
སྤྱི་ཟླ ༨ ཚེས ༨ ཉིན། ཨ་རིའི་སྲིད་འཛིན་དགྲ་ནོན་ཁྲོ་འབར་གྱིས་བྱང་ཀོ་རེ་ཡར། ཨ་མེ་རི་ཀར་འཇིགས་སྣང་མ་བསྐུལ་མ་གཏོགས“ཁོང་ཁྲོ་དང་མེ་ལྕེ་དྲག་པོས”འཁོན་ལན་སློག་ངེས་ཡིན་ཞེས་ཐ་ཚིག་བསྒྲགས་མ་ཐག བྱང་ཀོ་རེ་ཡའི་སྲིད་འཛིན་ཁེམ་གསུམ་རྒྱགས་སྨྱོན་གྱིས་ཀྱང་ཞུམ་པའི་ཉམས་དང་བྲལ་ནས་རལ་གྲི་གནམ་གཡུག་གིས་ཨ་རིའི་མངའ་ཁོངས་ཀུམ(Guam)གླིང་ཕྲན་མེ་ཤུགས་འཕུར་མདས་གཏོར་བཅོམ་གྱི་འཆར་གཞི་བཀོད་ཀྱིན་ཡོད་ལུགས་བསྒྲགས་འདུག ཡང་ཉིན་གཉིས་ཀྱི་རྗེས་སུ། སྲིད་འཛིན་ཁྲོ་འབར་གྱིས་ཡང་བསྐྱར། མདའ་མོ་ལྟོང་ཁ་སྤྲད་ཡོད། དགྲ་བོ་སོ་བར་བླངས་ཡོད། གླེན་རྟགས་མ་སྟོན་མ་གཏོགས། ཐལ་དང་རྡུལ་དུ་གཏོང་ངེས། ཞེས་དཔའ་ངར་ངར་ཤོག་ཏུ་མི་སྡོད། གྲི་ངར་ངར་ཤུབ་ཏུ་མི་སྡོད་པའི་ངང་གིས་བྱང་ཀོ་རེ་ཡར་ཉེན་བརྡ་ཚ་བོ་བཏང་ཡོད་པ་རེད།
མདའ་མོ་ལྟོང་ཁ་སྤྲད། རལ་གྲི་ཤུབ་ནས་བཏོན་པའི་ཀུ་ཅོ་གཅིག་གིས་ལག་ཐུག་ཡོང་བའི་ཧ་ཅང་ཛ་དྲག་ཆེ་བའི་དུས་སྐབས་འདིར། བྱང་ཀོ་རེ་ཡའི་མནའ་འབྲེལ་རྒྱལ་ཁབ་རྒྱ་ནག་གིས་ལངས་ཕྱོགས་ཅི་ཞིག་འཛིན་མིན་ལ་མི་རྣམས་པས་དོ་སྣང་འཕར་མ་ཞིག་སྤྲད་ཡོད། དེ་དང་ཆབས་ཅིག ཨ་མེ་རི་ཀས་བྱང་ཀོ་རེ་ཡར་ལག་གང་སྔས་ཕམ་པར་རྒྱག་རྒྱུའི་འཐབ་ཇུས་དེ་འཐུས་མིན་ཡང་དོགས་གཞིའི་གནས་ཡིན།
ཟླ་ཤོས་གོང་ཨ་རིའི་ཕྱི་སྲིད་བློན་ཆེན་ཊེ་ལིར་སིན་ལགས་ཀྱིས“འཐབ་ཇུས་བཟོད་སྒོམ”གྱི་དུས་རབས་རྫོགས་ཟིན་པས། ཨ་རིས་གདམ་གྲངས་ཡོད་ཚད་ལ་བསམ་ཞིབ་བྱེད་མུས་སུ་ཡོད་ལ། དམག་འཐབ་ཀྱང་གདམ་ཀའི་ནང་གསེས་ཡིན་ཞེས་ཨ་རིའི་ལངས་ཕྱོགས་ཕྱི་རུ་བསྒྲགས་པ་རེད།
དེ་སྔོན་ཡང་ཨ་རིས་བྱང་ཀོ་ཡར་དྲག་ཤེད་ཀྱི་འཇིགས་སྣང་བསྐུལ་མྱོང་ཡོད་ཀྱང་། བྱང་ཀོ་རེ་ཡ་མ་མཐའི་ཚད་ཐིག་རེ་རེ་ལས་བརྒལ་དུས། ཨ་རིས་བྱང་ཀོ་རེ་ཡར་དྲག་ཤེད་བཀོལ་ཐུབ་མེད། ༼ ཝ་ཞིན་ཊོན་བང་ཆེན༽ གྱིས་ཨ་རིའི་གསང་བའི་ལས་ཁུངས་ཀྱི་གསང་བའི་དཔྱད་དཔོག་སྙན་ཐོའི་ནང་དོན་ལ་གཞར་ནས་བཏོན་པའི་གནས་ཚུལ་ལ་གཞིགས་ན། བྱང་ཀོ་རེ་ཡའི་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་གྱི་བང་ལོད་དེ་ཚོད་དཔག་ལས་མགྱོགས་པ་མ་ཟད། རྡུལ་ཕྲན་གོ་མཚོན་ཅན་གྱི་རྒྱལ་ཁབ་ཅིག་ཏུ་གྱུར་རྒྱུའི་ཆེས་དཀའ་ཚེགས་ཆེ་བའི་འགག་སྒོ་ལས་གྲོལ་ཏེ། མེ་ཤུགས་འཕུར་མདས་འཁྱེར་ནུས་པའི་རྡུལ་ཕྲན་གོ་མཚོན་གྱི་མདེལ་མགོ་ཆུང་ཆུང་རིགས་བཟོ་སྐྲུན་ཐུབ་པའི་ནུས་པ་འཛོམས་ཡོད་པའི་གནས་ཚུལ་སྤེལ་མ་ཐག སྦྲུལ་ལ་ཚེར་ལྕག་ཕོག་པ་བཞིན། སྲིད་འཛིན་ཁྲོ་འབར་མཆོག་གིས“ཁོང་ཁྲོ་དང་མེ་ལྕེ་དྲག་པོས”ཨ་ལན་སློག་རྒྱུའི་ཐ་ཚིག་དེ་བཏོན་པ་རེད།
ཨ་རས་དམག་དོན་རྡུང་རྡེག་ལ་བརྟེན་ནས་བྱང་ཀོ་རེ་ཡའི་རྡུལ་ཕྲན་སྒྲིག་ཆས་དང་མཚོན་ཆ་རྩ་མེད་དུ་བཏང་ནས། དཀའ་བ་སྤྱད་ཐེངས་གཅིག་གིས་བྱང་ཀོ་རེ་ཡའི་རྡུལ་ཕྲན་གནད་དོན་དུས་གཏན་དུ་སེལ་ཐུབ་མིན་དོགས་པའི་གནས་ཡིན་པས། ཨ་རིའི་དམག་དོན་དང་འཐབ་ཇུས་ཆེད་མཁས་པའི་ཚོགས་ཀྱིས་དེ་ནི་མི་སྲིད་པ་ཞིག་དང་དངོས་ཡོད་གནས་སྟངས་དང་ཡང་མི་མཐུན་པ་ཞིག་ཏུ་སྣང་ཡོད།
ཨ་རིའི་མཚོ་དམག་སློབ་གླིང་རྒྱལ་སྲུང་ལས་དོན་གྱི་དགེ་རྒན་ཆེན་མོ་སྐུ་ཞབས་ཊེ་རེན་སི་རོ་གྷུ་རིག(Terence Roegrig)ལགས་ཀྱིས། ཨ་མེ་རི་ཀར་བྱང་ཀོ་རེ་ཡར་དམག་དོན་རྡུང་རྡེག་གི་ནུས་པ་ཆ་ཚང་ལྡན་ཡང་། ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པར་ངོས་འཛིན་བྱེས་ཡོད་ལ།
ཁོང་གིས། གལ་ཏེ་དམག་འཐབ་ལ་ཞུགས་ཚེ། ཐབས་མང་པོའི་དམག་འཐབ་ཉེན་ཁར་མི་ཞུགས་རང་ཞུགས་ཡིན། ཐོག་མར། བསམ་བློ་གཏོང་ས་དེ་རྡུལ་ཕྲན་རྣམ་གྲངས་ཀྱི་དམིགས་འབེན་ཡོད་དོ་ཅོག་ལ་མ་ནོར་བར་དམིགས་པ་ཇི་བཞིན་གཏོར་ཐུབ་མིན་དེ་ཡིན་ལ། བདག་གིས་བལྟས་ན། ད་ལྟའི་སྐབས་འདིར་ཧ་ཅང་དཀའ་མོ་ཡིན། དེ་ནས། བྱང་ཀོ་རེ་ཡས་ལྷོ་ཀོ་རེ་ཡར་འཁོན་ལན་ཇི་ལྟར་སློག་སྲིད་པར་ཡང་ངེས་པར་དུ་བསམ་བློ་དཔོག་དགོས། འདི་ནི་ད་གཟོད་གལ་གནད་ཤིན་ཏུ་ཆེ་བའི་གནད་དོན་དང་སེམས་ཁྲལ་ཡིན། ཀོ་རེ་ཡ་ཕྱེད་གླིང་སྟེང་དམག་འཁྲུག་གསར་བ་ཞིག་སུ་ཞིག་གིས་ཀྱང་སློང་འདོད་མེད།
༼ ནིའུ་ཡོག་དུས་བབ༽ ཀྱིས་གལ་ཏེ་ཨ་རིས་བྱང་ཀོ་རེ་ཡར་དམག་དོན་ལས་འགུལ་སྤེལ་ཚེ་དམག་དོན་གདམ་ཀ་ག་ཚོད་ཅིག་ཡོད་པར་དབྱེ་ཞིབ་བྱས་ཡོད་ལ། གདམ་ཀ་ཀ་ནི། མེ་ཤུགས་འཕུར་མདའི་རྟེན་གཞིར་འཇབ་རྒོལ་བྱེད་པ། གདམ་ཀ་ཁ་ནི། འཇབ་རྒོལ་རྡུང་རྡེག་རབ་དང་རིམ་པ་སྤེལ་ནས་གོ་མཛོད་ཡོད་ཚད་གཏོར་ནས་ཤུལ་མེད་བཟོ་རྒྱུ། གདམ་ཀ་ག་ནི། ༢༠༠༣ ལོར་ཨ་རིས་ཨེ་རག་ལ་བརྒྱབས་པ་ནང་བཞིན་དམག་འཁྲུག་སྤེལ་ནས་བྱང་ཀོ་རེ་ཡའི་སྲིད་དབང་མགོ་རྟིང་སློག་པ། ཡིན་ན་ཡང་། དབྱེ་ཞིབ་ཀྱི་མཇུག་འབྲས་སུ། གདམ་ཀ་དེ་གསུམ་པོར་ངེས་གཏན་མེད་པར་སྒྲུན་ཟླས་ཁེངས་ཡོད། བྱང་ཀོ་རེ་ཡས་འགུལ་སྐྱོད་ནུས་པའི་མེ་ཤུགས་འཕུར་མདའ་རྒྱག་བྱེད་རླངས་འཁོར་བཀོལ་སྲིད་པས། འཕུར་མདའི་རྟེན་གཞི་གཏོར་རྒྱུ་ལས་སླ་བོ་ག་ལ་ཡིན། དེ་མིན་ད་དུང་རིའི་ཁོག་ས་འོག་ཏུ་སྦས་སྐུང་བྱས་པའི་འཕུར་མདའ་དག་གཏོར་མི་ནུས། དེ་མིན། བྱང་ཀོ་རེ་ཡ་ཡོད་པའི་རྡུལ་ཕྲན་ནུས་ཤུགས་ནི་རང་ཉིད་ཀྱི་བཟོས་པ་ཤར་སྟག་ཡིན་པས། གལ་སྲིད་གཏོར་ཡང་སླར་གསོ་ཐུབ་པའི་ནུས་པ་དང་ལག་རྩལ་འཛོམས་ཡོད།
ཉེན་ཁ་ཆེ་ཤོས་ནི། གནས་སྟངས་དེ་དག་གི་འོག་ཏུ་བྱང་ཀོ་རེ་ཡ་ལ་རྒོལ་ལན་སློག་པའི་ནུས་པ་ཡོད་པས། ལྷོ་ཀོ་རེ་ཡའི་རྒྱལ་སར་དོན་དངོས་ཀྱི“མེ་ཡི་རྒྱ་མཚོ”ཞིག་བསྐྱིལ་མི་སྲིད་པ་གཏན་ནས་མིན།
བྱང་ཀོ་རེ་ཡས་མེ་སྒྱོགས་ཁྲི་ཚོ་མང་པོ་སྤྱི་ལེ ༤༠ ཙམ་གྱི་མཚམས་ན་ཡོད་པའི་ལྷོ་ཀོ་རེ་ཡའི་རྒྱལ་ས་སོལ་ལ་གཏད་ཡོད་པས། གལ་ཏེ་ཨ་རིས་བྱང་ཀོ་རེ་ཡའི་མེ་ཤུགས་འཕུར་མདའ་ཡོད་ཚད་གཏོར་ཡང་རྒྱུན་གཏན་གྱི་མེ་སྒྱོགས་དེ་དག་གིས་མི་འབོར ༢༥༠༠༠༠༠༠ ཡོད་པའི་ལྷོ་ཀོ་རེ་ཡའི་རྒྱལ་ས་རུ་མེ་ཡི་རྒྱལ་མཚོ་བསྐྱིལ་ཐུབ། རྒྱུན་གཏན་མེ་སྒྱོགས་ལ་འགོག་ཐབས་མེད་ལ། མི་གྲངས་འབོར་ཆེན་དེ་འདྲ་ཞིག་གཡོལ་ཐབས་དེ་བས་ཀྱང་མེད། འདི་ནི་ད་གཟོད་ཨ་རི་དང་འཛམ་གླིང་སྐྲག་ས་འཇིགས་ས་གཙོ་བོ་དེ་ཡིན་ལ། ཁེམ་གསུམ་རྒྱགས་སྨྱོན་ལ་བློ་ཁོག་སྐྱེ་སའང་དེ་ཡིན།

དགྲ་ནོན་ཁྲོ་འབར་གཞུང་གིས། བྱང་ཀོ་རེ་ཡའི་རྡུལ་ཕྲན་གནད་དོན་ལ་ཤུགས་རྐྱེན་འཇོག་ཐུབ་མཁན་གཙོ་བོ་དེ་རྒྱ་ནག་ཡིན་པར་ཡིད་ཆེས་བྱས་འདུག སྤྱི་ཟླ་བདུན་པའི་ནང་བྱང་ཀོ་རེ་ཡས་གླིང་སྐྱོད་མདའ་ལམ་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱས་རྗེས། ཁྲོ་འབར་གྱིས་ཊི་ཝེར་ཊིར་བརྒྱུད་རྒྱ་ནག་ལ“ཡིད་ནག་གཏིང་ནས་ཆོད་སོང” ཞེས་བརྡ་ལན་སྤྲད་ནས། བྱང་ཀོ་རེ་ཡའི་རྡུལ་ཕྲན་གནད་དོན་ཐད་རྒྱ་ནག་གཞུང་གིས་ཨ་རིའི་རེ་འདུན་ལྟར་རོགས་རམ་ཅི་ཡང་མ་བྱས་ལུགས་ཁེངས་ར་བྱས་འདུག
བྱ་ཀོ་རེ་ཡའི་དཔལ་འབྱོར་གྱི་རྒྱབ་རྟེན་གཙོ་བོ་དེ་རྒྱ་ནག་ཡིན་ལ། གཞི་བཟུང་ཆོག་པའི་གྲངས་ཀ་ཤེས་གསལ་ལྟར་ན། རྒྱ་ནག་དང་བྱང་ཀོ་རེ་ཡའི་ཉོ་ཚོང་གིས་བྱང་ཀོ་རེ་ཡའི་ཕྱི་ཚོང་དཔལ་འབྱོར་གྱིས༩༠%ཟིན་ཡོད་པས། བྱང་ཀོ་རེ་ཡར་ཕྱིའི་མ་དངུལ་རག་ས་གཙོ་བོ་དེ་རྒྱ་ནག་ཆགས་ཡོད།
གཟའ་འཁོར་སྔོན་མར། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལོ་རྒྱུས་སྟེང་བྱང་ཀོ་རེ་ཡ་ལ་དམ་དྲག་ཉེས་ཆད་ལྗི་ཤོས་དེ་བཅད་ཡོད་ཀྱང་། རྒྱ་ནག་གིས་དམ་དྲག་ཉེས་ཆད་དེ་ལག་ལེན་དུ་ག་འདྲ་ཞིག་བསྟར་མིན་ལ་ཕྱི་རོལ་ཡུལ་གྱིས་དོགས་པ་ཟས་ཡོད།
འོ་ན། གལ་ཏེ་ཨ་རི་དང་བྱང་ཀོ་རེ་ཡ། ཡང་ན་མནའ་མཐུན་རྒྱལ་ཁབ་ཚོ་དང་བྱང་ཀོ་རེ་ཡའི་བར་དོན་དངོས་ཀྱི་དམག་འཁྲུག་བྱུང་ཚེ། རྒྱ་ནག་པེ་ཅིང་གིས་རྣམ་འགྱུར་ཅི་ཞིག་འཛིན་མིན་དང་ལས་འགུལ་ཅི་ཞིག་སྤེལ་མིན་དེ་ལྟ་ཞིབ་པས་དོ་སྣང་བྱེད་ཡུལ་གཙོ་བོ་རུ་གྱུར་ཡོད།
རྒྱ་ནག་གཞུང་འབྲེལ་སྨྱན་བྱད༼ མི་དམངས་ཉིན་རེའི་ཚགས་པར༽ གྱི་གཤམ་འོག་གི༼ གོ་ལའི་དུས་བབ༽ ཟེར་བའི་ཟླ ༨ ཚེས ༡༠ ཉིན་གྱི་ཆེད་བརྗོད་རྩོམ་ཡིག་ནང་། རྒྱ་ནག་གིས་ངེས་པར་དུ་གསལ་བོ་བཟོ་དགོས་པ་ཞིག་ནི། གལ་སྲིད་བྱང་ཀོ་རེ་ཡས་རང་འགུལ་གྱི་ཨ་རིའི་མངའ་ཁོངས་ལ་འཇལ་རྒོལ་གཏོར་བཅོལ་རིགས་སྤེལ་ནས་འཁོན་ལན་རག་ཚེ། རྒྱ་ནག་གིས་བར་གནས་བྱེད་དགོས། ཞེས་བཀོད་འདུག
༼ གོ་ལའི་དུས་བབ༽ གྱི་རྣམ་བཤད་དམ་ལངས་ཕྱོགས་དེ་རྒྱ་ནག་དང་བྱང་ཀོ་རེ་ཡའི་མཉམ་ལས་སྲོལ་ཡིག་གི་གཏན་འབེབས་དང་རྒྱལ་འགལ་རེད།
༡༩༦༠ལོའི་ཟླ ༩ ཚེས ༡༠ ཉིན་གཏན་ལ་ཕབ་པའི་རྒྱ་ནག་དང་བྱང་ཀོ་རེ་ཡའི་མཉམ་ལས་སྲོལ་ཡིག་ཅེས་པའི་དོན་ཚན་གཉིས་པར། གལ་ཏེ་ཆིངས་ཡག་འཇོག་མཁན་རྒྱལ་ཁབ་ཕྱོགས་གཅིག་ལ་རྒྱལ་ཁབ་གཅིག་གམ་ཡང་ན་རྒྱལ་ཁབ་མང་པོས་མཉམ་འབྲེལ་གྱི་དྲག་པོའི་འཇབ་རྒོལ་ཐེབས་ནས་དེའི་སྟབས་ཀྱིས་དམག་འཁྲུག་གི་གནས་སྟངས་ཤར་ཚེ། ཆིངས་ཡིག་འཇོག་མཁན་རྒྱལ་ཁབ་གཞན་པ་དེས་ལམ་སང་དམག་དོན་དང་གཞན་ཚོའི་རོགས་འདེགས་བྱེད་དགོས། ཞེས་བཀོད་ཡོད་པ་རེད།
༼ གོ་ལའི་དུས་བབ༽ ནི་དམངས་ཁྲོད་དང་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཚིག་སྦྱོར་རྩུབ་ཅིང་དྲག་པའི་མི་རིགས་རིང་ལུགས་འུར་བསྒྲགས་བྱེད་མཁན་གྱི་སྨྱན་བྱད་ཅིག་ཡིན་པའི་ཆ་ནས་རྒྱ་ནག་པའི་དགའ་བོ་བྱེད་ཀྱིན་ཡོད། ཡང་དག་པར་བཤད་ན ༼ གོ་ལའི་དུས་བབ༽ ནི་རྒྱ་ནག་གཞུང་གི་མགྲིན་ལྕེ་ཚད་ལྡན་དེ་མིན། ཡིན་ན་ཡང་། ད་ལྟའི་ཆར་ཆེད་བརྗོད་རྩོམ་ཡིག་དེས་བཏོན་པ་ནི་རྒྱ་ནག་གཞུང་གི་སྲིད་ཇུས་ཡིན་ངེས་ཆེ། དེ་ལྟ་ན། བཤད་སྟངས་དེ “ཕྱེད་གཞུང་འབྲེལ”ཡིན་པར་ངོས་འཛིན་བྱ་རུང་།
དུས་དེ་རིང་བར་དུ། ཨ་རི་དང་བྱང་ཀོ་རེ་ཡའི་ཁ་རྡུང་ཐད་ཀྱི་རྒྱ་ནག་གཞུང་གི་ལངས་ཕྱོགས་ནི། བར་གནས་དང་བཟོད་སྒོམ་གནང་རྒྱུར་འབོད་སྐུལ་ཡིན།
༼ གོ་ལའི་དུས་བབ༽ ཀྱིས་གོང་ཞུས་ལངས་ཕྱོགས་དེ་ལས་གཞན་ཞིག་ནི། དེ་མིན་ང་ཚོས་གསལ་བོར་མངོན་དགོས་པའི་ལངས་ཕྱོགས་ཤིག་ནི། གལ་སྲིད་ཨ་རི་དང་ལྷོ་ཀོ་རེ་ཡ་མཉམ་འབྲེལ་གྱི་དམག་དོན་ལས་འགུལ་སྤེལ་ནས་བྱང་ཀོ་རེ་ཡའི་སྲིད་དབང་གི་མགོ་རྟིང་སློག་ཐབས་དང་། ཀོ་རེ་ཡ་ཕྱེད་གླིང་གི་ད་ཡོད་ཆབ་སྲིད་གནས་སྟངས་ལ་འགྱུར་བ་གཏོང་འདོད་ཡོད་ཚེ། རྒྱ་ནག་གི་སེམས་ཐག་གཏིང་བཅད་ཀྱིས་ནང་ཞུགས་དང་འགོག་ཐབས་བྱེད་དགོས། ཞེས་ཀྱང་བཀོད་ཡོད་པ་རེད།
གདམ་ཀ་མེད་པ་དང་ཉེན་ཁ་ཧ་ཅང་ཆེ་བའི་དབང་གིས་དགྲ་ནོན་ཁྲོ་འབར་གཞུང་ཅི་བྱ་རྟོལ་མེད་དུ་གྱུར་བའི་དབང་གིས། ད་གཟོད་རྒྱ་ནག་ལ་གནོན་ཤུགས་སྤྱོད་རྒྱུ་དེ་ཨ་རིའི་གདམ་ཀ་ཡག་ཤོས་དང་ཐོག་མ་དེ་ཆགས་ཡོད།
ཨ་རིས་བྱ་རུང་ལ་བྱེད་ཀྱང་ཆོག་པའི་ཐབས་ཤེས་ཤིག་ནི། རྒྱ་ནག་གིས་དེའི་ཆད་དུ་རིན་དོད་ཐེག་དཀའ་བ་བཏང་ནས། མཐར་གདམ་ཀ་གཞན་དང་བྲལ་ནས་བྱང་ཀོ་རི་ཡའི་དྲག་ཆས་བཟོ་སྐྲུན་ལས་གཞི་འགོག་རྒྱུ་ལས་བྱེད་ཐབས་མེད་པར་གཏུག་དགོས།
དོན་དངོས་གནས་ཚུལ་ལྟར་ན། དཔལ་འབྱོར་གྱི་ཐད་ནས། རྒྱ་ནག་ལ་མཚོན་ན་ཨ་རི་ནི་མེད་དུ་མི་རུང་བ་དེ་ཆགས་ཡོད་པ་ལས་ཨ་རི་མིན། དེའི་སྟབས་ཀྱིས་ཨ་རིར་མཚོན་ན་རྒྱ་ནག་གིས་དཔལ་འབྱོར་ཐད་ནས་འཁོན་ལན་སློག་ཡོང་རྒྱུར་སེམས་ཁུར་དེ་འདྲ་བྱེད་མི་དགོས། དེ་མིན་ད་ལོའི་སྟོན་ཀར། རྒྱ་ནག་གི་ཏང་གི་ཚོགས་ཆེན ༡༩ བ་ཚོགས་དགོས་ན། ད་ལོའི་ནི་ཞི་ཅིན་ཕེང་ལ་མཚོན་ན། ཤིན་ཏུ་དམིགས་བསལ་གྱི་ལོ་ཞིག་ཡིན་ལ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེང་གིས་རང་ཉིད་ཀྱི་སྲིད་དབང་བརྟན་པོ་ཡོད་ཆེད། ངེས་པར་དུ་ཞི་བདེའི་དུས་ཡུན་ཞིག་དང་ཁོ་ཡུག་ཅིག་དགོས་གལ་ཆེ་བས། དགྲ་ནོན་ཁྲོ་འབར་གྱི་གོ་སྐབས་དེ་དམ་འཛིན་བྱེད་དགོས།
བྱུང་བའི་གོ་སྐབས་མ་བཟུང་ན་དུས་དེ་ནམ་ཡང་ཕྱིར་ཡོང་མེད། དེའི་སྟབས་ཀྱིས་དེང་གི་དུས་ཚིགས་འདི་ནི་དགྲ་ནོན་ཁྲོ་འབར་གྱི་གོ་སྐབས་ཡག་ཤོས་དེ་དང་། བྱང་གོ་རེ་ཡར་མ་འཐབ་རང་འཇགས་ཀྱི་གོ་སྐབས་ཡག་ཤོས་དེ་ཡིན་སྲིད།
ཞི་ཅེན་ཕེང་གཞུང་གིས་ཆབ་སྲིད་ཐད་ནས་ཁེམ་གསུམ་རྒྱགས་སྨྱོན་གཞུང་ལ་ཤུགས་རྐྱེན་ག་ཚོད་ཅིག་ཡོད་མེད་དོགས་པའི་གནས་ཡིན་ཡང་། རྒྱ་ནག་གཞུང་གིས་ད་དུང་ཡང་བྱང་ཀོ་རེ་ཡར་མངའ་བའི་འཐབ་ཇུས་ཀྱི་རིན་ཐང་དེ་གཞུང་བསྲིངས་བྱེད་ངེས་ཡིན། དེའི་སྟབས་ཀྱིས་པེ་ཅིང་གིས་བྱང་ཀོ་རེ་ཡར་དཔལ་འབྱོར་ཐད་གནོན་ཤུགས་ངེས་ཅན་ཞིག་སྤྲོད་ཐུབ་པའི་དབང་དུ་སོང་ཡང་། པེ་ཅིང་གིས་བྱང་ཀོ་རེ་ཡ་བློས་གཏོང་མི་སྲིད་ལ། ཁེམ་རྒྱུད་སྲིད་དབང་གནས་ཐབས་སུ་འབད་ངེས་ཡིན།
ཉམས་ཞིབ་པ་མང་པོས་རྒྱ་ནག་གདམ་གྲངས་ཀྱི་གླེང་སློང་དེ་ལས་དོན་དངོས་སུ་བྱང་ཀོ་རེ་ཡའི་རྡུལ་ཕྲན་གནད་དོན་སེལ་ཆེད་ཨ་མེ་རི་ཀར་གདམ་ཀ་མང་པོ་ཞིག་མེད་པ་མཚོན་ཡོད་པར་འདོད།
ཨ་མེ་རི་ཀས་རྒྱ་ནག་ལ་རེ་ལྟོས་བྱས་པ་དེ། དེ་ལས་ལྷག་པའི་གདམ་ཀ་ཞིག་མེད་པས་ཡིན་ལ། ཨ་རི་དང་རྒྱལ་སྤྱིའི་ཆེད་མཁས་རིག་པ་བ་མང་པོས་རྒྱ་ནག་གིས་རྡུལ་ཕྲན་མཚོན་ཆ་མེད་པའི་ཕྱེད་གླིང་ཞིག་བསྐྲུན་ཆེད་བྱང་ཀོ་རེ་ཡ་མགོ་རྟིང་སློག་པའི་ཉེན་ཁ་འཛིན་མི་སྲིད་པ་ཤེས་ཡོད། དེ་ལྟར་སོམས་དང་། རྒྱ་ནག་གི་རོགས་འདེགས་དེ་ཧ་ཅང་ཚད་ཅན་ཞིག་ཡིན། ཡིན་ན་ཡང་། ཨ་རིས་ད་དུང་ཡང་གདམ་ཀ་དེ་ཞིབ་འཇུག་བྱེད་ཀྱིན་ཡོད་ལ། དེ་ལས་ལྷག་པའི་གདམ་ཀ་གཞན་ཞིག་མེད་པ་ཁྲོ་འབར་གཞུང་ལ་མཚོན་ན་ས་རས་ཐང་གསལ་ཡིན།
འོ་ན། ཐར་ལམ་ཤིག་མེད་དམ་ཞེས་ན། འཇིག་རྟེན་རྙེད་པའི་ཡུལ། ཐར་ལམ་ཞིག་ཡོད་ངེས་ཡིན། ཡིན་ན་ཡང་ཐར་ལམ་གང་འདྲ་ཞིག འདོད་པའི་ཐར་ལམ་ཞིག ཡང་ན་མི་འདོད་པའི་ཐར་ལམ་ཞིག
སྐབས་སྐབས་སུ། གནས་སྟངས་དང་དགོས་དབང་ལ་གཞིགས་ནས། མི་འདོད་བཞིན་དུ་ངོས་ལེན་བྱེད་དགོས་ས་མང་པོ་ཡོད་པ་ཇི་བཞིན། ཨ་མེ་རི་ཀས་ཐབས་ཟད་འུ་ཐུག་པའི་ངང་། དེ་སྔ་རྒྱ་ནག་དང་རྒྱལ་ཁབ་གཞན་དག་གི་འཇིགས་བསྐུལ་ལ་ངོས་ལེན་བྱས་པ་ནང་བཞིན། བྱང་ཀོ་རེ་ཡའི་རྡུལ་ཕྲན་གོ་ཆ་ཅན་གྱི་རྒྱལ་ཁབ་ཀྱི་གོ་ས་ངོས་ལེན་བྱེད་དགོས། ཆ་རྐྱེན་ནི། ཁྱེད་ཀྱིས་རྡུལ་ཕྲན་མཚོན་ཆ་ཉར་ཆོག ཡིན་ན་ཡང་བཀོལ་མི་ཆོག གལ་ཏེ་བེད་སྤྱོད་བཏང་ཚེ། ཁེམ་རྒྱུད་སྲིད་དབང་མཇུག་རྫོགས་པའི་དུས་དེ་ཡིན་ཞེས་གསལ་བོ་བཤད་དགོས།
གལ་ཏེ་ཨ་རིའི་ད་ལྟའི་རྡུལ་ཕྲན་མཚོན་ཆ་མེད་པའི་ཀོ་རེ་ཡ་ཕྱེད་གླིང་གི་གཏན་འབེབས་ཟིན་པའི་སྲིད་ཇུས་དེ་འགྱུར་བ་བཏང་ནས། བྱང་ཀོ་རེ་ཡ་དེ་བཞིན་རྡུལ་ཕྲན་མཚོན་ཆ་ཅན་གྱི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱས་ཚེ། ཨ་རི་ལ་མཚོན་ན་ཕམ་ཁ་དང་། བྱང་ཀོ་རེ་ཡར་མཚོན་ན་རྒྱལ་ཁ་ཡིན། རྒྱལ་ཕམ་ཙམ་ལས་གནད་དོན་གཞན་ཞིག་ནི། ཤར་ལྷོ་ཨེ་ཞི་ཡའི་གནས་སྟངས་ལ་འགྱུར་བ་ཐེབས་ཟིན་པས། ཉི་ཧོང་དང་། ལྷོ་ཀོ་རེ་ཡ། ཧྥེ་ལེ་པེན་སོགས་རྒྱལ་ཁབ་ཀྱིས་ཀྱང་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་བྱེད་སྲིད་པས། དེ་དུས་གོ་མཚོན་འགྲན་བསྡུར་གྱི་དུས་རབས་གསར་བ་ཞིག་ཡོང་ངེས་ཡིན། དེ་ནི་ཨ་རིས་གཙོས་འཛམ་གླིང་རྒྱལ་ཁབ་ཚང་མས་མཐོང་མི་འདོད་པའི་གནས་སྟངས་དེ་ཡིན།
འདི་ནི་རང་བློར་གང་ཤར་གྱི་དྲན་ཚུལ་འབའ་ཞིག་ལས་མ་འདས་ན། ཚོད་དཔག་ཙམ་ཡིན།
ཤོག་བུའི་སྟེང་གི་དཔྱད་པ་དང་དོན་དངོས་ཀྱི་གནས་སྟངས་གཉིས་གཞི་གཅིག་ཏུ་འགྲོ་མི་སྲིད་ལ། ལྷག་པར་དུ་ཨ་མེ་རི་ཀས་གཙོས་ཉི་ཧོང་དང་། ལྷོ་ཀོ་རེ་ཡས་ལོ་རབས་བརྒྱད་ཅུའི་རྗེས་ཀྱི་བྱིས་པ་ཀླད་སྟོང་ཁེམ་གསུམ་རྒྱགས་སྨྱོན་གྱི་ལག་ཏུ་རྡུལ་ཕྲན་མཚོན་བཞག་པ་དེ། སྨྱོན་པའི་ལག་ལ་རལ་གྲི་བཞག་པ་དང་གཉིས་སུ་མ་མཆིས་པར་འདོད་ཡོད་པས། བྱང་ཀོ་རེ་ཡ་གཞི་རྒྱ་ཆེ་བའི་རྡུལ་ཕྲན་མཚོན་ཆའི་བདག་པོར་གྱུར་རྒྱུ་དེ་ནི། བཟོད་པར་མི་ནུས་པའི་ལས་ཡིན།
འོན་ཀྱང་། རྒྱ་ནག་ལ་མཚོན་ན། སྒོ་སྲུང་དེར་ལག་ཆ་ཡོད་ན་བཟང་ངམ། ལག་ཆ་མེད་ན་བཟང་ངམ། དེ་བཞིན་གལ་སྲིད་ཨ་རི་དང་བྱང་ཀོ་རེ་ཡའི་བར་རྣམ་པ་འདྲ་མིན་གྱི་དམག་འཁྲུག་རིགས་བྱུང་ཚེ། རྒྱ་ནག་དམག་འཁྲུག་ནང་ཞུགས་སྲིད་དམ།
འདི་དག་ནི་བསམ་བློ་གཏོང་ས་ཞིག་རེད་བསམ་བྱུང་།
དཔྱད་རྩོམ་འདི་ཟིན་བྲིས་སུ་མ་བཀོད་པའི་སྔོན་ཙམ་ལ། ཁེམ་གསུམ་རྒྱགས་སྨྱོན་གྱིས་ཟླ ༨ ཚེས ༡༥འི་སྔོན་ལ་ཨ་རིའི་མངའ་ཁུལ་ཀུམ་གླིང་ཕྲན་ལ་མེ་ཤུགས་འཕུར་མདའ་བཞིས་རྡུག་རྡེག་བྱེད་རྒྱུའི་དཔའ་སྐད་འཐེན་པ་ཕྱིར་འཐེན་བྱས་ཡོད་པས། དེ་དག་ཚང་མ་ཁེམ་གསུམ་རྒྱགས་སྨྱོན་གྱི་གཡོ་ཐབས་འབའ་ཞིག་ཡིན་ལ་གསལ་བོ་རེད།
མཆན: ཁེམ་གསུམ་རྒྱགས་སྨྱོན་ཞེས་པ་ནི། ད་ལྟའི་བྱང་ཀོ་རེ་ཡའི་སྲིད་འཛིན་ཁེམ་ཇོང་འེལ་སྟེ། ཁེམ་རྒྱུད་རྒྱལ་རབས་གསུམ་པ། གཟུགས་པོ་རྒྱགས་པ། བྱ་སྤྱོད་སྨྱོན་པ་འདྲ་བའི་བྱང་ཀོ་རེ་ཡའི་སྲིད་དབང་སྒེར་སྡེམ་པ་དེ་ལ་ཟེར་གྱིན་ཡོད།