ་བཞག་ནས། ཐེངས་གཅིག་མིན་གཉིས་མིན་རྒྱ་ནག་གིས་བཙོན་ལ་བཅུགས་ཀྱང་འདུག་རྐྱང་བྱས་པ་རེད། གཉིས༽   ཁྱོད་ཤི་ང་གསོན་གྱི་འཁྲུག་འཛིང་དང་བྲལ་བའི་ཞི་བདེའི་ལམ་ནས་ལམ་ལུགས་ལ་འགྱུར་བ་གཏོང་རྒྱུའི་ཞི་འཇམ་གྱི་ཐབས་ལམ་ཞིག་ལ་འཚོལ་སྙེག་བྱས་པ་རེད། གསུམ༽  དྲུག་བཞིའི་དོན་རྐྱེན་ཁྲོད་ཚེ་སྲོག་ཤོར་བའི་ལོ་ཆུང་རྣམ་ཤེས་དག་གི་ཆེད་དུ་འགྱོད་བཤགས་བྱས་པ་རེད། དོན་དངོས་སུ་ལིའུ་ཞའོ་པའོ་ཡི་དྲུག་བཞི་དོན་རྐྱེན་ལ་ཅི་ཡང་ཆད་མེད་པ་མ་ཟད། ད་དུང་ཁོང་གི་བཀའ་དྲིན་ལ་བརྟེན་ནས་ཏེང་ཞོ་ཕེང་གི་དྲག་པོའི་དམག་མིས་ཁྲང་ཨན་སྲང་ལམ་ཤར་ནུབ་གཉིས་ནས་དཔུང་འཇུག་གིས་དམར་གསོད་བྱས་དུས། སློབ་མ་མང་པོ་ཞིག་ལིའུ་ཞའོ་པའོ་ཡིས་སྣེ་ཁྲིད་འོག་བདེ་བླག་ངང་བྱོལ་ཐུབ་ཡོད་པས། ཚེ་སྲོག་མང་པོ་ཞིག་བསྐྱབས་ཡོད།

སྐུ་ཞབས་ལིའུ་ཞའོ་པའོ་ཡི་མཛད་རྗེས་དེ་གསུམ། ཀྲུང་ཧྭ་མི་རིགས་ལ་མཚོན་ན་གལ་གནད་ཤིན་ཏུ་ཆེ་བའི་ལས་དོན་ཞིག་ཡིན། ཁོང་གི་རེ་བ་དེ་འགྲུབ་མེད་ལ་ཐ་ན་རེ་སྣེ་ཞིག་ཀྱང་མི་མཐོང་མོད། ལིའུ་ཞའོ་པའོ་ཡིས་གང་ཐུབ་ཅི་ཐུབ་ཀྱི་འབད་བརྩོན་བྱས་ནས་མཐར་མཇུག་རང་སྲོག་ཀྱང་དེར་འཐིམས་པ་རེད།

5250717368_9e126f2f56_n.jpg

རྒྱ་ནག་དར་རྒྱས་དང་ནུབ་ཕྱོགས་ཀྱི་ཉམས་རྒུད་གཉིས་ལ་འབྲེལ་བ་དམ་པོ་ཡོད། ཡང་དག་པར་བཤད་ན་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཀྱང་རང་ཉིད་ཀྱི་ཐར་ལམ་ཐག་གཅོད་བྱེད་རྒྱུའི་རེ་བ་མི་མཐོང་པའི་ཚུལ་ཡིན། དེ་ལས་ཀྱང་ཆེ་ས་ནས་བཤད་ན། འགྲོ་བ་མིའི་རིགས་ཆེས་དཀའ་ཁག་ཆེ་བའི་གནས་སུ་ལྷུང་ཡོད་པ་མ་ཟད། རང་དོན་ཚ་བའི་དུས་སྐབས་ཤིག་ལ་བསླེབས་ཡོད། དེ་ལྟ་བུའི་རྒྱབ་ལྗོངས་འོག་རྒྱ་ནག་ཀྲུང་ཡོན་ས་ཆེན་དེ་མུན་ནག་གིས་ཡོངས་སུ་བཀླུབས་པའི་དུས་སྐབས་ཤིག་ཏུ་གྱུར་ཡོད།
འོད་སྣང་ཏིལ་ཙམ་ཡང་མི་མཐོང་བའི་སྤྱི་ཚོགས་ཤིག་ཏུ་སྐུ་ཞབས་ལིའུ་ཞའོ་པའོ་ཡིས་དུས་དང་རྣམ་པ་ཀུན་ཏུ་འཚེ་མེད་ཞི་བའི་ངང་། རྒྱ་ནག་སྲིད་དབང་སྒེར་གཅོད་ལ་ཁ་གཏད་བཅགས་ནས་འཐབ་རྩོད་གནང་བ། སྐུ་ཞབས་ལིའུ་ཞའོ་པའོ་ཡིས་ཧ་ཅང་ཁེངས་སྐྱུང་དང་རང་འགུལ་གྱིས་གནོད་འཚེའི་འོག་གི་མི་རྣམས་ལ་རོགས་རམ་གནང་བ། སྐུ་ཞབས་ལིའུ་ཞའོ་པའོ་ཡིས་ངལ་བ་འཛེམ་མེད་ཀྱིས་དྲག་ཤེད་རེས་འཁོར་མ་དགོས་པའི་ཆབ་སྲིད་ལམ་ལུགས་ཤིག་འཚོ་སྙེག་གནང་བ། འདི་ནི་སྐུ་ཞབས་ལིའུ་ཞའོ་པའོ་ཡིས་རླབས་ཆེན་གྱི་མཛད་རྗེས་གཙོ་བོ་དག་ཡིན་ལ། ཀྲང་ཙུ་ཧྭས(张祖桦)ཟིན་བྲིས་སུ་བཏབས་ནས། ལིའུ་ཞའོ་པའོ་སོགས་ཀྱིས་བཟོ་བཅོས་དང་སྤྱི་ཚོགས་སུ་བཀྲམས་པའི༼   རྩ་འཛིན ༠༨ མ༽   ཡི་སྙིང་བོའང་ཡིན།

རིགས་རྒྱུད་དེ་དང་དེའི་རིག་གཞུང་གི་དབང་གིས།

ནུབ་གླིང་གི་མཱ་ཁི་སི་རིང་ལུགས་ཞེས་པའི་རིག་གཞུང་དེས་ལོ་ངོ ༧༠ ཙམ་ལ་དབང་བསྒྱུར་བྱེད་ཐུབ་པ་དེ། ཕྱི་ཡོང་རིག་གཞུང་དེའི་ཁྱད་འཕགས་ཀྱི་ནུས་པ་མིན་ལ། མི་རིགས་དེ་དང་དེའི་རིག་གཞུང་ལས་བྱུང་བའི་གཤིས་ཀའི་ཤན་ཆ་ཞིག་ལ་ངོས་འཛིན་བྱས་ཆོག བཀས་བཀོད་རྒྱུད་འཛིན་ལམ་ལུགས་ཀྱིས་མི་ལོ ༢༠༠༠ ལྷག་ལ་ཁ་ལོ་བསྒྱུར་བའི་ལོ་རྒྱུས་ལ་གཞིགས་ན། མི་རིགས་དེ་དང་དེའི་རིག་གཞུང་ལ་རང་དབང་དམངས་གཙོའི་ལམ་ལུགས་དེ་འོས་འཚམས་ཤིག་ཡིན་མིན་ད་དུང་དཔྱད་བྱའི་གནས་ཡིན། ཕྱི་ཡོང་དམར་པོའི་ལྟ་བས་ཀྲུང་ཡོན་ས་ཆེན་ལ་དབང་བསྒྱུར་ནས་ལས་འགུལ་གྱི་རྗེས་སུ་ལས་འགུལ་སྤེལ་ནས་དོན་མེད་མི་དམངས་བྱེ་བ་ལྔ་དྲུག་ཅིག་གི་ཚེ་སྲོག་འཕྲོག་ཀྱང་ད་དུང་མཐེ་བོང་གྱེན་ལ་བསྒྲེངས་ནས“གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་བ་མེད”ཅེས་བསྟོད་གླུ་འུར་འུར་དུ་ལེན་པའི་མི་རིགས་དེ་ནི། སྒལ་ཚུགས་ཆད་པའི་མི་རིགས་ཤིག་ཡིན་ལ། སྐྲག་ནས་བླ་ཆད་པའི་མི་རིགས་ཤིག་ཡིན་ངེས། དེ་མིན་ན་འཛམ་གླིང་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་པའི་རང་རིགས་ཀྱི་སྐྱེས་ཆེན་ཞིག་བཙོན་ལ་བཅུགས་དུས་ཁ་གྲགས་མཁན་མེད་ལ། དེ་རིང་བཙོན་འོག་ཏུ་གྲོངས་དུས་ཀྱང་ཁ་གྲགས་མཁན་གཅིག་ཀྱང་བྱུང་མེད། ད་དུང “ཏང་དང་སྲིད་གཞུང་གི་མི་ཆོས་རིང་ལུགས་ཀྱི་ལྟ་སྐྱོང་ལ་ཐུགས་རྗེ་ཆེ” ཞུས་ཡོད་པ་མ་ཡིན་ནམ། སྨྲ་བརྗོད་ཀྱི་རྐྱེན་གྱིས་བཙོན་ལ་བཅུགས་ནས་དེ་མུར་བཙོན་འོག་ཏུ་སྨན་བཅོས་ཀྱི་གོ་སྐབས་མ་སྤྲད་པར་དམར་གསོད་བྱས་ན། ད་དུང་བཀའ་དྲིན་ཞུ་དགོས་པ་དེ་མི་རིགས་དེའི་ལས་དབང་ཡིན་ནམ་ངོ་ཚ་ཡིན།

གང་ལྟར་དྲུག་བཞི་དོན་རྐྱེན་རྗེས་སུ། ཀུན་སྤྱོད་ཀྱི་ཐོན་ཁུངས་ཡལ་ཞིང་བརླག་པ་དང་། རྒྱ་རིགས་སྤྱི་ཚོགས་སུ་ཀུན་སྤྱོད་དང་དྲང་བདེན་འཛིན་པའི་སྐྱེས་ཆེན་ཞིག་མ་བྱུང་པ་དེ། མི་རིགས་དེ་དང་མི་རིགས་དེའི་རིག་གཞུང་དང་འབྲེལ་བ་དམ་པོ་ཡོད་པར་སྙམ། ཡིན་ན་ཡང་སྐུ་ཞབས་ལིའུ་ཞའོ་པའོ་ཡིས་བཱ་ཁི་ལ་བ་ཧཱ་བོལ(Václav Havel)དང་། རྒྱ་གར་གྱི་རྒྱལ་ཡབ་གྷན་དྷི་ལྟ་བུའི་ཀུན་སྤྱོད་དང་དྲང་བདེན་འཛིན་པའི་སྐྱེས་ཆེན་ཞིག་གམ།  རྒྱ་ནག་གི་འཚེ་མེད་ཞི་བའི་ཐར་ལམ་ཞིག་འཚོལ་སྙེག་གི་བསམ་བློའི་དབུ་ཁྲིད་དེ་བྱེད་འདོད་ཀྱི་འདུན་པ་བཅངས་ནས། འོས་འགན་ཁུར་ནས། དམ་བཅའ་བརྟན་པོས་ཕྱི་རྒྱལ་དུ་མ་སོང་བར་རང་ས་རང་ཡུལ་ནས། རང་གི་མི་རིགས་དང་དཔུང་གདང་ལག་སྦྲེལ་གྱིས་འཐབ་ར་གཅིག་གི་ནང་དུ་འབད་བརྩོན་ལྷོད་མེད་གནང་ཡང་། མཐར་ཁོང་གི་དགོངས་པ་དེ་འགྲུབ་མེད་པ་མ་ཟད་རེ་བའི་འོད་སྣང་ཙམ་ཡང་མི་མཐོང་ཞིང་། དེང་གཞུང་གི་བཙོན་འོག་ཏུ་སྐུ་ཚེའི་འཕེན་པ་རྫོགས་དུས་ཀྲུང་ཡོན་ས་ཆེན་དེ་ད་དུང་ཡང “གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་བ་མེད”ཅེས་པའི་བསྟོད་གླུས་ཁེངས་པ་ལས། མི་རིགས་ཤིག་གི་མ་འོངས་པ་དང་། མི་རིགས་ཤིག་གི་བུ་རབས་ཚ་རྒྱུད། རང་དབང་དང་དམངས་གཙོའི་ཆེད་དུ་རང་སྲོག་བློས་བཏང་བའི་སྐྱེས་ཆེན་ཞིག་ཕུགས་བསམ་གྱི་ལམ་ཁར་སར་འགྱེལ་བ་མཐོང་མེད། ཐོས་མེད། གཅིག་བགྱིས་ན་མཐོང་འདོད་མེད། ཐོས་འདོད་མེད། མཐོང་ཡང་ཚོར་བ་མེད། ཐོས་ཀྱང་ཚོར་བ་མེད། གྲངས་ཀ་ལས་སྤུས་ཀ་མི་དགོས། ལྟོ་འགྲངས་ན་ཐོབ་ཐང་མི་དགོས་པའི་རིགས་ཚོགས་ཞིག་ལ་མཚོན་ན་མགར་བ་རང་གི་རལ་གྲིས་བསད་པའི་དོ་ཟླ་ཡིན།

སྐབས་འདིར་བསླེབས་དུས།་ཅི་ཡང་བཤད་འདོད་མ་བྱུང་ལ། ཅི་ཡང་བཤད་མི་ཤེས་པར་གྱུར་། སྐུ་ཞབས་ལིའུ་ཞའོ་པའོ་ཡི་ཚེ་སྲོག་བློས་བཏང་བ་དེ་འཕྲོ་བརླག་མིན་པའི་སྨོན་ལམ་འདེབས།

ལིའུ་ཞའོ་པའོ་གསུམ། 

སྐུ་ཞབས་ལིའུ་ཞའོ་པའོ་ཡི་མཛད་རྗེས་དང་བསམ་བློ། ཕུགས་བསམ་སོགས་གླེང་དགོས་ཚེ་ཉིན་ཞག་བཅོ་བརྒྱད་ལ་གླེང་ཡང་མི་རྫོགས། ཡིན་ན་ཡང་སྐུ་ཞབས་ལིའུ་ཞའོ་པའོ་ཡི་སྐུ་ཚེ་ལ་གདེང་འཇོག་དང་ཁོང་གི་མཛད་རྗེས་ཤེས་འདོད་ཡོད་མཁན་ཞིག་ལ་མཚོན་ན། སྐུ་ཞབས་ལིའུ་ཞའོ་པའོ་ཡི་མི་ཚེའི་ནང་གི་འགྱུར་ལྡོག་གསུམ་ཡང་ལིའུ་ཞའོ་པའོ་གསུམ་དེ་ངེས་པར་དུ་ཤེས་དགོས་བསམ་བྱུང་།

“ལོ་སུམ་བརྒྱའི་མི་སེར་སྤེལ་ཡུལ”ནས “ལོ་བཅུ་བདུན” བར་ནི། རྩོམ་རིག་གླེང་སྟེགས་ཁྲོད་ཀྱི “རྟ་ནག” སྟེ་ང་རྒྱལ་དང་སྤོབས་པ་ཚ་བའི་ལིའུ་ཞའོ་པའོ།

“ལོ་བཅུ་བདུན” ནས “ང་ལ་དགྲ་བོ་མེད” བར་ནི། ཆབ་སྲིད་ལྟ་ཡངས་འཛིན་པའི་ཁེངས་སྐྱུང་དང་སྤྱི་ཕན་གྱི་ལིའུ་ཞའོ་པའོ།
“ང་ལ་དགྲ་བོ་མེད” ནས “ཕྱི་རྒྱལ་དུ་འགྲོ”བའི་བར་ནི།  བཟའ་ཟླ་ལིའུ་ཞཱའི་བདེ་སྡུག་བསམ་པའི་ལིའུ་ཞའོ་པའོ། བཅས་གསུམ་མོ།

སྐུ་ཞབས་ལིའུ་ཞའོ་པའོ་ཡི་སྐུ་ཚེ་ནི་རྒྱལ་ཁ་དང་ཕམ་ཁ། དགའ་སྐྱོ་དང་དུང་སྡུག ཕུག་བསམ་དང་སེམས་ཤུགས་ཀྱིས་བརྒྱུས་པའི་འོད་སྟོང་འབར་བའི་མི་ལོ ༦༡ཡིན།

སྐྱེས་པ་རླབས་ཆེ་ཡང་། ཤི་བ་ཉམ་ང་བ་ཞེས་བརྗོད་འདོད་བྱུང་།

མཆན:མི་ཐོབ་ནི། འགྲོ་བ་མིའི་ཐོབ་ཐང་གི་བསྡུས་ཚིག་ཡིན།