
ཧི་མ་ལ་ཡ་རི་རྒྱུད་ཀྱི་ཁུག་སོ་ཞིག་ཏུ་འཁོར་ལམ་ཞིག་བཟོ་ཆོག་མིན་གྱི་གནད་དོན་ལ་ཐུག་ནས། རྡུལ་ཕྲན་མཚོན་ཆ་ཅན་གྱི་རྒྱལ་ཁབ་རྒྱ་གར་དང་རྒྱ་ནག་གཉི་ཀ་དཔའ་ངར་ངར་ཁོག་ལ་མི་ཤོང་། མཚོན་ངར་ངར་ཤུབས་ནས་མི་འདུག་པའི་ངང་ཚུལ་གྱིས་གཡུལ་འཐབ་ཀྱི་རྟ་གོན་ལ་ཞུགས། འདི་ནི ༡༩༦༢ ལོ་ནས་བསྟུད་མར་བྱུང་བའི་རྒྱ་གར་ནག་གི་ས་རྩོད་དུ་མའི་ཁྲོད་ཛ་དྲག་ཆེ་ཤོས་ཀྱི་མཐའ་མཚམས་སྲུང་དམག་གདོང་ཐུག་གི་དོན་རྐྱེན་དེ་ཡིན།འཁོར་ལམ་སྐྲུན་སའི་ས་ཁུལ་དེ་རྒྱ་ནག་གི་མངའ་ཁོངས་སུ་གཏོགས་ཀྱང་། ས་བབ་ཀྱི་ཆ་ནས་རྒྱ་གར་དང་། འབྲུག་ཡུལ། རྒྱ་ནག་གསུམ་པོའི་ས་མཚམས་ལ་ཁེལ་ཡོད། རྒྱ་གར་ནག་གི་མཐའ་སྲུང་དམག་མིའི་ཁ་གཏད་གདོང་ཐུག་གི་དོན་རྐྱེན་དེ་ཟླ ༦ པའི་ཚེས ༢༥ ཉིན་བྱུང་བ་རེད།
ཉི་མ་དེར་རྒྱ་གར་གྱི་སྲིད་བློ་ནཱ་རན་དྷ་ར་མོ་དྷི་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཞིན་ཊོན་དུ་སྲིད་འཛིན་དགྲ་ནོན་ཁྲོ་འབར་དང་མཇལ་མོལ་གནང་བཞིན་ཡོད།
ཉིན་དེའི་སྔོན་ཙམ་དུ། རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་འབྲུག་ཡུལ་གྱིས་རྒྱ་ནག་གི་ལས་བཟོ་བས་བདག་དབང་ལ་རྩོད་པ་ལྷག་པའི་ས་ཁུལ་དུ་འཁོར་ལམ་ཞིག་རྒྱ་སྐྱེད་བཟོ་སྐྲུན་བྱེད་ཀྱིན་པའི་གནས་ཚུལ་ཤེས་རྟོགས་བྱུང་རྗེས། རྒྱ་གར་ལ་སྲུང་སྐྱོབ་དགོས་པའི་རེ་འདུན་ཞུས་འདུག རྒྱ་གར་གྱིས་དེ་མ་ཐག་ཨ་ལན་སློག་པའི་ཚུལ་གྱིས། དམག་དཔུང་དང་ཡོ་ཆས་སོགས་ཆེད་དུ་བརྫངས་ནས་རྒྱ་ནག་གི་ཆིངས་ཡིག་དང་འགལ་བའི་བྱ་སྤྱོད་དེ་ཡོ་བསྲང་ཆེད་འཁོར་ལམ་བཟོ་སྐྲུན་ལས་གཞི་དེ་འགོག་ཐབས་བྱས། ད་ལྟའི་གནས་སྟངས་འོག རྒྱ་ནག་ནི་འབྲེལ་ཆགས་རྒྱལ་ཁབ་དེ་གསུམ་ལས་ཅུང་སྟོབས་ཆེན་དེ་ཡིན་ཞིང་། རྒྱ་ནག་གིས་ཀྱང་དེ་མ་ཐག་ང་རྒྱལ་ཚ་བས་རྒྱ་གར་གྱི་རྩུབ་སྤྱོད་ལ་སུན་འབྱིན་བྱས་པ་མ་ཟད་རིངས་པ་རིངས་པར་དམག་དཔུང་ཕྱིར་འཐེན་བྱེད་དགོས་པའི་དགོས་འདུན་ནན་གྱིས་བཏོན་འདུག
དུས་དེ་ནས་དེ་རིང་བར། རྒྱ་གར་ནག་གི་དམག་དཔུང་རྒྱ་ནག་དང་འབྲུག་ཡུལ་གྱི་རྩོད་པ་ཅན་གྱི་ས་ཁུལ་འབྲོག་ལམ་ན་ཁ་གཏད་གདོང་ཐུག་དུ་ལངས་ནས་བསྡད་ཡོད་པ་དང་། དམག་དཔུང་ཕན་ཚུན་བར་ཐག་ན་སྤྱི་ལེ་འགའ་མ་གཏོགས་མེད།
རྒྱ་གར་ནག་གཉིས་ཀས་ཕྱི་རྣམ་པའི་སྲ་མཁྲེགས་ཀྱི་རྣམ་འགྱུར་དེ་གཞུང་བསྲིངས་བྱས་སྟབས། འགལ་འཛིང་དེ་ཞི་འཇགས་སུ་འགྲོ་རྒྱུའི་བཟོ་ལྟ་ཞིག་ད་དུང་མི་ཚོར་བའི་ཚད་རེད། བྱུང་རབས་དང་སྔར་སྲོལ་ལས་འདས་པའི་གདོང་ཐུག་དེ་ལས། རྒྱ་གར་ནག་རྒྱལ་ཁབ་གཉི་ཀའི་ཧམ་སེམས་དང་མི་རིགས་རིང་ལུགས་མུ་ནས་མུར་འཕེལ་བཞིན་པ་མཚོན་ཡོད། རྒྱལ་གར་ནག་གི་དབུ་ཁྲིད་རྣམ་གཉིས་མཁྲེགས་གྱོང་རིགས་ཀྱི་མི་སྣར་གཏོགས་པས། རྒྱལ་ཁབ་ནང་ཁུལ་གྱི་གོ་ས་བརྟན་རྒྱུ་དང་མི་དམངས་ཀྱི་བློ་བག་ལ་བཏང་འཛིན་སླད་མ་ལྷོད་པ་ཡིན་སྲིད། རྒྱུ་རྐྱེན་གཞན་ཞིག་ནི། ཉེ་བའི་དུས་ནས་ཨ་མེ་རི་ཀས་འཛམ་གླིང་དབུ་ཁྲིད་ཀྱི་གོ་ས་འཛིན་འདོད་མེད་པའི་ངང་ཚུལ་ཤར་དུས། འཛམ་གླིང་གར་སྟེགས་སྟེང་གོ་ས་ངེས་ཅན་ཞིག་འཛིན་རྒྱུ་དེ་རྒྱ་གར་ནག་གི་དབུ་ཁྲིད་ཀྱི་སོ་སོའི་དམིགས་བྱ་ཡིན།
གླང་འབྲུག་གི་འགལ་འཛིང་གདོང་ཐུག་དོན་རྐྱེན་དེའི་མཇུག་འབྲས་ལ་ཚོད་དཔག་ཅིག་བྱས་ན། ཕལ་ཆེར་བྱུང་སྲིད་པ་ཞིག་ནི། གྲོས་མོལ་གྱི་ལམ་ནས་འགལ་འཛིང་སེལ་རྒྱུ་དེ་ཡིན། འོན་ཀྱང་འཐབ་འཁྲུག་བྱུང་མི་སྲིད་པ་གཏན་ནས་མིན།
ལྟོས་དང་། རྒྱ་གར་ནག་གཉི་ཀའི་ལངས་ཕྱོགས་ཧ་ཅང་མཁྲེགས་པོ་རེད། དེའི་སྟབས་ཀྱིས་ད་ལྟ་ཕྱིར་འཐེན་བྱེད་དགོས་ན་ལས་སླ་བོ་མིན། ༡༩༦༢ལོར། རྒྱ་གར་ནག་གཉི་ཀས་ས་མཚམས་རྩོད་པའི་དབང་གིས་འཐབ་འཁྲུག་བྱུང་བ་རེད། འཐབ་འཁྲུག་དེའི་སྔ་རྗེས་ལ་རྒྱུས་མངའ་ཅན་ཚོས་སོམས་དང་། ད་ལྟའི་གནས་སྟངས་འདི་དང་རེ་གཉིས་ལོའི་གནས་སྟངས་གཉིས་ལ་ཆ་འདྲ་ས་མང་པོ་ཡོད།
ཕྱིའི་ངོ་བོའི་ཆ་ནས་བལྟས་ན། ད་ཐེངས་ཀྱི་འགལ་འཛིང་འདིའི་རྩོད་གཞི་ནི་འབྲོག་ལམ་ཞེས་པའི་ས་ཁུལ་དེའི་བདག་དབང་རྒྱ་ནག་དང་འབྲུག་ཡུལ་སུ་ལ་གཏོགས་མིན་དེ་ཡིན། ས་ཁུལ་དེའི་རྒྱ་ཁྱོན་ན་སྤྱི་ལེ་གྲུ་བཞི་མ ༣༤ མ་གཏོགས་མེད། ཡིན་ན་ཡང་། ཐོད་བརྒལ་རྒྱལ་ཁབ་རྒྱ་གར་ནག་གཉིས་ལ་མཚོན་ན། འབྱུང་འགྱུར་ཨེ་ཞི་ཡའི་འགྲན་རྩོད་དྲག་པོའི་ཁྲོད། སུ་ལ་མཚོན་ཡང་ས་ཁུལ་དེ་གལ་གནད་ཆེན་པོ་ཆགས་ཡོད།
རྩོད་གཞི་དེའི་མགོ་ཁུངས་ཐུག་ས་དེ། ལོ ༡༢༠ ཡར་སྔོན་གྱི་ད་ལྟ་ཤུལ་ཙམ་མ་གཏོགས་མེད་པའི་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་བཀའ་ཤག་གཞུང་དང་དབྱིན་ཇུ་བཙན་རྒྱལ་རིང་ལུགས་ཀྱི་མི་སེར་རྒྱལ་ཁབ་རྒྱ་གར་གཉིས་ཀྱིས་རྟགས་བཙུགས་པའི་ཆིངས་ཡིག་ཅིག་ལ་ཐུག་ཡོད། ཡིན་ན་ཡང་། ཐ་དད་པའི་དོན་ཚན་རེ་རེར་བཀོད་པའི་ས་མཚམས་ཀྱང་ཐ་དད་པ་ཡིན་ཞིང་། དོན་ཚན་གཅིག་གིས་ས་ཁུལ་དེ་འབྲུག་ཡུལ་གྱི་མངའ་ཁོངས་སུ་སྦྱར་འདུག འདི་ནི་རྒྱ་གར་གྱི་རྒྱབ་སྐྱོར་ཡོད་པའི་ལངས་ཕྱོགས་ཡིན། གཞན་པ་ཞིག་གི་ནང་རྒྱ་ནག་གི་མངའ་ཁོངས་སུ་བཅད་འདུག
དེ་ལྟ་ན། འབྲོག་ལམ་ས་ཁུལ་གྱི་བདག་དབང་ཐད་རྒྱ་ནག་དང་འབྲུག་ཡུལ་གཉིས་ཀར་ལུགས་མཐུན་གྱི་ཆ་ཡོད།
རྒྱ་གར་དང་འབྲུག་ཡུལ་གྱིས་རྒྱ་ནག་གིས་འཁོར་ལམ་བཟོ་སྐྲུན་ལ་ཁ་གཡར་ནས་དེ་ཡི་བཏང་འཛིན་གྱི་དབང་ཚད་དེ་འབྲོག་ལམ་ཧྲིལ་བོར་ཁེབས་རྒྱུའི་དམིགས་ཡུལ་བཅངས་ཡོད་པར་དོགས་པ་ཟོས་ཡོད་ལ། དེ་ནི་བདག་དབང་ལ་རྩོད་པ་ལྷག་པའི་ས་ཁུལ་གཞན་ཆེན་པོ་ཞིག་ཡིན།
འབྲོག་ལམ་ས་ཁུལ་ནི་ལྷོ་ཕྱོགས་དམའ་ཞིང་བྱང་ཕྱོགས་མཐོ་བའི་རི་ལུང་ཆེན་པོ་ཞིག་ཡིན་ཞིང་། ས་གཤིས་རིག་པ་བ་ཚོས་དེ་ལ་སི་ལི་ཀུ་རི(Siliguri)ས་རྒྱུད་ནར་རིང་ཞེས་འབོད། འོན་ཀྱང་། རྒྱ་གར་གྱི་འཐབ་ཇུས་པ་ཚོས་དེ་ལ “བྱ་སྐེ”ཞེས་བཏགས་ནས་གལ་གནད་ཤིན་ཏུ་ཆེ་བར་གཟིགས་ཡོད།

གུ་དོག་པའི་རྒྱ་གར་གྱིས་བདག་བཟུང་ས་ཁུལ་དེའི་ཁུལ་ལ་ལའི་ཞེང་ན་སྤྱི་ལེ ༢༠ ལས་མེད་མོད། འོན་ཀྱང་ས་ཁུལ་དེ་ནི་རྒྱ་གར་དབུས་ཁུལ་དང་ཤར་བྱང་ཁུལ་གྱི་མངའ་སྡེ་ཁག་མ་ཆད་གཅིག་ཏུ་སྒྲིལ་སྤྱད་ཀྱི་རྒྱུན་ཁོ་ན་དེ་ཡིན། རྒྱ་གར་ལ་མཚོན་ན། གལ་སྲིད་འཐབ་འཁྲུག་བྱུང་ཚེ་རྒྱ་ནག་གིས་ས་རྒྱུད་ནར་རིང་དེ་ཆ་གཉིས་སུ་བཅད་མི་ཡོང་བའི་སེམས་ཁྲལ་སྔ་མོ་ནས་ཡོད་མུས་སུ་ཡིན་ལ། ལྷག་མར་དུ་མི་འབོར༤༥༠༠༠༠༠༠འི་འཚོ་གནས་ས་ཁུལ་ཏེ། ས་ཁྱོན་ན་དབྱིན་ཇུ་དང་འདྲ་བའི་ས་ཁུལ་དེ་རྒྱ་གར་གྱི་མངའ་ཁུལ་ཨ་མ་དང་འབྲེལ་ཐག་བཅད་མི་ཡོང་བའི་སེམས་ཁྲལ་འཇགས་མྱོང་མེད།
རྒྱལ་ཁབ་སུ་གང་གིས་ཐད་ཀར་དམག་དོན་སྟོབས་ཤུགས་ལ་བརྟེན་ནས་རྒྱ་ནག་གི་མངའ་ཁོངས་རྒྱ་སྐྱེད་ཀྱི་ཧམ་པར་གདོང་གཏུག་རྒྱག་འདོད་ཕལ་ཆེར་མེད་ཅེས་ལབ་ཀྱང་ཐལ་ཆ་མེད་པར་སྙམ། འདི་ནི་རྒྱ་གར་གྱིས་རྒྱ་ནག་གི་འཁོར་ལམ་བཟོ་སྐྲུན་ལས་གཞི་ཐད་བཅངས་པའི་ཚོར་སྣང་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་འཕར་མ་ཞིག་བྱས་པའི་རྒྱུ་མཚན་གཙོ་བོ་ཡིན། རྒྱ་གར་ནག་གཉི་ཀའི་གནད་དོན་དབྱེ་ཞིབ་པ་ཚོས་ཚོར་སྣང་དེ་ལ་ཉེན་ཁས་ཁེངས་པར་ཡིད་ཆེས་བྱས་འདུག
འདས་པའི་ཟླ་ཤས་སུ། རྒྱ་གར་གྱི་སྲིད་བློན་ནཱ་རན་དྷ་ར་མུ་དྷི་ཡི་བྱ་སྤྱོད་ལས། ཁོང་གིས་རྒྱ་ནག་གི་རེ་འདུན་ལ་སྣང་ཆུང་དང་རྒྱ་ནག་གི་འཇིགས་སྐུལ་སྣང་མེད་དུ་བཞག་པ་མཚོན་ཡོད།
ད་ལོའི་སྤྱི་ཟླ ༤ པར། རྒྱ་ནག་གཞུང་གིས་ངོ་རྒོལ་ག་ཚོད་ཅིག་བྱས་མིན་ལ་མ་ལྟོས་པར། རྒྱ་གར་དབུས་གཞུང་གི་བློན་ཆེན་ཞིག་གིས་ཕེབས་རོགས་ཞུས་ནས༧སྤྱི་ནོར ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ད་ལྟ་རྒྱ་གར་གྱི་མངའ་ཁོངས་སུ་ཡོད་པའི་བོད་པའི་ས་ཁུལ་མོན་རྟ་དབང་ཁུལ་དུ་ཕེབས་ནས་ཉིན་ཤས་རིང་ཆོས་ཕྱོགས་ཀྱི་མཛད་འཆར་བསྐྱངས་པ་རེད།
རྒྱ་ནག་གཞུང་གིས་མོན་རྟ་དབང་གི་བདག་དབང་རྒྱ་ནག་ལ་ཡོད་པ་བཤད་ཀྱིན་ཡོད།
སྤྱི་ཟླ ༥ པར། རྒྱ་གར་གཞུང་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེང་གི་གཙིགས་སུ་བཟུང་བའི “རྒྱུད་གཅིག་ལམ་གཅིག”གྲོས་མགོ་འདོན་པའི་མཛད་སྒོར་རྣམ་འགྱུར་བསྟན་ནས། སྲིད་ཇུ་དེས “བདག་དབང་དང་མངའ་ཁོངས་ཆ་ཚང་ཐད་ཡོད་བཞིན་པའི་སེམས་ཁྲལ”ལ་སྣང་མེད་བྱས་ལུགས་སྐྱོན་བརྗོད་བྱས་པ་རེད།
དེ་མིན། སྤྱི ༧ ཚེས ༥ ཉིན། སྲིད་སྐྱོང་བློ་བཟང་སེངྒེ་མཆོག ལ་དྭགས་ཀྱི་བོད་དང་རྒྱ་གར་གྱི་ས་མཚམས་སུ་ཁེལ་བའི་དཔལ་མགོན་མཚོ་ཁར་ཕེབས་ནས། མཚོའི་ཕ་རོལ་གྱི་བོད་ཡུལ་དང་བོད་མི་ཚོར “དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་རྣམས་ལ་འཕྲིན་སྐུལ་ཆེད་བསང་གསོལ་དང་། ཁ་བོད་ལ་ཕྱོགས་ནས་གཞིས་བཞུགས་བོད་རིགས་སྤུན་ཟླ་ཕོ་མོ་རྣམས་ལ་རང་དབང་གི་ཉི་མ་མགྱོགས་ནས་མྱུར་དུ་འཆར་བ་དང་། ༧གོང་ས༧སྐྱབས་མགོན་ཆེན་པོ་མཆོག་ཀྱང་མགྱོགས་ནས་མྱུར་དུ་རང་ཡུལ་བོད་དུ་ཞབས་སོར་བདེ་བར་འཁོད་ཐུབ་ཆེད་སྨོན་ལམ་ཞུས ”པའི་མ་ཟད། སྨྱན་བྱད་ལ་ལ་རུ། སྲིད་སྐྱོང་མཆོག་གིས་མཚོ་འགྲམ་དུ་བོད་ཀྱི་རྒྱལ་དར་བསྒྲེངས་ཚུལ་ཡང་གནས་ཚུལ་བཀོད་འདུག
གང་ལྟར། རྒྱ་ནག་གཞུང་གི་མིག་ལམ་དུ། གོང་ཞུས་གནས་ཚུལ་དེ་དག་ཚང་མ་རྒྱ་གར་གྱིས་ཆེད་དུ་རྒྱ་ནག་ལ་མཐོང་ཆུང་དང་ཁྱད་གསོད་བྱས་པ་ཞིག་ལ་ངོས་འཛིན་བྱས་ཡོད་པ་སྨོས་མ་དགོས།
ལོ་འགའི་སྔོན་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་ཨ་རིའི་རྒྱལ་སར་འབྱོར་ནས་སྲིད་འཛིན་ཨོ་བྷ་མ་དང་མཇལ་འཕྲད་སྐབས། རྒྱ་ནག་གི་དམག་མིས་ལ་དྭགས་སུ་བཙན་འཛུལ་བྱས་པ་རེད། ད་ཐེངས་ཀྱི་འགལ་འཛིང་འདི་སྲིད་བློན་མུ་དྷི་མཆོག་དང་ཨ་རིའི་སྲིད་འཛིན་དགྲ་ནོན་ཁྲོ་འབར་གཉིས་མཇལ་འཕྲད་སྐབས་བྱུང་བ་ཞིག་ཡིན་པས། རྒྱ་གར་གྱིས་འཁོན་ལན་སློག་པ་ཞིག་དང་ཀུན་ནས་མཚུངས། རྒྱ་གར་ནག་གཉི་ཀས་ཨེ་ཞི་ཡའི་ཤུགས་རྐྱེན་འཛིང་གའི་སྐབས། མུ་དྷི་ཡིས་ཨ་རིའི་རྒྱབ་སྐྱོར་རག་ཐབས་བྱེད་ཀྱིན་ཡོད་པ་འདྲ།
གླང་འབྲུག་བར་མཐའ་མཚམས་གདོག་ཐུག་གི་དོན་རྐྱེན་བྱུང་ནས་ཉིན་ཞག་བརྒྱ་ལྷག་གི་རིང་། རྒྱལ་ཁབ་ནང་ཁུལ་ལ་ཕུ་བརྒྱབས། རྒྱལ་ཁབ་ཕྱི་རོལ་ལ་ལབ་བརྒྱབས་ནས། ངར་མདོག་དཔའ་མདོག་བསྟན་པ་མང་དྲགས་པས། གློ་བུར་དུ་ཕྱིར་འཐེན་བྱེད་དགོས་ན་ལས་སླ་བོ་ཞིག་ག་ལ་ཡིན། འོན་ཀྱང་རྒྱལ་ཁབ་གཉིས་ཀས་གསང་སྟབས་ཀྱིས་གྲོས་མོལ་མཚམས་ཆད་མེད་པར་གཞིགས་ན། ཐུན་མོང་གི་འབབ་ས་ཞིག་འཚོལ་གྱིན་ཡོད་པ་འདྲ། རྒྱ་གར་ནག་སུ་ལ་མཚོན་ཡང་དམག་འཁྲུག་རྒྱག་འདོད་མེད་ལ། རྒྱག་རྒྱུའི་དུས་ཚོད་ཀྱང་མིན།
རྒྱ་ནག་ལ་མཚོན་ན་ཤར་ལྷོ་རྒྱ་མཚོའི་གནད་དོན་དང་། བྱང་ཀོ་རེ་ཡའི་གནད་དོན། དེ་མིན་ཏང་གི་ཚོགས་ཆེན་བཅུ་དགུ་བ་ད་ལོའི་སྟོན་ཁར་ཚོགས་གཏན་ཁེལ་ཡོད་པས། དམག་འཁྲུག་རྒྱག་རྒྱུའི་དུས་ཚོས་ཅིག་གཏན་ནས་མིན།
རྒྱ་གར་ལ་མཚོན་ན་རྒྱ་ནག་གི་ཁ་གཏད་དུ་ལངས་རྒྱུའི་ནུས་ཤུགས་ད་དུང་མེད་ལ། གནས་ཚུལ་ལ་ལར། དེང་ཐོག་རྒྱ་གར་གྱི་དམག་མི་བཞི་བརྒྱ་ལྷག་དང་དམག་དོན་ཡོ་ཆས་ཆེད་དུ་མངགས་ནས་རྒྱ་ནག་མཐའ་སྲུང་དམག་གི་ཁ་གཏད་དུ་ལངས་ཡང་། ཉེ་ལམ་དམག་མི་བཞི་བཅུ་དང་ཡོ་ཆས་གཅིག་ལས་གཞན་ཕྱིར་འཐེན་བྱས་ཟིན་པ་བཀོད་འདུག སྲིད་པའི་ཁ་དཔེར་རུ། སྟག་གི་རྔ་མའི་མ་འཛིན། བཟུང་གིན་ཉི་མ་མ་གཏོང། ཟེར། རང་ཉིད་ཀྱི་སྟོབས་ཤུགས་ལ་ཡིད་ཆེས་མེད་ན། གང་བྱུང་སྤོབས་པ་དེ་གཡུག་གིན་མ་འདུག
སྤྱིར་བཏང་རྒྱ་གར་ནག་བར་གྱི་གནད་དོན་རིགས་དང་། བྱེ་བྲག་མཐའ་མཚམས་གནད་དོན་རིགས་བོད་དང་ཐད་ཀར་འབྲེལ་བ་ཆགས་ཡོད་པས་བོད་དོན་མ་གླེང་རང་གླེང་ཡིན་ལ། ལྷག་དོན་ཐེངས་འདིའི་རྒྱ་གར་ནག་གི་མཐའ་མཚམས་རྩོད་པའི་འཕེལ་རིམ་ཁྲོད་བོད་དང་བོད་དོན་ལ་འབྲེལ་བ་སྔར་བྱུང་མ་ཉུང་བ་ཞིག་ཆགས་སོང་། དེ་ནི་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཞིག་གིས་གྲོས་ཚོགས་ཚོགས་ཁང་དུ་རྒྱ་གར་གཞུང་གིས “བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་རྒྱུའི་དུས་ལ་བབས་ཡོད” ཅེས་འབོད་སྐུལ་ཞུས་ཡོད་པས། དེ་ནི་ཕལ་ཆར་རྒྱ་གར་གཞུང་གི་མཐོ་རིམ་མི་སྣ་ཞིག་གིས་བོད་རང་བཙན་ལ་རྒྱབ་སྐྱོར་བྱས་པ་དང་པོ་དེ་ཡིན་པས། དེ་ནི་རྒྱ་གར་མཐོ་རིམ་ཁྲོད་བོད་དོན་ཐད་ཀྱི་འགྱུར་བ་ཆེན་པོ་ཞིག་དང་། བོད་ཀྱི་ས་བབ་དང་། ས་གཤིས་ཆབ་སྲིད་ཀྱི་གལ་ཆེའི་རང་བཞིན་ལ་ངོས་ལེན་བྱས་པའི་རྣམ་འགྱུར་ཞིག་ཀྱང་ཡིན།
རྒྱ་གར་གྲོས་ཚོགས་འཐུས་མི་ཞིག་གིས་བོད་རང་བཙན་སྐོར་གླེང་སློང་བྱས་པ་ཙམ་ལ་རིན་ཐང་ཆེར་ཡོད་དམ་ཟེར་ན། བོད་དོན་ལ་ཐད་ཀར་ཕན་ཐོགས་ཅན་གྱི་རིན་ཐང་ཆེར་མེད་པ་འདྲ་ཡང་། དེ་ཡིས་རྒྱ་གར་མཐོ་རིམ་མི་སྣའི་བོད་དོན་ཐད་ཀྱི་ལྟ་བ་ལངས་ཕྱོགས་ལ་འགྱུར་བ་ཐེབས་ཀྱིན་པ་དང་། མ་མཐའ་ཡང་ནེ་རུ་ནས་པཱ་ཇེ་པཱ་ཡེའི་བར་བོད་དོན་ཐད་ཀྱི་སྲིད་ཇུས་དེ་ནོར་འཁྲུལ་ཡིན་པ་ངོས་ལེན་དང་ཆབས་ཅིག་བསྒྱུར་བཅོས་གཏོང་གིན་པའི་རྣམ་པ་ཞིག་མཚོན་ཡོད་པར་སྙམ།
གལ་ཏེ་བོད་དེ་བཞིན་རྒྱལ་ཁབ་ཅིག་གི་ངོ་བོས་གནས་ཡོད་ཚེ། རྒྱ་གར་ནག་བར་གྱི་བར་ཆོད་ས་ཁུལ་ཞིག་ཡིན་པས། རྒྱ་གར་ནག་བར་འཁྲུག་རྩོད་ཀྱི་གནད་དོན་རིགས་གཅིག་ཀྱང་བྱུང་མི་སྲིད། ཡིན་ན་ཡང་ལོ་རྒྱུས་ལ་གལ་ཏེ་མེད་པས། དུས་དེ་རིང་ནས་བཟུང་སྔ་རབས་པའི་ནོར་འཁྲུལ་སྲིད་ཇུས་རིགས་ངོས་ལེན་བྱས་ནས་ཡོ་བསྲང་དང་བཅོས་བསྒྱུར་ལ་འབད་པ་ཡིན་ན་ད་དུང་ཡང་འགྱངས་མེད།
ཡང་དེ་བཞིན་དུ་རྒྱ་གར་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱ་གར་ནག་བར་མཐའ་མཚམས་རྩོད་པར་ཐུག་དུས། “ཏཱ་ལའི་བླ་མ་དང་བོད་མི་ཚོར་གྲགས་འགུལ་མེད་པ་ཅི་ཞིག་ཡིན་ནམ” ཞེས་མ་དགའ་མ་མོས་པའི་ཁེངས་ར་བཏོན་ཡོད་པས། གནས་སྟངས་འདི་འདྲ་ཞིག་གི་སྐབས་སུ་བོད་གཞུང་དང་བོད་མི་ཚོས་ལངས་ཕྱོགས་ཅི་ཞིག་འཛིན་དགོས་སམ་ཞེ་ན། རྩ་བ་ཆ་ནས་ལ་དྭགས་དང་མོན་རྟ་དབང་། འབྲས་ལྗོངས། འབྲོག་ལམ་གང་ཡིན་ཡང་བོད་ཀྱི་མངའ་ཁོངས། བོད་ཀྱི་ས་ཆ་ཡིན་པས། དེ་རིང་རྒྱ་གར་ནག་སུ་ལ་དབང་ཡང་གཞན་ལ་ཤོར་བའི་ཆ་ནས་གཅིག་མཚུངས་ཡིན། སྤྱིར་ན་བོད་རང་ཉིད་ལ་རང་ཞིག་མེད་པ་སོང་ཙང་། བོད་ཀྱི་ས་ཆའི་བདག་དབང་གཞན་གྱི་བཤད་ཀྱིན་པ་རེད། གལ་ཏེ་སེངྒེ་དཀར་མོ་ད་དུང་གངས་ན་འགྱིང་ཡོད་པའི་དབང་དུ་སོང་ན། གླང་འབྲུག་གང་ཡིན་ཡང་བོད་ཀྱི་མངའ་ཁོངས་གང་ཞིག་གི་བདག་དབང་བཤད་རྒྱུའི་སྐལ་བ་ནི་དུས་ནམ་ཡང་མེད། ཡིན་ན་ཡང་དེ་རིང་རང་ས་རང་ཡུལ་དགྲ་ལག་ལ་ཤོར་ནས། རང་ཉིད་གཞན་དབང་དང་མིའི་ལུང་པར་གནས་མུས་སུ་ཡིན་པའི་དུས་སྐབས་ཤིག་ལ། བོད་ཀྱི་འབྲོག་ལམ་ས་ཁུལ་སུ་ལ་དབང་ཡང་བོད་ལ་མཚོན་ན་ཁ་སྣ་གང་བཅད་གདོང་ཡིན་ན་ག་ཕྱོགས་འདི་ཕྱོགས་ཞེས་གདམ་ག་མེད། དེའི་སྟབས་ཀྱིས་རབ་ཡིན་ན་ལངས་ཕྱོགས་ཅི་ཡང་མེད་པར་བར་གནས་བྱ་རྒྱུ་ནི་མཆོག་ཡིན། གལ་ཏེ་རྒྱ་གར་ལ་མ་གནོན་པ་ཞིག་བྱེད་དགོས་པར་ཐུག་ཀྱང་མ་གེ་མོག་གེ་བྱས་ནས་བཤད་མཁས་བྱེད་དགོས་པར་འདོད།
འདས་པའི་ལོ་ཤས་སུ་འཛམ་གླིང་གང་སར་འབྱུང་ཞིང་བྱུང་བའི་ཐོལ་བྱུང་གི་གནས་ཚུལ་མང་པོ་སྟེ། དཔེར་ན། རྒྱ་གར་ནག་གི་ས་རྩོད། རྒྱ་རིགས་འབྱོར་ལྡན་ཀོའུ་ཝེན་ཀུའེ་ཡི་གསང་འབྱིན་དོན་རྐྱེན། བྱང་ཁོ་རེ་ཡའི་ཇིན་རྒྱགས་པའི་གླེན་རྟགས་སོགས་ལ་གཞིགས་ན། ང་ཚོར་ངེས་ཤེས་གསར་བ་ཞིག་ཅི་ནས་ཀྱང་སྐྱེས་ཡོད་པར་སེམས། དེ་ནི་བོད་དོན་ཐག་གཅོད་བྱེད་རྒྱུར་བྲེལ་བ་ལངས་མི་ཉན་པ་དེ་རེད། རང་ཉིད་སྲ་ཐག་ཐག་ཅིག་བཟོས་ནས། གྲ་སྒྲིག་བཟང་པོ་བྱེད་རྒྱུ་དང་། གོ་སྐབས་ལ་རེ་སྒུག་བྱེད་རྒྱུ་དེ་གལ་ཆེན་ནང་གི་འགངས་ཆེན་དང་། ལས་དོན་མཐའ་དག་གི་གཙོ་བོའི་ནང་གི་ཡང་སྙིང་དེ་གྲ་སྒྲིག་བྱེད་རྒྱུ་དེ་རེད་བསམ་བྱུང་། གནད་དོན་མང་པོ་ཞིག་ང་ཚོ་མི་རབས་འདིས་ཐག་གཅོད་མི་ཐུབ་པ་དང་། ཐག་གཅོད་མི་རུང་ལ། ཐག་གཅོད་མི་ཤེས་པའི་ཚད་ཡིན། རེ་བ་སྡུག་ས་ནས་བརྒྱབ་གྲ་སྒྲིག་ཡག་ས་བྱས་ཏེ་གོ་སྐབས་ལ་རེ་སྒུག་བྱས་ནས། ནམ་ཞིག་བསྐལ་བ་སྟོང་ལ་མི་ཐུག་པའི་གོ་སྐབས་ཤིག་བྱུང་ཚེ། སྔོན་ཆད་ནང་བཞིན་གོ་སྐབས་ཡག་པོ་མང་པོ་ཤོར་ཟིན་པའི་རྗེས་སུ་མི་འགྲོ་བར་གྲ་སྒྲིག་ཡོད་དགོས།
༢༠༠༣ལོར་རྒྱ་གར་གྱི་སྐབས་དེའི་སྲིད་བློན་བཱ་ཇེ་པ་ཡེས་རྒྱ་ནག་ནང་འཚམས་གཟིགས་སྐབས། གཞི་ནས་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་གཞུང་འབྲེལ་གྱིས་ངོས་ལེན་བྱས་པ་མ་ཟད། རྒྱ་གར་གྱི་ས་སྟེང་ནས་བོད་མིའི་རྒྱ་ནག་ལ་ངོ་རྒོལ་རིགས་ཀྱི་ལས་འགུལ་སྤེལ་མི་ཆོག་པ་ཁས་ལེན་བྱས་པ་རེད།
དེ་བཞིན་དྲིན་ལན་མཇལ་བའམ་ཡང་ན་སྲིད་ཚོང་གི་ངོ་བོས་རྒྱ་ནག་གཞུང་གིས ༢༠༠༥ ལོ་ནས། རྒྱ་ནག་གཞུང་གིས་པར་སྐྲུན་བྱས་པའི་ས་ཁྲའི་སྟེང་འབྲས་ལྗོངས་དེ་རྒྱལ་ཁབ་ཅིག་གི་ངོ་བོས་མེད་པར་རྒྱ་གར་གྱི་མངའ་ཁོངས་སུ་བརྒྱབས་ཡོད་པས། དོན་གྱིས་འབྲས་ལྗོངས་དེ་རྒྱ་གར་གྱི་མངའ་ཁོངས་ཡིན་པ་ཁས་ལེན་བྱས་པ་རེད།
བོད་ཀྱི་རྒྱལ་ཕྲན་འབྲས་ལྗོངས་ཀྱི་བདག་དབང་རྒྱ་གར་ལ་ཡོད་པ་ཁས་ལེན་ཡོང་ཆེད། གངས་ཅན་བོད་ལྗོངས་དེ་རྒྱ་ནག་གི་མངའ་ཁོངས་ཡིན་པ་ཁས་ལེན་བྱས་པ་རེད། སོམས་དང་ཡ་མཚར་མ་རེད་དམ།

“ཁ་བ་ཅན་གྱི་ཞིང་ཁམས” དེ་རྒྱ་གར་ནག་གི་གང་འདོད་ལྟར་ཡར་གཅོད་མར་གཅོད་བྱས་པ་ལས། “རྗེས་ལུས་ཐེབས་ན་ཉེས་དག་ཉོ” ཟེར་བའི་བཤད་རྒྱུན་ལ་ཡིད་ཆེས་མི་བྱེད་རང་བྱེད་མ་རེད་དམ།
བོད་རང་ལ་རང་ཞིག་མེད་པའི་དེ་རིང་། བོད་བཙན་པོའི་དུས་ནས་བོད་ས་བོད་ཡུལ་བོད་ཁོངས་ཡིན་པའི་ས་ཁུལ་དག རྒྱ་གར་ནག་གིས་སྲིད་ཚོང་རྒྱག་སྤྱད་བྱས་པའི་ངང་ཚུལ་ལ་ལྟོས་དང་། བོད་པ་ཚོ། སྙིང་ནང་ལ་ན་ཟུག་སྐྱེ་བཞིན་མི་འདུག་གམ།
ཅིའི་ཕྱིར་ང་ཚོ་ཚད་འདི་ལ་ལྷུང་སོང་བ་རེད་དམ།
ཀྱེ་མ་མ་ལ། ཀྱེ་མ་མ།