ཕོན་ཆེ་བའི་རྒྱལ་ཁབ་ཅིག ལོང་བ་ཞིག་ལ་སྐྲག་དོན་ཅི།

Screen Shot 2017-08-06 at 11.18.45.pngམི་ལོ ༢༠འི་རིང་ལྷ་སའི་ལོང་བའི་སློབ་གྲྭར་སློབ་སྟོན་གནང་མཁན་འཇར་མི་ནེའི་ལོང་བ་ལྕམ་སབ་རི་ཡ བསྟན་པེར་ཁེན(Sabriye Tenberken)ལགས་རྒྱ་ནག་གཞུང་གིས་མཐར་སྐྲོད་བཏང་འདུག

འཇར་མི་ནེའི་མིག་ཞར་བ་ཡིན་པའི་བོད་རིག་པ་བ་ལྕམ་སབ་རི་ཡ་ལགས་ཀྱིས་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དུ་བྱིས་པ་ལོང་བའི་སློབ་གྲྭ་ཞིག་བཙུགས་ནས་ལོ ༢༠ ཕྱིན་ཡོད་ན་ཡང་། རྒྱ་ནག་གཞུང་གིས་བོད་རིག་པ་བ་དེ་རྒྱ་ནག་ནས་ཐོན་དགོས་པའི་བཀའ་རྒྱ་བཏང་ཡོད་པ་མ་ཟད། ཁོང་མོས་གསར་འཛུགས་གནང་བའི་བྱིས་པ་ལོང་བའི་སློབ་གྲྭ་དེའང་སྒོ་རྒྱག་རྒྱུར་ཐུག་ཡོད་པ་རེད།

ལྕམ་སབ་རི་ཡ་ལགས་ཀྱིས་བོད་སྐད་དང་མཐུན་པའི་ལོང་ཡིག་གསར་གཏོད་གནང་ཞིང་། ལྷ་ས་རུ་བཙུགས་པི་ལོང་བའི་ལྟེ་གནས་ཁང་དེ་རྒྱ་ནག་ནང་ཆེས་ཕུལ་བྱུང་གི་ལོང་བའི་སློབ་གྲྭའི་གྲལ་དུ་ཚུད་ཡོད། སློབ་གྲྭ་དེ་ཚུགས་ནས་འདས་པའི་ལོ ༡༩འི་རིང་། ལྕམ་སབ་རི་ཡ་ལགས་ཀྱིས་མིག་གཉིས་ཞར་བ་ཡིན་པའི་བོད་རིགས་བྱིས་པ ༣༠༠ ལྷག་གསོ་སྐྱོང་གནང་འདུག

ལྕམ་སབ་རི་ཡ་ལགས་ཀྱིས་ཇེ་ནེ་ར་ལན་ཙི་གྷར(Generalanzeiger)གྱི་བཅར་འདྲི་སྐབས། གོ་ཚོད་ལ་བྱིས་པ་ལོང་བ་དེ་ཚོར་ནུབ་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་པ་མང་དྲགས་པའི་བློ་དོགས་ཤིག་རྒྱ་ནག་གཞུང་ལ་སྐྱེས་ཡོད་པ་འདྲ། བོད་རིགས་བྱིས་པ་ལོང་བ་མང་པོའི་མ་འོངས་པའི་མདུན་ལམ་ལ་སེམས་ཁྲལ་ཆེན་པོ་ཡོད་ཅེས་བཤད་འདུག

ལོ་སྔོན་མར། རྒྱ་ནག་གཞུང་གིས་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་ཁག་ལ་ལྟ་སྐུལ་དང་བཏང་འཛིན་གྱི་ཁྲིམས་ལུགས་གསར་བ་ཞིག་གཏན་འབེབས་དང་ལག་ལེན་དུ་བསྟར་བ་རེད། ཁྲིམས་ལུགས་དེ་སྤེལ་རྗེས། ཕྱིའི་སྒྲིག་འཛུགས་དང་། ཐེབས་རྩ་ཚོགས་པ། ཞིབ་འཇུག་ལྟེ་གནས་སོགས་རྩ་འཛུགས་ཚང་མ་ཧ་ཅང་དཀའ་ཁག་ཆེ་བའི་གནས་སྟངས་འོག་ལས་དོན་སྤེལ་དགོས་པ་ཆགས་ཡོད་ལ། རྩ་འཛུགས་མང་པོ་ཞིག་སྒོ་བརྒྱབས་ཟིན་པ་རེད།

ལྕམ་སབ་རི་ཡ་ལགས་ཀྱི་བཙུགས་པའི་ལྷ་སའི་ལོང་བའི་སློབ་གྲྭ་དེ་ཁ་གཏོར་རྒྱུའི་གན་རྒྱ་ཡི་གེ་ཞིག་ལ་གཞིགས་ན། རྒྱ་ནག་ལྷ་ས་གཞུང་གིས་ལོང་བའི་སློབ་གྲྭ་དེའི་ནང་གི་བྱིས་པ་ལོང་བ་ཚོ “རྒྱ་བོད་དམིགས་བསལ་སློབ་གྲྭ” ཞིག་ཏུ་གོ་སྒྲིག་བྱེད་རྒྱུ་ཡིན་པ་རེད།

དེ་བཞིན་ལོང་བའི་སློབ་གྲྭ་དེའི་བུ་མོ་ཆུང་ཆུང་ཞིག་གིས་དབྱིན་སྐད་ཀྱིས་། “དེ་སྔོན་ང་རང་ཡུལ་ན་ཡོད་དུས་བོད་སྐད་མ་གཏོགས་བཤད་མི་ཤེས། ཡིན་ན་ཡང་ལོང་བའི་སློབ་གྲྭ་འདིར་ཞུགས་རྗེས། ད་ལྟ་ངས་བོད་རང་གི་སྐད་དང་། རྒྱ་སྐད། དབྱིན་སྐད་བཅས་སྐད་རིགས་གསུམ་ཤེས་ཀྱིན་ཡོད་པའི་ཐོག་གློག་ཀླད་སོགས་དེང་རབས་འཕྲུལ་ཆས་རིགས་ཀྱང་བཀོལ་སྤྱོད་བྱེད་ཤེས་ཀྱིན་ཡོད། ང་ཚོ་ལོང་བ་ཡིན་པ་ལས་གླེན་པ་མིན” ཞེས་ཨ་རིའི་སྐད་གྲགས་ཆེ་བའི་ཨོ་བྷི་ར་ཐོལ་ཤོད་ལེ་ཚན་ནང་བཤད་འདུག

ད་ལྟ་ལོ་ན ༤༧ ཡིན་པའི་ལྕམ་སབ་རི་ཡ བསྟན་པེར་ཁེན་ལགས་ནི་འཇར་མི་ནེའི་ཁོན(Koln)ཞེས་པའི་ས་ཁུལ་དུ་སྐྱེས་ཤིང། བྷོན (Boon) ཞེས་པའི་ས་ཁུལ་དུ་ནར་སོན། ལོ་ན ༡༢ སྟེང་མིང་གཉིས་ལོང་བར་གྱུར། ཁོང་མོར་རྒྱལ་སྤྱིའི་གཟེངས་རྟགས་མང་པོ་ཐོབ་ཡོད་ལ། རྒྱ་ནག་གཞུང་གིས་ཀྱང ༢༠༠༦ ལོའི་རྒྱལ་ཁབ་མཛའ་བརྩེའི་གཟེངས་རྟགས་ཞེས་པ་ཁོང་མོར་ཕུལ་ཡོད་པ་རེད། འོད་ཀྱང་དེ་རིང་། ཁོང་མོའི་མཐོང་མཆན་ཝེ་ཟཱའི་རྒྱུན་མ་བསྲིང་པར་བརྟེན། ཁོང་མོ་རྒྱ་ནག་གི་ས་ཁོངས་ནས་ཕྱིར་མི་ཐོན་རང་ཐོན་ཆགས་ཡོད་པ་དང་། ཁོང་མོས་བཙུགས་པའི་ལྷ་སའི་ལོང་བའི་སློབ་གྲྭ་དེའང་སྒོ་རྒྱག་རྒྱུའི་ཉེན་ཁར་ཐུག་ཡོད་འདུག

ལྷ་སའི་བོད་རིགས་བྱིས་པ་ལོང་བ་དེ་ཚོར་གཅིག་མཚུངས་ཀྱི་གོ་སྐབས་ཐོབ་ཆེད་དུ་ལྕམ་སབ་རི་ཡ་ལགས་ཀྱིས་ལྷ་སའི་བྱིས་པའི་ལོང་བའི་སློབ་གྲྭ་དེ་བཙུགས་པ་དང་། རྒྱུ་མཚན་དེར་བརྟེན་ནས་ཁོང་མོས ‘རྒྱལ་མཚམས་མེད་པའི་ལོང་ཡིག་སྒྲིག་འཛུགས’ ཞེས་པ་གསར་འཛུགས་གནང་བ་རེད། སྒྲིག་འཛུགས་དེའི་མིང་ལ་ཧྥ་རན་སིའི་མི་སྣ་གྲགས་ཅན་སྐུ་ཞབས་ལོ་ཡེ་སི བྷི་རི་ལེ(Louis Braille) ཡི་མིང་བཏགས་ཡོད་པ་རེད། ༡༨༢༥ ལོར་སྐུ་ཞབས་ལོ་ཡེ་སི་བྷི་རི་ལེ་ལགས་ཀྱིས་ལོང་ཡིག་གསར་གཏོད་གནང་བ་རེད།

རེད་ཡ། སྤྱི་ལེ་གྲུ་བཞི་མ་ས་ཡ་དགུ་དང་འབུམ་དྲུག་ཡོད་ཟེར་བའི་ས་སྟེང་ན། མི་འབོར་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་ཅན་གྱི་རྒྱལ་ཁབ་ཅིག་ན། དམག་མི་ས་ཡ་གསུམ་གྱི་བདག་པོ་ཡིན་པའི་གཞུང་དེའི་འོག མིག་གཉིས་ལོང་བ་ཡིན་པའི་བུད་མེད་ཅིག་ཀྱང་འདུག་ས་མེད་པ་དེ་ཅི་ཞིག་ཡིན་ནམ། ཡང་ན་མིག་གཉིས་ཞར་བ་ཡིན་པའི་བུད་མེད་ཁེར་རྐྱང་ཞིག་ལའང་སྐྲག་དགོས་དོན་ཅི་ཞིག་ཡིན་ནམ།

རྒྱ་ནག་གཞུང་གི་བྱ་སྤྱོད་དེ་ལས། རྫིག་ཉམས་དོད་པོའི་་སྲིད་དབང་དེ་ཕྱི་རུ་བལྟས་ན་རྫ་རི་སྨུག་པོ་ཡིན་ཡང་། ནང་རྫ་ཁོག་སྐམ་པོ་ཡིན་པའི་ཤོག་བུའི་སྟག་གི་ངང་ཚུལ་ཕྱི་ཕྱོགས་སུ་ཡང་ཐེངས་ཤིག་ལ་བཀྲམས་པ་ལས་འདས་ལ། རྩ་རྩི་ཤིང་ཐམས་ཅད་ཀྱང་དགྲ་རུ་སྣང་བའི་ཐག་ཁྲ་སྦྲུལ་མཐོང་གི་འཇིགས་སྐྲག་གི་སེམས་ཁམས་དེ་མཚོན་ཡོད་པ་རེད།

རྒྱུ་མཚན་གཞན་ཞིག་ནི། བོད་དང་བོད་མིའི་གྲོགས་པོ་ཚང་མ་པེ་ཅིང་གཞུང་གི་དགྲ་བོ་ཡིན། དེ་ནི་མའོ་ཙེ་ཏུང་གི་གཏན་ཚིགས་ཏེ། དགྲ་བོའི་གྲོགས་པོ་ང་ཚོའི་དགྲ་བོ་ཡིན། དགྲ་བོའི་དགྲ་བོ་ང་ཚོའི་གྲོགས་པོ་ཡིན། གཏན་ཚིགས་དེའི་འོག་བོད་རིགས་བྱིས་པ་ལོང་བ་བདག་མེད་དག་ལ་གྲོགས་བྱེད་མཁན་ཞིག་འདུག་ས་ཡོད་དམ།