སྔོན་གླེང།
ད་ལོ་ནི་རྒྱ་ནག་ཏུ་རྩ་ཁྲིམས་གཏན་འབེབས་བྱས་ནས་ལོ ༡༠༠། ༼ འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་བསྒྲགས་གཏམ༽ སྤེལ་ནས་ལོ ༦༠། “དམངས་གཙོའི་རྩིག་པ”བྱུང་ནས་ལོ ༣༠ བཅས་ཀྱི་ལོ་འཁོར་ཡིན་ཞིང། དེ་བཞིན་དུ་རྒྱ་ནག་གཞུང་གིས༼ མི་སེར་གྱི་ཐོབ་ཐང་དང་ཆབ་སྲིད་ཐོབ་ཐང་རྒྱལ་སྤྱིའི་ཆིངས་ཡིག༽ ལ་རྟགས་བཙུགས་ནས་ལོ ༡༠འི་ལོ་འཁོར་ཡང་ཡིན། དུས་ཡུན་རིང་པོའི་མི་ཐོབ་གནོན་འཚེ་དང་དཀའ་ཚེགས་ཀྱག་ཀྱོག་ཆེ་བའི་འཐབ་རྩོད་ཁྲོད། རྟོགས་པ་ལས་སད་པའི་རྒྱ་ནག་གི་མི་སེར་ཚོས་ཉིན་རེ་བཞིན་གསལ་པོར་ཤེས་ནས་རྟོགས་པ་ཞིག་ནི། རང་དབང་དང། འདྲ་མཉམ། མི་ཐོབ་ནི་འགྲོ་བ་མིའི་ཐུན་མོང་གི་ཡོངས་ཁྱབ་རིན་ཐང་ཡིན་ཞིང། དམངས་གཙོ། སྤྱི་མཐུན། ཁྲིམས་སྲིད་ནི་དེང་རབས་ཆབ་སྲིད་ཀྱི་གཞི་རྩའི་ལམ་ལུགས་སྒྲོམ་གཞི་ཡིན། ཡོངས་ཁྱབ་རིན་ཐང་དང་གཞི་རྩའི་ལམ་ལུགས་སྒྲོམ་གཞི་འདི་དང་འགལ་བྲལ་གྱི “དེང་རབས་ཅན”ནི། མིའི་ཐོབ་ཐང་བཙན་འཕྲོག མི་གཤིས་རུལ་བསླད། མིའི་ལ་རྒྱ་མེད་བརླག་ཏུ་གཏོང་བའི་བརྒྱུད་རིམ་ཡིན། དུས་རབས ༢༡ པའི་རྒྱ་ནག་གང་དུ་བསྐྱོད་མིན་ནི་འདི་ལྟ་བུའི་དབང་ཤུགས་དབང་བསྒྱུར་འོག་གི “དེང་རབས་ཅན”དེ་མུ་མཐུད་ནས་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་ནམ། ཡང་ན་ཡོངས་ཁྱབ་རིན་ཐང་ལ་ངོས་ལེན་བྱས་ནས། དཔལ་ཡོན་འཕེལ་ཕྱོགས་གཙོ་བོའི་གྲལ་དུ་ཞུགས་ནས། དམངས་གཙོའི་ལམ་ལུགས་འཛུགས་སྐྲུན་བྱེད་པ། འདི་ནི་གཟུར་བྱོལ་མི་རུང་བའི་གདམ་ག་ཞིག་ཡིན།
དུས་རབས ༡༩ བའི་དཀྱིལ་གྱི་ལོ་རྒྱུས་འགྱུར་ལྡོག་ཆེན་པོས། རྒྱ་ནག་གི་སྲིད་དབང་སྒེར་གཅོད་ལམ་ལུགས་ཀྱི་ངན་རུལ་གསལ་རྗེན་དུ་བཏོན་ཡོད་ལ། ཀྲུང་ཧྭ་ས་ཆེན་སྟེང “ལོ་ངོ་སྟོང་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་མོའི” མགོ་ཚུགས་ཡོད། དབྱང་ཝུའུ་ལས་འགུལ་ལམ་ཕྱིའི་ལས་དོན་ལས་འགུལ་གྱིས་དངོས་པོ་ཡོ་བྱད་ཀྱི་ཆ་ཁོ་ན་འཕེལ་རྒྱས་ལེགས་བཅོས་ཙམ་འཚོལ་སྙེག་ལ་དམིགས་ཤིང། ཅཱ་ཝུའུ་འཐབ་འཁྲུག་ལ་ཕམ་ཁ་བྱུང་བས་ལམ་ལུགས་དེ་དུས་ལས་ཡོལ་བ་ཡང་བསྐྱར་རྗེན་པར་འབྱིན། ཝུའུ་ཞུས་ལུགས་སྒྱུར་རམ་ས་ཁྱི་ལོའི་ལུགས་སྒྱུར་གྱིས་ལམ་ལུགས་གསར་སྒྱུར་གྱི་ཆ་དེར་འཛིན་ཐུབ་ཀྱང། ངན་རེངས་ཤོག་ཁག་གི་ཡ་ང་མེད་པའི་དྲག་གནོན་འོག་ཕམ་ཁ་ཚབས་ཆེན་ཕོག ཞིན་ཧའེ་གསར་བརྗེའམ་ལྕགས་ཕག་པོའི་གསར་བརྗེ་ཡིས་ཕྱི་ངོས་སུ་ལོ་ངོ ༢༠༠༠ ལྷག་གི་རྒྱལ་དབང་ལམ་ལུགས་དུར་ལ་བཅུགས་ནས། ཨེ་ཞི་ཡ་གླིང་ཆེན་སྟེང་སྤྱི་མཐུན་རྒྱལ་ཁབ་དང་པོ་དེ་བཙུགས་པའི་བཟོ་ཤར་ཡང་། སྐབས་དེའི་ནང་རྩོད་པ་ཕྱི་འཁྲུག་འཛིང་གི་ལོ་རྒྱུའི་ཆ་རྐྱེན་ངེས་ཅན་དེའི་འཆང་རྒྱའི་འོག སྤྱི་མཐུན་ཆབ་སྲིད་ཀྱི་རྣམ་པ་དེ་ཨུ་དུམ་བཱ་ར་ཡུད་ཙམ་བཞད་པ་ལྟར་འཕྲལ་དུ་ཡལ་སོང། དེ་མ་ཐག་སྒེར་གཅོད་རིང་ལུགས་ཀྱི་མེ་རོ་བསྐྱར་དུ་འབར་ནས་གསོན་ཤུགས་རྒྱས། དངོས་རྫས་ལད་ཟློས་དང་ལམ་ལུགས་གསར་སྒྱུར་གཉིས་ཕམ་ཁས་མཇུག་བསྒྲིལ་བ་དེས། རྒྱལ་ནག་པ་ཚོས་གཏིང་ཟབ་སའི་ནད་མགོ་སྟེ་རིག་གཞུང་ལ་བསམ་ཞིབ་མི་གཏོང་རང་གཏོང་ཆགས་ནས། མུར་དེ་ལས “ཚན་རིག་དང་དམངས་གཙོའི”དར་ཆ་མཐོན་པོར་བསྒྲེངས་པའི “ལྔ་བཞི”རིག་གནས་གསར་པའི་ལས་འགུལ་ལངས་པ་རེད། ནང་འཁྲུག་རྒྱུན་ཆད་མེད་པ་དང་ཕྱི་དགྲ་ཡའི་བཙན་འཛུལ་བསྟུད་མར་བྱུང་སྟབས། རྒྱ་ནག་གི་ཆབ་སྲིད་དམངས་གཙོ་ཅན་དུ་བསྒྱུར་རྒྱུའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དེ་ཐབས་ཟད་འུ་ཐུག་ངང་མཚམས་ཆད་སོང། ཉི་ཧོང་འགོག་རྒོལ་དམག་འཁྲུག་ལ་རྒྱལ་ཁ་ཐོབ་རྗེས་ཀྱི་རྒྱ་ནག་ས་ཆེན་སྟེང་གི་མི་རྣམས་ཡང་བསྐྱར་ཁྲིམས་སྲིད་ལ་ཕྱོགས་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དེར་ཞུགས་པ་རེད། དེ་འདྲ་ཡིན་མོད་ཀྱང། གོ་མེན་ཏང་དང་གུང་ཁྲན་ཏང་གི་ནང་འཁྲུག་གི་མཇུག་འབྲས་སུ། རྒྱ་ནག་ཧྲིལ་བོ་དེང་རབས་དབང་ཆ་སྒེར་སྡེམ་རིང་ལུགས་པའི་གཡང་རོང་དུ་ཟགས། ༡༩༤༩ལོར་བཙུགས་པའི “ཀྲུང་གོ་གསར་བ” ། མིང་ལ “མི་དམངས་སྤྱི་མཐུན་རྒྱལ་ཁབ” ཅེས་ཟེར་ཡང། དོན་དངོས་སུ “ཏང་གི་གནམ་འོག” ཡིན། ཆབ་སྲིད་འཛིན་སྐྱོང་ཚོགས་པས་ཆབ་སྲིད་དང། དཔལ་འབྱོར། སྤྱི་ཚོགས་སོགས་ཐོན་ཁུངས་ཡོད་ཚད་སྒེར་སྡེམ་བྱས་ཤིང། གཡས་ཐལ་ལ་ངོ་རྒོལ། མཆོང་སྐྱོད་ཆེན་མོ། རིག་གསར། དྲུག་བཞི། དམངས་ཁྲོད་ཆོས་ལུགས་བྱེད་སྒོ་དང་ཐོབ་ཐང་སྲུང་སྐྱོབ་ལས་འགུལ་ལ་དྲག་གནོན་སོགས་མི་ཐོབ་གནོན་འཚེ་རབ་དང་རིམ་པ་བཟོས་ནས། མི་བྱེ་བ་མང་པོའི་ཚེ་སྲོག་ཤོར་ཞིང། མི་དམངས་དང་རྒྱལ་ཁབ་གཉི་ཀས་ཐེག་དཀའ་བའི་རིན་དོད་ཧ་ཅང་ཆེན་པོ་བཏང་ཡོད།
དུས་རབས་ཉི་ཤུ་བའི་མཇུག་གི “བཅོས་བསྒྱུར་སྒོ་འབྱེད” ཀྱིས་རེ་ཞིག་གི་རིང་རྒྱ་ནག་མའོ་ཙེ་ཏུང་དུས་རབས་ཀྱི་སྤྱི་ཡོངས་ཀྱི་དབུལ་ཕོངས་དང་བལྟོས་མེད་དབང་ཆ་སྒེར་སྡེམ་ལས་ཐར་ནས། དམངས་ཁྲོད་རྒྱུ་ནོར་དང་འབངས་མིའི་འཚོ་བའི་ཆུ་ཚོད་ཇེ་མཐོར་ངེས་ཅན་ཞིག་ཕྱིན་ཞིང། མི་སྒེར་གྱི་དཔལ་འབྱོར་རང་དབང་དང་སྤྱི་ཚོགས་ཐོབ་ཐང་ཁ་ཤས་ཤིག་སླར་གསོ་ཐུབ་པ་དང། མི་སེར་སྤྱི་ཚོགས་འཕེལ་ཞིང་རྒྱས་པའི་རྣམ་པ་ཤར། དེ་དང་ཆབས་ཅིག་དམངས་ཁྲོད་དུ་མི་ཐོབ་དང་ཆབ་སྲིད་རང་དབང་གི་འབོད་སྒྲ་ཉིན་རེ་བཞིན་ཇེ་མཐོར་ཕྱིན། གཞུང་འཛིན་པ་དག་གིས་ཀྱང་ཁྲོམ་ར་ཅན་དང་སྒེར་དབང་ཅན་གྱི་དཔལ་འབྱོར་བཅོས་བསྒྱུར་དང་སྦྲགས། དེ་སྔོན་གྱི་མི་ཐོབ་ལ་དང་ལེན་མེད་པ་ནས་རིམ་བཞིན་མི་ཐོབ་ལ་ངོས་ལེན་ཡོད་པར་འགྱུར། རྒྱ་ནག་གཞུང་གིས ༡༩༩༧ ལོ་དང ༡༩༩༨ལོར། གལ་འགངས་ཤིན་ཏུ་ཆེ་བའི་རྒྱལ་སྤྱིའི་མི་ཐོབ་ཆིངས་ཡིག་གཉིས་ལ་རྟགས་བཙུགས་པ་དང། ༢༠༠༤ ལོར་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་གྱིས་རྩ་ཁྲིམས་བཟོ་བཅོས་བརྒྱུད “མི་ཐོབ་ལ་བརྩི་བཀུར་དང་ཁག་ཐེག”ཅེས་པའི་ཡི་གེ་རྩ་ཁྲིམས་སུ་བཀོད། ད་ལོར་ཡང་གོམ་གང་མདུན་སྤོས་ཀྱིས “རྒྱལ་ཁབ་མི་ཐོབ་འགུལ་སྐྱོད་འཆར་གཞི” ཞེས་པ་གཏན་འབེབ་དང་ལག་བསྟར་བྱ་རྒྱུ་ཁས་བླངས། འོན་ཀྱང། ཆབ་སྲིད་འཕེལ་རྒྱས་དེ་དག་ཚང་མ་དེ་རིང་བར་དུ་ཤོག་བུའི་ངོས་ན་ལྷག་ཡོད། ཁྲིམས་ལུགས་ཡོད་ཀྱང་ཁྲིམས་སྐྱོང་མེད་པ། རྩ་ཁྲིམས་ཡོད་ཀྱང་ཁྲིམས་སྲིད་མེད་པ། ད་དུང་ཡང་མིག་ལྡན་ཀུན་གྱི་མཐོང་གསལ་བཞིན་མངོན་སུམ་ཆབ་སྲིད་ཡིན། འཛིན་སྐྱོང་ཤོག་ཁག་གིས་དབང་ཤུགས་དབང་བསྒྱུར་མུ་མཐུད་ནས་རྒྱུན་འཁྱོངས་བྱེད་ཐབས་སུ་འབད་པ་ལས། ཆབ་སྲིད་བཅོས་བསྒྱུར་བྱེད་རྒྱུར་དང་ལེན་མ་བྱས་སྟབས། དཔོན་ར་རུལ་སུངས་ཀྱི་ཁྱབ་ཅིང། ཁྲིམས་སྐྱོང་ཚུགས་དཀའ་བ། མི་ཐོབ་མག་མོག་མི་གསལ་བའི་གནས་ཡིན་ཞིང། ཀུན་སྤྱོད་ཉམས་ཅིང་ཆག སྤྱི་ཚོགས་དབུལ་ཕྱུག་ཕྱོགས་གཉིས་སུ་ལྷུང། དཔལ་འབྱོར་འཕེལ་རྒྱས་ཡ་མ་གཟིགས། རང་བྱུང་ཁོར་ཡུག་དང་མི་རིག་ཁོར་ཡུག་གཉིས་ཀ་གཏོར་བརླག་ཚབས་ཆེན་ཐེབས། མི་སེར་གྱི་རང་དབང་དང་རྒྱུ་ནོར། བདེ་སྐྱིད་འཚོལ་སྙེག་གི་ཐོབ་ཐང་སོགས་ལ་ལམ་ལུགས་ཀྱིས་ཁག་ཐེག་བྱེད་མི་ནུས་པ། སྤྱི་ཚོགས་ཀྱི་འགལ་བ་སྣ་ཚོགས་རི་ལྟར་སྤུངས། མི་དགའ་མི་མོས་པའི་བློ་བག་བསྟུད་མར་ཇེ་ཆེ་ནས་ཇེ་དྲག ལྷག་པར་དུ་གཞུང་དམངས་ཁ་གཏད་དགྲ་ཟླར་གྱུར་བའི་ཚོགས་སྐོར་དོན་རྐྱེན་རྒྱུན་ཆད་མེད་པ་སོགས་ཀྱིས། གནོན་འཚེ་རང་བཞིན་གྱི་བཏང་འཛིན་དང་བྲལ་བའི་གནས་སྟངས་ཤིག་མངོན་གསལ་དོད་པོར་བྱུང་དང་འབྱུང་གིན་ཡོད་ན། རྗེས་ལུས་ཐེབས་པའི་ལམ་ལུགས་དེ་མ་བཅོས་ཐབས་མེད་པའི་གནས་སྟངས་ཤར་ཡོད།
གཉིས་པ། ང་ཚོའི་གཞི་རྩའི་བསམ་བློ།
རྒྱ་ནག་གི་འབྱུང་འགྱུར་ལས་དབང་དང་རག་ལས་པའི་ལོ་རྒྱུས་ཀྱི་འགག་སྒོར་འདིར། མི་ལོ་རྒྱ་ལྷག་ཕྱིན་པའི་དེང་རབས་ཅན་གྱི་བྱུང་རབས་ལ་བསམ་ཞིབ་བརྒྱུད། གཤམ་གྱི་གཞི་རྩའི་བསམ་བློ་དག་བསྐྱར་དུ་གླེང་རྒྱུ་ཡིན།
རང་དབང:རང་དབང་ནི་ཡོབས་ཁྱབ་རིན་ཐང་གི་སྲོག་ཤིང་གི་གནས་མལ་ཡིན། སྨྲ་བརྗོད། པར་སྐྲུན། དད་མོས། འདུ་འཛོམས། ཚོགས་པ་རྩ་འཛུགས། འགྲོ་འོང། ལས་མཚམས་འཇོག་པ། ཁྲོམ་སྐོར་རྔམ་སྟོན་སོགས་ཐོབ་ཐང་ཚང་མ་ནི་རང་དབང་གི་བྱེ་བྲག་པའི་རྣམ་པ་ཡིན། རང་དབང་ལ་དར་སོ་མེད་ཚེ། དེང་རབས་དཔལ་ཡོན་ལ་གནས་མལ་ཞིག་གང་ན་ཡོད་དམ།
མི་ཐོབ:མི་ཐོབ་ནི་རྒྱལ་ཁབ་ཀྱི་གནང་བའི་གསོལ་རས་མིན་ལ། མི་བུ་ཚོ་སྐྱེས་མ་ཐག་ནས་མངའ་ཞིང་ལོངས་སྤྱད་ཆོག་པའི་ཐོབ་ཐང་དེ་ཡིན། མི་ཐོབ་ཁག་ཐེག་བྱས་པ་ནི། གཞུང་གི་དམིགས་ཡུལ་དང་པོ་དང་ཐུན་མོང་དབང་ཆ་ཁྲིམས་མཐུན་རང་བཞིན་དུ་གནས་རྒྱུའི་རྨང་གཞི་ཡིན་པའི་མ་ཚད། “མི་ནི་རྩ་བ”ཞེས་པའི་ནང་གི་དགོས་འདུན་ཡང་ཡིན། རྒྱ་ནག་གི་ཆབ་སྲིད་གནོན་འཚེ་རེ་རེ་དང་གཞུང་སྲིད་སྐྱོང་གཞུང་དེའི་མི་ཐོབ་སྣང་མེད་དུ་བཞག་པ་གཉིས་ལ་འབྲེལ་བ་ངེས་ཅན་ཞིག་ཡོད། མི་ནི་རྒྱལ་ཁབ་ཀྱི་གདོས་བཅས་གཙོ་བོ་དེ་ཡིན་ཙང། རྒྱལ་ཁབ་ཀྱིས་འབངས་མི་སེར་ལ་ཞབས་འདེགས་ཞུ་དགོས། མི་དམངས་ཀྱི་ཆེད་དུ་ད་གཟོད་སྲིད་གཞུང་འཚོ་ཞིང་གནས་ཡོད།
འདྲ་མཉམ:མི་སྒེར་རེ་རེའི་སྤྱི་ཚོགས་ཀྱི་གོ་གནས་དང། ལས་རིགས། ཕོ་མོ། དཔལ་འབྱོར་གནས་སྟངས། རིགས་རུས། པགས་པའི་ཁ་དོག ཆོས་ལུགས་དང་ཆབ་སྲིད་ཀྱི་ལྟ་བ་ཅི་ཞིག་ཡིན་ཡང། མི་གཤིས་དང་ལ་རྒྱ། རང་དབང་བཅས་ཚང་མ་འདྲ་མཉམ་ཡིན་དགོས། ངེས་པར་དུ་ཁྲིམས་ལུགས་ཀྱི་མདུན་དུ་འདྲ་མཉམ་ཡིན་པའི་རྩ་དོན་ལག་བསྟར་བྱེད་དགོས། མི་སེར་གྱི་སྤྱི་ཚོགས་དང། དཔལ་འབྱོར། རིག་གནས། ཆབ་སྲིད་བཅས་ཀྱི་ཐོབ་ཐང་འདྲ་མཉམ་ཡིན་པའི་རྩ་དོན་ལག་བསྟར་བྱེད་དགོས།
སྤྱི་མཐུན:སྤྱི་མཐུན་ནི “སྤྱི་བོས་མཉམ་སྐྱོང། འཆམ་མཐུན་མཉམ་གནས” ཡིན། དབང་ཆ་ཆ་བགོ་དང་ཁེ་ཕན་དོ་མཉམ་ཡིན། ཁེ་ཕན་སྣ་མང་གི་གྲུབ་ཆ། སྤྱི་ཚོགས་འདྲ་མིན་གྱི་ཚོ་ཤོག རིག་གཞུང་སྣ་མང་དང་དད་མོས་འཚོལ་སྙེག་གི་ཚོགས་སྐོར་དེ་ཡིན། འདྲ་མཉམ་ངང་མཉམ་ཞུགས་དང། འདྲ་མཉམ་ངང་འགྲན་རྩོད། ཐུན་མོང་གིས་ཆབ་སྲིད་ལ་གྲོས་མོལ་གྱི་རྨང་གཞིའི་སྟེང། ཞི་བདེའི་ལམ་ནས་ཐུན་མོང་གི་ལས་དོན་སྒྲུབ་རྒྱུ་དེ་ཡིན།
དམངས་གཙོ:ཆེས་གཞི་རྩའི་ནང་དོན་ནི་བདག་དབང་མི་དམངས་ལ་ཡོད་ཅིང་། མི་དམངས་ཀྱིས་བདམས་པའི་གཞུང་ལ་གོ དམངས་གཙོ་ལ་གཤམ་གྱི་གཞི་རྩའི་ཁྱད་ཆོས་དག་ལྡན་དགོས། ༡༽ སྲིད་དབང་གི་ཁྲིམས་མཐུན་རང་བཞིན་གྱི་ཡོང་ཁུངས་མི་དམངས་ཡིན། ཆབ་སྲིད་དབང་ཆའི་ཡོང་ཁུངས་མི་དམངས་ཡིན། ༢༽ ཆབ་སྲིད་ཀྱི་དབང་བསྒྱུར་ངེས་པར་དུ་མི་དམངས་ཀྱི་གདམ་ག་ལས་བྱུང་དགོས། ༣༽ མི་སེར་ལ་མིང་དོན་མཚུངས་པའི་འོས་འདེམས་ཀྱི་ཐོབ་ཐང་ཡོད་དགོས། རིམ་པ་སོ་སོའི་གཞུང་གི་སྲིད་སྐྱོང་དཔོན་རིགས་ཁག་ངེས་པར་དུ་གཏན་འབེབས་དུས་ཡུན་གྱི་འོས་འདེམས་ལས་བྱུང་དགོས། ༤༽ མང་མོས་ཐག་གཅོད་ལ་གུས་བཀུར་བྱེད་དགོས། དེ་དང་ཆབས་ཅིག ཉུང་ངུའི་གཞི་རྩའི་མི་ཐོབ་ལ་སྲུང་སྐྱོབ་བྱེད་དགོས། དམངས་གཙོ་ཡིས་གཞུང་དེ། “མི་དམངས་ཀྱི་གཞུང། མི་དམངས་ཀྱི་ཆེད་དུ། མི་དམངས་ཀྱིས་བཙུགས་པ། ”(A government of the people, for the people, by the people, 民有,民治,民享)ཡི་དེང་རབས་སྤྱི་སྣོད་ཅིག་ཡིན་དགོས།
ཁྲིམས་སྲིད:ཁྲིམས་སྲིད་ནི་ཁྲིམས་ལུགས་གཏན་འབེབས་དང་ཁྲིམས་སྐྱོང་བརྒྱུད་རྩ་ཁྲིམས་སུ་གཏན་ལ་ཕབ་པའི་མི་སེར་གྱི་གཞི་རྩའི་རང་དབང་དང་ཐོབ་ཐང་ཁག་ཐེག་བྱེད་པ། གཞུང་གི་དབང་ཆ་དང་སྦྱོར་བར་ཚོད་འཛིན་དགོས་པ་མ་ཟད། དབང་ཆའི་ཁྱབ་ཁོངས་གསལ་བོའི་ངང་གཏན་འབེབབ་བྱས་པ་སྦྲགས། བབ་མཚུངས་ཀྱི་ལམ་ལུགས་ཀྱི་སྒྲིག་ཆས་སྐོར་ཞིག་མཁོ་སྤྲོད་བྱེད་དགོས།
རྒྱ་ནག་ཏུ་ཡལ་ཟིན་པའི་བཙན་རྒྱལ་གོང་མའི་དབང་ཆའི་དུས་རབས་དེ་དུས་གཏན་དུ་རོ་ལངས་རྒྱག་མི་སྲིད་ལ། དབང་ཤུགས་ལམ་ལུགས་ཀྱང་འཛམ་གླིང་ཁྱོན་ཡོངས་སུ་ས་སྲོས་ཀྱི་ཉི་ནུབ་ཇི་བཞིན་སྐྱོམ་སྐྱོམ་ངང་ཟགས་ལ་ཉེ། རྒྱལ་ཁབ་ཀྱི་བདག་པོ་ངོ་མ་དེ་མི་སེར་ཡིན་དགོས་པ་ནི་རྩོད་པ་དང་བྲལ་བའི་དངོས་ཡོད་གནས་སྟངས་ཆགས་ཡོད། “མཁྱེན་དཔྱོད་ལྡན་པའི་རྒྱལ་པོ”དང“དཔོན་པོ་སྤྱོད་གཙང”ལ་རྟེན་རྒྱུའི་མངའ་འབངས་ཀྱི་འདུ་ཤེས་དོར་ནས། ཐོབ་ཐང་ནི་རྩ་བ། ནང་ཞུགས་ནི་འོས་འགན་ཡིན་པའི་མི་སེར་གྱི་འདུ་ཤེས་མངོན་པར་བསྟོད་དགོས། ད་དུང་རང་དབང་ཉམས་ལེན། དམངས་གཙོ་ལག་ལེན་མཐར་འཁྱོལ། ཁྲིམས་སྐྱོང་ལ་བརྩི་འཇོག་ལག་བསྟར་བྱེད་རྒྱུ་ནི་ད་གཟོད་རྒྱ་ནག་གི་ཐར་ལམ་ཁོ་ན་དེ་ཡིན།
གསུམ། ང་ཚོའི་གཞི་རྩའི་བསམ་ཚུལ།
སྐབས་འདི་དང་བསྟུན་ནས། ང་ཚོས་འགན་ཁུར་ལེན་དང་དོན་ཕན་ཅན་གྱི་མི་སེར་ཞིག་གི་སྙིང་སྟོབས་དྲག་པས་རྒྱལ་ཁབ་ཀྱི་ཆབ་སྲིད་ལམ་ལུགས་དང། མི་སེར་ཐོབ་ཐང། སྤྱི་ཚོགས་འཕེལ་རྒྱས་སོགས་ཀྱི་ཐད་གཤམ་གྱི་བསམ་ཚུལ་འདི་དག་བཏོན་པ་ཡིན།
༡༽ རྩ་ཁྲིམས་བཟོ་བཅོས།
སྔོན་དུ་གླེང་ཟིན་པའི་རིན་ཐང་གི་བསམ་བློས་རྩ་ཁྲིམས་ལ་བཟོ་བཅོས་གཏོང་རྒྱུ། ད་ལྟ་ལག་ལེན་དུ་བསྟར་བཞིན་པའི་རྩ་ཁྲིམས་ནང་གི་བདག་དབང་འབངས་མི་ལ་ཡོད་ཞེས་པའི་རྩ་དོན་དང་མི་མཐུན་པའི་དོན་ཚན་དག་སུབ་བཅོས་བྱས་ནས། རྩ་ཁྲིམས་དེ་འགྲོ་བ་མིའི་ཐོབ་ཐང་གི་ཁག་ཐེག་དཔང་ཡིག་དང་ཐུན་མོང་དབང་ཆའི་འཁྲོལ་འཛིན་དཔང་ཡིག་ཏུ་གྱུར་དགོས་པ་མ་ཟད། མི་སྒེར་དང་ཚོགས་ཁག ཚོ་ཤོག་སུ་ཞིག་གིས་ཀྱང་རྒྱབ་འགལ་བྱས་མི་ཆོག་པའི་ལག་ལེན་མཐར་འཁྱོལ་ཡོང་པའི་ཆེས་མཐོའི་ཁྲིམས་ལུགས་སུ་བསྒྱུར་ནས། རྒྱ་ནག་དམངས་གཙོ་ཅན་དུ་གྱུར་རྒྱུར་ཁྲིམས་དབང་གི་རྨང་གཞི་འདིང་དགོས། རྩ་ཁྲིམས་ལ་བཟོ་བཅོས་མ་བཏང་པའི་སྔོན་དུ། ཐོག་མར་རྩ་ཁྲིམས་ནང་གི་མི་སེར་གྱི་ཐོབ་ཐང་དང་འབྲེལ་བ་ཡོད་པའི་དོན་ཚན་ཁག་དོན་འཁྱོལ་ཁག་ཐེག་བྱེད་དགོས།
༢༽ དབང་ཆ་ཆ་བགོས་དང་དོ་མཉམ་བཏང་འཛིན།
དབང་ཆ་ཆ་བགོས་དང་དོ་མཉམ་བཏང་འཛིན་ཅན་གྱི་དེང་རབས་སྲིད་གཞུང་ཞིག་འཛུགས་སྐྲུན་བྱེད་རྒྱུ་དང། ཁྲིམས་བཟོ་ལྷན་ཁང། ཁྲིམས་འཛིན། འཛིན་སྐྱོང་སྟེ་དབང་གསུམ་དབྱེ་འཛུགས་ཀྱིས་དོ་མཉམ་བཏང་འཛིན་ཡོང་རྒྱུར་ཁག་ཐེག་ཡོད་དགོས། ཁྲིམས་བཀོད་འཛིན་སྐྱོང་དང་འགན་ལེན་སྲིད་གཞུང་གི་རྩ་དོན་གཏན་འཁེལ་གྱིས་འཛིན་སྐྱོང་གི་དབང་ཆ་ཚད་ལས་མི་འདའ་བར་སྔོན་འགོག་དང། སྲིད་གཞུང་གིས་དཔྱ་ཁྲལ་འཇལ་མཁན་ཚོའི་ཐོབ་ཐང་སྐྱིད་སྡུག་སོགས་ལ་སྲུང་སྐྱོབ་འགན་འཁུར་བྱེད་དགོས། དབུས་དང་ས་གནས་བར་དབང་ཆ་དབྱེ་བཀར་དང་དོ་མཉམ་བཏང་འཛིན་གྱི་ལམ་ལུགས་འཛུགས་དགོས་པ་དང། རྩ་ཁྲིམས་སུ་དབུས་ཀྱི་དབང་ཆའི་དབྱེ་མཚམས་གསལ་བོ་བཀོད་དགོས། ས་གནས་སུ་ཡང་དག་པའི་རང་སྐྱོང་ལག་ལེན་དུ་བསྟར་དགོས།
༣༽ ཁྲིམས་བཟོ་དང་དམངས་གཙོ།
རིམ་པ་སོ་སོའི་ཁྲིམས་བཟོའི་སྒྲིག་འཛུགས་ཚང་མ་ཐད་ཀར་འོས་འདེམས་ལས་བྱུང་དགོས་ཤིང། ཁྲིམས་བཟོ་སྒྲིག་འཛུགས་དག་གིས་ངེས་པར་དུ་འདྲ་མཉམ་དྲང་བདེན་གྱི་རྩ་དོན་རྒྱུན་འཁྱོངས་ཀྱིས་ཁྲིམས་བཟོ་དམངས་གཙོ་ཅན་དེ་ལག་ལེན་ཁག་ཐེག་བྱེད་དགོས།
༤༽ ཁྲིམས་འཛིན་རང་དབང།
ཁྲིམས་འཛིན་དེ་ངེས་པར་དུ་ཚོགས་ཤོག་ལས་འདས་པ་ཞིག་ཡིན་དགོས་པ་དང། སུ་གང་གིས་ཇུས་གཏོགས་མ་ཐེབས་པའི་ལམ་ནས་རང་དབང་རང་བཙན་གྱི་ཁྲིམས་འཛིན་དངོས་སུ་བཀོད་སྤྱོད་དང། ཁྲིམས་འཛིན་གྱི་དྲང་བདེན་ལ་འགན་ལེན་ཁག་ཐེག་ཡོད་དགོས། རྩ་ཁྲིམས་ཁྲིམས་ཁང་གསར་འཛུགས་དང་རྩ་ཁྲིམས་ལས་འགལ་བར་ཞིབ་བཤེར་ཀྱི་ལམ་ལུགས་བཙུགས་ནས་རྩ་ཁྲིམས་གྱི་དབང་གྲགས་ལ་སྲུང་སྐྱོབ་བྱེད་དགོས། རྒྱལ་ཁབ་གྱི་ཁྲིམས་སྐྱོང་ལ་གནོད་པའི་རིམ་པ་སོ་སོའི་ཚོགས་ཤོག་གི་སྲིད་ཁྲིམས་ལྷན་ཁང་སོགས་སྔ་མོ་ནས་རྩ་མེད་བཟོས་ཏེ་སྤྱི་ཆས་སྒེར་སྤྱོད་བྱེད་རྒྱུར་སྔོན་འགོག་བྱེད་དགོས།
༥༽ སྤྱི་ཆས་སྤྱི་སྤྱོད།
དམག་དཔུང་རྒྱལ་ཁབ་ཅན་དུ་མངོན་གྱུར་སྟེ་དམག་དཔུང་རྒྱལ་ཁབ་ཀྱི་ཡིན་དགོས། དམག་མིས་རྩ་ཁྲིམས་དང་རྒྱལ་ཁབ་ལ་སྲི་ཞུ་ལེགས་པར་སྒྲུབ་རྒྱུ་དང། ཆབ་སྲིད་དང་ཚོགས་ཤོག་གི་རྩ་འཛུགས་སོ་ཅོག་དམག་དཔུང་ལས་ཕྱིར་འཐེན་བྱས་ཏེ། དམག་དཔུང་གི་ཆེད་ལས་ཅན་གྱི་ཆུ་ཚད་མཐོ་རུ་འདེགས་དགོས། ཉེན་རྟོག་མི་སྣ་ཐེ་པའི་གཞུང་ཞབས་སྲི་ཞུ་བ་སོ་ཅོག་གིས་ཆབ་སྲིད་དབུ་མའི་ལངས་ཕྱོགས་གཞུང་བསྲིངས་དང་། གཞུང་ཞབས་པ་བསྡུ་ལེན་སྐབས་ཚོགས་ཤོག་མཐོང་ཆུང་མེད་པ་བཟོས་ནས་ཚོགས་ཤོག་གི་དབྱེ་བ་མེད་པར་འདྲ་མཉམ་ངང་བསྡུ་ལེན་བྱེད་དགོས།
༦༽ འགྲོ་བ་མིའི་ཐོབ་ཐང་སྲུང་བརྩི།
འགྲོ་བ་མིའི་ཐོབ་ཐང་བརྩི་སྲུང་ནན་མོ་དང་། མིའི་ལ་རྒྱ་སྲུང་སྐྱོབ་བྱེད་དགོས། ཆེས་མཐོའི་འབངས་མིའི་འདོད་བློ་མཚོན་པའི་སྒྲིག་འཛུགས་ལ་འགན་འཁུར་པའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ཆེད་དུ་བཙུགས་ནས་སྲིད་གཞུང་གིས་སྤྱི་གཞུང་གི་དབང་ཆ་བཀོལ་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་རྒྱུར་སྔོན་འགོག་དང། སྒོས་སུ་སྤྱི་འབངས་ཀྱི་རང་དབང་ལ་འགན་སྲུང་ཡོད་དགོས། མི་སུ་ཞིག་ཡིན་ཡང་ཁྲིམས་འགལ་གྱི་འཛིན་བཟུང། བཀག་ཉར། བཀའ་འགུག་འདྲི་ཞིབ། འདྲི་བཅོད། ཉེས་གཅོད་མི་བྱེད་པ་དང། ངལ་རྩོལ་བསྒྱུར་བཀོད་ལམ་ལུགས་མེད་པར་བཟོ་དགོས།
༧ ༽ གཞུང་ཞབས་པ་འདེམས་བསྐོ།
དམངས་གཙོའི་འོས་འདེམས་ལམ་ལུགས་ཁྱབ་སྤེལ་བཏང་ནས་མི་རེར་འོས་ཤོག་རེའི་འདྲ་མཉམ་འོས་འདེམས་ཐོབ་ཐང་དངོས་སུ་ལག་ལེན་བྱ་རྒྱུ། རིམ་པ་སོ་སོའི་འཛིན་སྐྱོང་འགན་འཛིན་གྱི་ཐད་ཀར་འདེམས་བསྐོ་དེ་ལམ་སྲོལ་ཅན་གྱིས་ངང་ནས་རིམ་བཞིན་ཁྱབ་སྤེལ་གཏོང་བ། དུས་བཀག་ལྟར་རང་དབང་འགྲན་རྩོད་འོས་འདེམས་དང་ཁྲིམས་ལྟར་ཐུན་མོང་གི་གོ་གནས་ཐོབ་ཆེད། སྤྱི་འབངས་འོས་འདེམས་ནང་མཉམ་ཞུགས་བྱ་རྒྱུ་ནི་མེད་དུ་མི་རུང་པའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཡིན།
༨༽ གྲོང་ཁྱེར་དང་གྲོང་གསེབ་འདྲ་མཉམ།
ད་ལྟའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུ་གཉིས་ཁྱིམ་ཐོའི་ལམ་ལུགས་མེད་པར་བཟོ་རྒྱུ། མི་སེར་ཚང་མ་འདྲ་མཉམ་ཡིན་པའི་རྩ་ཁྲིམས་ཁེ་དབང་ལག་བསྟར་གྱིས་མི་སེར་གྱི་གནས་སྤོའི་རང་དབང་ལ་འགན་སྲུང་དང། སྒོས་སུ་གྲོང་ཁྱེར་ནང་འགྲོ་མཁན་ཞིང་པ་དང་ས་ཁུལ་གཞན་དག་གི་ལས་བཟོ་བར་ས་གནས་དེ་གའི་ཡུལ་མིའི་ཐོབ་ཐང་དང་ཕན་བདེའི་ཐོབ་སྐལ་སྤྲོད་དགོས།
༩༽ ཚོགས་སྡེ་གསར་འཛུགས་རང་དབང།
མི་སེར་གྱི་ཚོགས་སྡེ་གསར་འཛུགས་རང་དབང་གི་ཐོབ་ཐང་ལ་བརྩི་སྲུང་བྱ་རྒྱུ། ད་ལྟའི་ཚོགས་སྡེ་ཐོ་འགོད་ཞིབ་བཤེར་ཆོག་མཆན་ལམ་ལུགས་དེ་སྙན་སེང་ཐོ་འགོད་ལམ་ལུགས་སུ་བསྒྱུར་དགོས། ཚོགས་ཤོག་ཚང་མར་འདྲ་མཉམ་གཅིག་མཚུངས་ཀྱི་གོ་སྐབས་སྤྲད་ནས་རྩ་ཁྲིམས་དང་ཁྲིམས་ལུགས་ཀྱིས་ཆབ་སྲིད་ཚོགས་ཤོག་གི་བྱ་སྤྱོད་ལ་ཚད་གཞི་བཟུང་སྟེ། ཚོགས་ཤོག་གཅིག་གིས་སྲིད་སྐྱོང་སྒེར་སྡེམ་བྱས་པའི་དམིགས་བསལ་དབང་ཆ་རྩ་མེད་བཟོ་རྒྱུ་དང། ཆབ་སྲིད་ཚོགས་ཤོག་གི་འགུལ་སྤྱོད་རང་དབང་དང་འགྲན་རྩོད་འདྲ་མཉམ་གྱི་རྩ་དོན་གཏན་འཁེལ་བྱས་ནས་ཆབ་སྲིད་ཚོགས་ཤོག་གི་ཆབ་སྲིད་དེ་རྒྱུན་ལྡན་ཅན་དང་ཁྲིམས་དང་ལྡན་པར་མངོན་གྱུར་ཡོང་དགོས།
༡༠༽ འདུ་འཛོམས་རང་དབང།
ཞི་བདེའི་ངང་འདུ་འཛོམས། ཁྲོམ་སྐོར། རྔམ་སྟོན་དང་རང་དབང་མངོན་མཚོན་ནི་རྩ་ཁྲིམས་སུ་གཏན་ལ་འཁེལ་པའི་སྤྱི་འབངས་ཀྱི་གཞི་རྩའི་རང་དབང་ཡིན་པས། གཞུང་འཛིན་ཚོགས་པ་དང་གཞུང་གིས་ཁྲིམས་འགལ་ངང་བཀག་འགོག་དང་ཡང་ན་ཚད་བཀག་བྱ་ཆོག་གིན་མེད།
༡༡༽ སྨྲ་བརྗོད་རང་དབང།
སྨྲ་བརྗོ་རང་དབང། པར་སྐྲུན་རང་དབང་དང་རིག་གཞུང་རང་དབང་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་སྤྱི་འབངས་ཀྱི་གནས་ཚུལ་ཤེས་འདོད་ཀྱི་དབང་ཆ་དང་ལྟ་སྐུལ་གྱི་དབང་ཆར་བརྩི་སྲུང་བྱ་དགོས། ༼ གསར་འགྱུར་ཁྲིམས་ལུགས༽ དང ༼ པར་སྐྲུན་ཁྲིམས་ལུགས༽ བཙུགས་ནས། གཞུང་གིས་སྨྲ་བརྗོད་རང་དབང་དང་སྨྱན་བྱད་རང་དབང་གི་བཀག་བསྡོམས་མེད་པ་བཟོ་རྒྱུ་དང་། དེ་དང་ཆབས་ཅིག ད་ལྟ་ལག་ལེན་དུ་བསྟར་བཞིན་པའི༼ ཉེས་ཁྲིམས༽ ནང་གི “ རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་པ”ཞེས་པའི་ཚན་པ་དེ་རྨེག་མེད་དུ་བཏང་ནས་སྨྲ་བརྗོད་ཀྱི་དབང་གིས་སྐྱོན་ཆ་ཕོག་རྒྱུ་གཏན་དུ་འགོག་དགོས།
༡༣༽ སྤྱི་འབངས་སློབ་གསོ།
ཚོགས་པ་གཅིག་གིས་དབང་བསྒྱུར་དང། འདུ་ཤེས་འཛིན་སྟངས་ཀྱི་ཚོན་མདོག་མཐུག་པོས་བཀྲ་པའི་སློབ་གསོའི་ལམ་ལུགས་དང་ཆབ་སྲིད་ཡིག་རྒྱུགས་རིགས་ཤུལ་མེད་དུ་གཏོར་ནས། ཡོངས་ཁྱབ་རིན་ཐང་དང་འབངས་མིའི་ཐོབ་ཐང་རྨང་གཞིར་ཆགས་པའི་སྤྱི་འབངས་ཀྱི་སློབ་གསོ་ཁྱབ་གདལ་དུ་སྤེལ་རྒྱུ་དང་། སྤྱི་འབངས་ཀྱི་འདུ་ཤེས་ལེགས་པར་ཚུགས་ནས་སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་རྒྱུའི་ཀུན་སྤྱོད་ཀྱི་ལེགས་པོའི་ཆ་དར་སྤེལ་གཏོང་བ།
༡༤༽ རྒྱུ་ནོར་སྲུང་སྐྱོབ།
སྒེར་དབང་རྒྱུ་ནོར་གྱི་ཁེ་དབང་ལ་སྲུང་སྐྱོབ། རང་དབང་དང་གློད་འབྱེད་ཀྱི་ཚོང་རའི་ལམ་ལུགས་ལག་ལེན་དུ་བསྟར་ནས་བྱ་བཞག་གསར་གཏོད་ཀྱི་རང་དབང་ལ་བརྩི་སྲུང་བྱ་རྒྱུ་དང། འཛིན་སྐྱོང་གིས་སྒེར་སྡེམ་བྱེད་རྒྱུར་ལྟ་རྟོག་བྱ་རྒྱུ། ཆེས་མཐོའི་འབངས་མིའི་འདོད་བློ་མཚོན་པའི་ལས་ཁུངས་ལ་འགན་འཁུར་ནུས་པའི་རྒྱལ་གཉེར་རྒྱུ་ནོར་དོ་དམ་ལྷན་ཁང་གསར་འཛུགས་ཀྱིས་ཁྲིམས་ལུགས་དང་མཐུན་ཞིང་གོ་རིམ་ལྡན་པའི་ངང་རྒྱུ་ནོར་གྱི་བདག་དབང་ལ་བཅོས་བསྒྱུར་བྱས་ཏེ། རྒྱུ་ནོར་བདག་དབང་དེ་གང་གི་ཁོངས་སུ་གཏོགས་པ་དང་འགན་ཁུར་ལེན་མཁན་སུ་ཡིན་པ་སོགས་གསལ་བོ་བྱ་རྒྱུ། ས་ཞིང་ལས་འགུལ་གསར་བ་ཞིག་སྤེལ་ནས་ས་ཞིང་སྒེར་བདག་ཅན་དུ་རིམ་བསྒྱུར་བྱ་རྒྱུ། མི་སེར་ཡོངས་དང་ནང་སྒོས་སུ་ཞིང་པའི་ས་ཞིང་གི་བདག་དབང་ལ་སྲུང་སྐྱོབ་ནན་མོ་བྱ་དགོས།
༡༥༽ ནོར་སྲིད་དང་དཔྱ་ཁྲལ་བཅོས་བསྒྱུར།
དམངས་གཙོའི་ནོར་སྲིད་ལེགས་པར་ཚུགས་རྒྱུ་དང་དཔྱ་ཁྲལ་འཇལ་མཁན་ཚོའི་ཐོབ་ཐང་འགན་སྲུང་བྱ་དགོས། ཁེ་དབང་དང་འགན་འཁྲི་གསལ་བོར་མཚོན་པའི་ཐུན་མོང་གི་ནོར་སྲིད་ལམ་ལུགས་ཀྱི་སྒྲོམ་གཞི་དང་འཁོར་སྐྱོད་ལས་ཁུངས་མ་ལག་གསར་འཛུགས་དང། རིམ་པ་སོ་སོའི་སྲིད་གཞུང་ནང་འོས་འཚམ་ནུས་ལྡན་དང་དབང་ཆ་ཁ་བགོས་ཅན་གྱི་ནོར་སྲིད་མ་ལག་འཛུགས་རྒྱུ། དཔྱ་ཁྲལ་ལམ་ལུགས་ལ་བཅོས་བསྒྱུར་ཆེན་པོ་བྱས་ཏེ་ཁྲལ་རིགས་ཀྱི་ཚད་ཇེ་དམའ་དང་དཔྱ་ཁྲལ་ལམ་ལུགས་སྟབས་བདེ་ཅན་དུ་གཏོང་རྒྱུ། སྤྱི་ཚོགས་ཐུན་མོང་གི་འདེམས་སྒྲུག་རྒྱུད་རིམ་དང་འབངས་མིའི་འདོད་བློ་མཚོན་པའི་ལས་ཁུངས་ཀྱི་གྲོས་ཆོད་མ་བརྒྱུད་པར་འཛིན་སྐྱོང་སྡེ་ཁག་གིས་རང་འདོད་ལྟར་དཔྱ་ཁྲལ་ཁར་སྣོན་དང་ཁྲལ་རིགས་ཐེབ་ལེན་བྱས་མི་ཆོག རྒྱུ་ནོར་གྱི་བདག་དབང་བཅོས་བསྒྱུར་བྱས་པ་བརྒྱུད་རྒྱུ་མང་ཚོང་རའི་གྲུབ་ཆ་གཙོ་བོ་དང་འགྲན་རྩོད་ལས་ཁུངས་མ་ལག་ནང་འདྲེན་བྱས་ཏེ་དཔལ་འབྱོར་ནང་ཞུགས་ཀྱི་ཚད་གཞི་ཇེ་དམའ་རུ་གཏོང་རྒྱུ་དང། དམངས་ཁྲོད་ཀྱི་དཔལ་འབྱོར་ཡར་རྒྱས་སུ་སྤེལ་རྒྱུར་ཆ་རྐྱེན་སྐྲུན་ནས་དཔལ་འབྱོར་མ་ལག་གིས་སྐྱེ་སྟོབས་ཀྱི་ནུས་ཤུགས་གང་ཐུབ་འདོན་རྒྱུ།
༡༦༽ སྤྱི་ཚོགས་འགན་སྲུང།
རྒྱལ་ཡོངས་ཀྱི་འབངས་མི་ཡོངས་ལ་རག་ལས་པའི་སྤྱི་ཚོགས་འགན་སྲུང་ལམ་སྲོལ་བཙུགས་ནས་འབངས་མིའི་སློབ་གསོ། འཕྲོད་བསྟེན། རྒན་གསོ་དང་ལས་ཀར་ཞུགས་རྒྱུར་ཆེས་རྨང་གཞི་ནས་འགན་སྲུང་ཁག་ཐེག་བྱས་ཏེ་བཙན་འཕྲོག་རང་བཞིན་དང་མཐོང་ཆུང་རང་བཞིན་གྱི་སྤྱི་ཚོགས་འགན་སྲུང་ལམ་སྲོལ་མཇུག་བསྒྲིལ་དགོས།
༡༧ ༽ ཁོར་ཡུར་སྲུང་སྐྱོབ།
སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱ་རྒྱུ་དང་། བསྟུད་མར་འཕེལ་རྒྱས་ཡོང་རྒྱུ་དར་སྤེལ་གཏོང་བ། བུ་རབས་ཚ་རྒྱུད་དང་འགྲོ་བ་མིའི་རིགས་ཡོངས་ལ་འགན་འཁུར་ནས། རྒྱལ་ཁབ་དང་རིམ་པ་སོ་སོའི་འགོ་ཁྲིད་ཚོས་དེ་ལ་ངེས་པར་དུ་འགན་འཁྲི་དང་ལེན་བྱེད་ཆེད་འོས་བབས་ཀྱི་འགན་ཁུར་གཏན་འཁེལ་གསལ་བོར་བྱེད་དགོས་ལ། དམངས་ཁྲོད་ཚོགས་པ་སྒྲིག་འཛུགས་དག་གིས་ཁོར་ཡུག་སྲུང་སྐྱོབ་ལས་དོན་ཁྲོད་མཉམ་ཞུགས་དང་ལྟ་སྐུལ་ཀྱི་ནུས་ཤུགས་འདོན་རྒྱུར་སྐུལ་མ་བྱེད་རྒྱུ།
༡༨༽ རྒྱལ་ཕྲན་སྤྱི་མཐུན།
འདྲ་མཉམ་དང་དྲང་བདེན་གྱི་རྣམ་པས་ས་ཁུལ་ཞི་བདེ་དང་འཕེལ་རྒྱས་གཞུང་བསྲེངས་ཀྱི་ལས་དོན་ཁྲོད་མཉམ་ཞུགས་གནང་ནས་། འགན་ཁུར་ལེན་གྱི་རྒྱལ་ཁབ་ཆེན་པོའི་སྣང་བརྙན་བཟོ་སྐྲུན་བྱ་རྒྱུ། ཧོང་ཀོང་དང་ཨོ་མིན་གྱི་རང་དབང་ལམ་སྲོལ་ལ་བརྩི་སྲུང་བྱ་རྒྱུ། རང་དབང་དང་དམངས་གཙོའི་སྔོན་འགྲོའི་ཆ་རྐྱེན་འོག་འདྲ་མཉམ་ངང་གྲོས་མོལ་དང་གཉིས་ཕན་མཉམ་ལས་ཀྱི་རྣམ་པས་མཚོ་འགག་ཕན་ཚུན་ཞི་འགྲིག་ཡོང་པའི་ཐབས་ལམ་འཚོལ་ཞིབ་བྱ་རྒྱུ། བློ་དང་རིག་པ་ཡངས་པའི་སྒོ་ནས་མི་རིགས་སོ་སོ་མཉམ་གཅིག་ཏུ་དཔལ་ཡོན་དང་འབྱོར་བ་ལྡན་རྒྱུར་ཐབས་ལམ་འཚོལ་གྲུབ་དང་སྒྲིག་གཞི་ཇུས་འགོད་བརྒྱུད། དམངས་གཙོའི་ཁྲིམས་སྲིད་ཀྱི་སྒྲོམ་གཞིའི་འོག་ཀྲུང་ཧྭ་རྒྱལ་ཕྲན་སྤྱི་མཐུན་རྒྱལ་ཁབ་གསར་འཛུགས་བྱ་རྒྱུ།
༡༩༽ རྣམ་པ་གསར་བར་འཕེལ་འགྱུར་དང་དྲང་བདེན།
ཆབ་སྲིད་ལས་འགུལ་རིམ་བྱུང་ཁྲོད་ཆབ་སྲིད་ཀྱི་ནག་ཉེས་ཕོག་པའི་མི་སྣ་དང་ནང་མིའི་མིང་སྣ་དཀར་འདོན་དང་རྒྱལ་ཁབ་ནས་གུན་གསབ་སྤྲོད་རྒྱུ། ཆབ་སྲིད་ཀྱི་ཉེས་མིང་ཕོག་མཁན་དང་ཉེས་མེད་ཉེས་པ་ཕོག་མཁན་ཡོད་ཚད་གློད་བཀྲོལ་གཏོང་རྒྱུ་དང། དེ་མིན་དད་པའི་དབང་གི་ཉེས་ཆད་ཕོག་མཁན་ཡོད་དོ་ཅོག་གློད་བཀྲོལ་གཏོང་དགོས། ཞིབ་བཤེར་ལྷན་ཁང་གསར་དུ་བཙུགས་ནས་ལོ་རྒྱུས་དོན་རྐྱེན་གྱི་དངོས་ཡོད་གནས་ཚུལ་ཞིབ་བཤེར་གསལ་བོ་བྱ་རྒྱུ་དང། འགན་འཁྲི་དབྱེ་བཀར་དང་དྲང་བདེན་སྐྱེད་སྤེལ། འདིའི་རྨང་གཞིའི་སྟེང་སྤྱི་ཚོགས་ཞི་འགྲིག་གི་ཐབས་ལམ་འཚོལ་སྙེག་བྱ་རྒྱུ།

བཞི་བ། མཇུག་བསྡུའི་གཏམ།
རྒྱ་ནག་ནི་འཛམ་གླིང་གི་རྒྱལ་ཁབ་ཆེ་གྲས་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་གི་གཏན་འཇགས་རྒྱལ་ཁབ་ལྔའི་ཡ་གྱལ། འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཁང་གི་ཚོགས་མི་རྒྱལ་ཁབ་སོགས་ཡིན་པས། འགྲོ་བ་མིའི་ཞི་བདེའི་ལས་དོན་དང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་སླད་རང་སྟེང་གི་ནུས་པ་འདོན་དགོས་པ་ནི་སྨོས་མ་དགོས་མོད། འོན་ཀྱང། བློ་ཕམ་པ་ཞིག་ལ། ད་ལྟའི་འཛམ་གླིང་སྟེང་གི་རྒྱལ་ཁབ་ཆེ་གྲས་ཡོད་ཚད་ཀྱི་ནང་དུ་རྒྱ་ནག་གཅིག་པུ་ནི་ད་དུང་ཡང་དབང་ཤུགས་རིང་ལུགས་ཀྱི་ཆབ་སྲིད་སྐྱེས་ཁམས་སུ་གནས་ཡོད་པ་མ་ཟད། མི་ཐོབ་ཀྱི་གོད་ཆག་དང་སྤྱི་ཚོགས་ཉམས་ཉེན་སོགས་བསྟུད་མར་བཟོ་བཞིན་པས། ཀྲུང་ཧྭ་མི་རིགས་ཀྱི་རང་ཤུགས་ཀྱི་འཕེལ་རྒྱས་ལ་བཀག་རྒྱ་མི་ཆུང་བ་ཞིག་ཐེབས་པ་དང། འགྲོ་བ་མིའི་དཔལ་ཡོན་གྱི་གོང་འཕེལ་ལའང་བཀག་སྡོམ་བྱས་ཡོད། ——འདི་ལྟ་བུའི་གནས་སྟངས་ལ་ངེས་པར་དུ་འགྱུར་བ་འགྲོ་དགོས། ཆབ་སྲིད་དམངས་གཙོ་ཅན་གྱི་འཕོ་འགྱུར་ལ་འགོར་འགྱངས་བྱེད་ས་ཡེ་ནས་མེད།
དེའི་ཕྱིར། ང་ཚོས་ཁ་དན་ཚིག་ལ་གནས་པའི་སྤྱི་འབངས་ཀྱི་སྙིང་སྟོབས་དྲག་པས ༼ རྩ་འཛིན ༠༨ མ༽ ཁྱབ་བསྒྲགས་བྱས་པ་ཡིན། གཅིག་མཚུངས་ཀྱི་ཉམས་ཉེན་དང་འགན་འཁྲི་ཡི་ཚོར་ཤེས་ལྡན་པའི་རྒྱ་ནག་གི་མི་སེར་ཚང་མ་གཞུང་འཛིན་དང་གཞུང་འཛིན་མིན་པའི་ཚོགས་པའི་དབྱེ་བ་མེད་པ་དང། གོ་ས་དང་ཐོབ་ཐང་གི་དབང་དུའང་མ་སོང་པར། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་གིས། མི་སེར་གྱི་ལས་འགུལ་ནང་མཉམ་ཞུགས་བྱས་ཏེ། ལག་གདང་དཔུང་སྦྲེལ་ངང་རྒྱ་ནག་སྤྱི་ཚོགས་ཀྱི་རླབས་ཆེ་བའི་བཅོས་བསྒྱུར་ལ་སྐུལ་འདེད་བྱ་རྒྱུར་ང་ཚོས་ལྷག་བསམ་རྣམ་དག་གིས་རེ་བ་བཅོལ་ཡོད། མི་འགྱངས་པར་རང་དབང། འདྲ་མཉམ། དམངས་གཙོ། ཁྲིམས་སྲིད་ཀྱི་རྒྱལ་ཁབ་ཅིག་གསར་དུ་བཙུགས་ནས། འདས་པའི་ལོ་ངོ་བརྒྱ་ལྷག་གི་རིང་རྒྱ་ནག་མི་དམངས་ཀྱིས་སྙིང་རུས་ལྷོད་མེད་གནང་ནས་འཚོལ་ཞིང་སྙེག་པའི་རེ་འདུན་དེ་མངོན་པར་གྱུར་ཅིག
མཆན:༡༽ མི་ཐོབ་ནི་འགྲོ་བ་མིའི་ཐོབ་ཐང་ཞེས་པའི་བསྡུས་མིང་ཡིན།
༢༽༼རྩ་འཛིན ༠༨ མ༽ ཟིན་བྲིས་སུ་འདེབས་མཁན་གཙོ་བོ་ནི་སྐུ་ཞབས་ཀྲང་ཙའུ་ཧྭ་ཡིན་ལ། སྐུ་ཞབས་ལིའུ་ཞའོ་པའོ་གཙོ་བོ་ཡིན་པའི་བསམ་བློ་བ་སྐོར་ཞིག་གིས་དག་བཅོས་དང་འགྲེམས་སྤེལ་བྱས་པ་རེད།
༣༽བོད་འགྱུར། འབྲོག་མྱི།