ཕོ་བྲང་དཀར་པོའི་མདུན་ན་འདོན་ཆེ་བ:དཔལ་འབྱོར་གཡུལ་འགྱེད་ནི་སོ་ཅོག་གི་གནད་ཡིན།

Screen Shot 2017-08-21 at 09.06.03.png
སི་ཊེ་ཝེ་བྷ་ནོན།

ཨ་རིའི་སྲིད་འཛིན་དགྲ་ནོན་ཁྲོ་འབར་གྱི་འཐབ་ཇུས་མདུན་ན་འདོན་ཆེ་བ་སྐུ་ཞབས་སི་ཊེ་ཝེ་བྷ་ནོན་ལགས་ཀྱིས་སྨྱན་བྱད་ཀྱི་བཅར་འདྲི་སྐབས། ཨ་མེ་རི་ཀ་དང་རྒྱ་ནག་གཉིས་དཔལ་འབྱོར་གྱི་གཡུལ་ལ་དེ་སྔ་ནས་ཞུགས་ཟིན་པས། དེང་གི་ཆར་ནི་མངོན་གསལ་དོད་པོའི་དཔལ་འབྱོར་གཡུལ་འགྱེད་བྱེད་ཀྱིན་པའི་སྒང་ཡིན། བྱང་ཀོ་རེ་ཡའི་གནད་དོན་ཐད་རྒྱ་ནག་གིས་དོན་ཕན་ཅན་གྱི་གྲོགས་བྱེད་མི་སྲིད། བྱས་ཙང་རྒྱ་ནག་ལ་སྲ་ཞིང་མཁྲེགས་པའི་ཚོང་དོན་དམ་དྲག་ཉེས་ཆད་མི་གཅོད་པར་རྒྱུ་མཚན་ཡོད་མ་མིན་ཞེས་གསུངས་འདུག

སྤྱི་ཟླ ༨ ཚེས ༡༥ རེས་གཟའ་མིག་དམར་ཉིན། ཕོ་བྲང་དཀར་པོའི་འཐབ་ཇུས་མདུན་ན་འདོན་ཆེ་བ་སྐུ་ཞབས་བྷ་ནོན་ལགས་ཀྱིས་ཨ་རིའི་རང་དབང་དུས་དེབ༼   ཨ་མེ་རི་ཀ་རྒྱང་ལྟ༽  ཞེས་པའི་བཅར་འདྲི་སྐབས། ཨ་མེ་རི་ཀ་དང་རྒྱ་ནག་གཉིས་དཔལ་འབྱོར་གཡུལ་འགྱེད་བྱས་དང་བྱེད་ཀྱིན་པའི་སྒང་ཡིན། ཞེས་ཨ་རྒྱའི་བར་གྱི་དཔལ་འབྱོར་གཡུལ་འགྱེད་དེ་བྱུང་དང་འབྱུང་མུས་སུ་ཡོད་ལུགས་བརྗོད་འདུག

བྷ་ནོན་གྱིས་སྐབས་དེར། ཨ་མེ་རི་ཀ་དང་རྒྱ་ནག་གཉིས་ནས་གཅིག་ལོ ༢༥ ནས ༣༠ བར་འཛང་གླིང་འདིའི་བཙན་དབང་གི་བདག་ཉིད་དུ་གྱུར་རྒྱུ་དང་། གལ་ཏེ་ཨ་མེ་རི་ཀ་ད་དུང་ཡང་མུ་མཐུད་ནས་སྔར་སྲོལ་བཞིན་ལམ་རྙིང་དེར་ཞུགས་ཚེ། བཙན་དབང་གི་བདག་ཉིད་དུ་གྱུར་བ་དེ་ང་ཚོ་མིན་ལ་རྒྱ་ནག་ཡིན། དེང་གི་དོ་སྣང་འཕྲོག་བྱེད་བྱང་ཀོ་རེ་ཡའི་གནད་དོན་ནི། རྒྱ་ནག་གིས་ཨ་མེ་རི་ཀར་བསྟུན་མཁས་བྱས་པ་ཙམ་ལས། དེ་ནི་གལ་ཆུང་འགངས་ཆུང་གི་གར་སྟབས་ཤིག་ལས་མ་འདས། ཞེས་དང་།

ཡང་ཁོང་གིས། རྒྱ་ནག་གིས་བྱ་ཀོ་རེ་ཡའི་གནད་དོན་ཐད་ང་ཚོའི་དགོས་འདུན་ཇི་བཞིན། འཛམ་གླིང་མི་དམངས་ཀྱི་རེ་བ་ཇི་བཞིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ཇི་བཞིན་དོན་ཕན་ཅན་གྱི་ལས་དོན་རིགས་སྒྲུབ་མི་སྲིད། དེ་བས་ན། རྒྱ་ནག་ལ་དཔལ་འབྱོར་གྱི་ཐད་ནས་སྲ་ཞིང་མཁྲེགས་པའི་དམ་དྲག་ཉེས་ཆད་མི་གཅོད་རྒྱུར་རྒྱུ་མཚན་མེད།

གཅིག་བགྱིས་ན་གྲོས་ཆོད་ཅིག་ལ་རྟགས་འཛུགས་རྒྱུར་བསམ་བློ་འཁོར་སྲིད། རྒྱ་ནག་གིས་གང་ཉིད་ལ་མངའ་བའི་ཤུགས་རྐྱེན་སྤྱད་ནས་བྱང་ཀོ་རེ་ཡའི་རྡུལ་ཕྲན་མཚོན་ཆ་ཞིབ་འཇུག་དང་བཟོ་བསྐྲུན་བྱེད་རྒྱུ་ཡོངས་སུ་མཚམས་འཇོག་རྒྱུ། ཨ་མེ་རི་ཀས་ཀོ་རེ་ཡ་ཕྱེད་གླིང་ནས་དམག་དཔུང་ཕྱིར་འཐེན་བྱ་རྒྱུ། དེ་ལྟ་བུའི་གྲོས་ཆོད་ཅིག་འཇོག་རྒྱུར་ད་དུང་རྒྱང་ཐག་ཤིན་ཏུ་རིང་པོ་ཡོད། ཅེས་བརྗོད་འདུག

མདུན་ན་འདོན་ཆེ་བ་བྷ་ནོན་གྱི་སྐད་ཆ་དང་སྲིད་འཛིན་ཁྲོ་འབར་གྱི “ཁོང་ཁྲོ་དང་མེ་ལྕེའི”འཇིགས་སྐུལ་གཉིས་རྦད་དེ་ལྡོག་ཟླ་ཆགས་ཡོད།

བྷ་ནོན་གྱིས། བྱང་ཀོ་རེ་ཡའི་རྡུལ་ཕྲན་མཚོན་ཆའི་འཇུགས་སྐུལ་གནད་དོན་གྱི་ཐད་ན“དམག་དོན་གྱི་ཐག་གཅོད”བྱ་རྒྱུའི་གདམ་ཀ་ཞིག་རྩ་བ་ཉིད་ནས་མེད། གཤམ་གྱི་དྲི་བ་འདི་ལ་ལན་འདེབས་ཐུབ་ན་མ་གཏོགས་དེ་གླེང་མ་ཡོང་། དམག་འཁྲུག་མགོ་བརྩམས་མ་ཐག་གི་དུས་ཡུན་ཆུ་ཚོད་ཕྱེད་ཀའི་རིང་ལྷོ་ཀོ་རེ་ཡའི་རྒྱལ་ས་སོལ་གྱི་མི་དམངས་བྱེ་བ་གཅིག་གི་ཚེ་སྲོག་ལ་ཁག་ཐེག་བྱེད་ཐུབ་ངེས་ཡིན་ཞེས་སུ་ཡིས་ལན་འདེབས་ཐུབ་བམ། དེ་ལས་ལྡོག་ན་ཉིད་ཀྱི་ཅི་ཞིག་བཤད་ཀྱིན་པ་ངས་ནི་ཧ་གོ་ལེ་མིན། དེའི་སྟབས་ཀྱིས་དེ་ན་དམག་དོན་གྱི་གནད་དོན་ཐག་གིས་གཅོད་རྒྱུའི་ཇུས་གཞི་ཞིག་རྩ་བ་ཉིད་ནས་མེད། བྱང་ཀོ་རེ་ཡའི་སྤོབས་པ་དེའང་གནད་འགག་དེ་ལས་བྱུང་བ་ཤར་སྟག་རེད། ཟེར།

ཡང་བྷ་ནོན་གྱིས་རང་ཉིད་ཀྱི་ལངས་ཕྱོགས་གཞིར་བཞག་ནས་བཤད་རྒྱུར། ཨ་མེ་རི་ཀ་དང་རྒྱ་ནག་བར་བྱུང་དང་འབྱུང་བཞིན་པའི་ད་ལྟའི་དཔལ་འབྱོར་གྱི་གཡུལ་འགྱེད་དེ་ནི་ཡང་སྙིང་གི་གནད་ཀྱི་སོ་ཅོག་ཡིན། ང་ཚོས་ངེས་པར་དུ་སྨྱོས་པ་ནང་བཞིན་བློ་རྩེ་གཅིག་ལ་གཏད་ནས་རྩལ་དགུ་ཡོད་ཚད་དཔལ་འབྱོར་གཡུལ་འགྱེད་ཆེད་བཏོན་དགོས། གལ་ཏེ་ང་ཚོ་ད་ལྟ་ནང་བཞིན་མུ་མཐུད་ནས་དོ་ཟླ་མ་ཡོང་ཚེ། ངས་བལྟས་ན། ལོ་ལྔ། མང་ན་ལོ་བཅུའི་རྗེས་སུ། ང་ཚོ་འགྱུར་མཚམས་ཤིག་ལ་བསླེབ་ངེས་ཡིན་ལ། དུས་དེ་ནས་བཟུང་ང་ཚོར་སྟོབས་ཤུགས་ཡང་བསྐྱར་སྒྲིག་རྒྱུའི་གོ་སྐབས་ནི་དུས་ནམ་ཡང་ཡོད་མ་ཡིན། ཟེར།

བྷ་ནོན་གྱི་ཐབས་ལམ་ནི། ༡༩༧༤ལོར་གཏན་འབེབས་གནང་བའི་ཚོང་དོན་སྲོལ་ཡིག་གི་དོན་ཚན༣༠༡གི་ནང་དོན་ལྟར། རྒྱ་ནག་ན་ཡོད་པའི་ཨ་རིའི་ཁེ་གཉེར་ལས་ཁང་དག་གིས་བཙན་དབང་གིས་ལག་རྩལ་བརྒྱུད་སྤྲོད་བྱེད་དགོས་པའི་གནད་དོན་དང་། དེ་བཞིན་ཁྲོ་ལྕགས་དང་། ཧ་ཡང་ཐོན་རྫས་སོགས་རིན་གུང་མར་བཅགས་ནས་འཚོང་གང་ཐུབ་བྱེད་ཀྱིན་པའི་ཚོང་ལུགས་དང་འགལ་བའི་བྱ་སྤྱོད་རིགས་དག་འབུལ་དགོས་པའི་ཞུ་གཏུག་སོགས་ལས་འགུལ་སྤེལ་དགོས། ང་ཚོ་ངེས་པར་དུ་དེ་ཚོ་ལས་རྣམ་པར་རྒྱལ་དགོས། ང་ཚོར་རག་པའི་སྤྱི་བསྡོམས་ནི། ཁོང་ཚོས་དཔལ་འབྱོར་གྱི་གཡུལ་ས་ཆེན་པོ་ཞིག་བཤམས་ཟིན་པ་མ་ཟད། ང་ཚོ་རྩ་བ་ནས་གཏོར་དང་གཏོང་མུས་སུ་ཡིན། ཞེས་སོགས་འགྲེལ་བརྗོད་གནང་འདུག

སྤྱི་ཟླ ༨ ཚེས ༡༤འི་ཉིན། ཨ་རིའི་སྲིད་འཛིན་དགྲ་ནོན་ཁྲོ་འབར་གྱིས་གཞུང་འབྲེལ་འཛིན་སྐྱོང་ཡིག་ཆ་ཞིག་ལ་རྟགས་བཙུགས་ནས། ཨ་རིའི་ཚོང་དོན་ལས་ཁང་གིས་རྒྱ་ནག་གཞུང་གི་རྒྱབ་སྐྱོར་འོག་ཨ་རིའི་ལག་རྩལ་དང་རྒྱལ་སྲུང་ཁེ་གཉེར་ལས་ཁང་སོགས་ནས་ཤེས་ཡོན་སྒེར་དབང་ཐོབ་ཐང་རྐུ་འཁྱེར་བྱས་དང་བྱེད་ཀྱིན་པར་བརྟག་དཔྱོད་གཏོང་དགོས་མིན་ལ་དབྱེ་ཞིབ་དང་ཐག་གཅོད་དགོས་པའི་བཀའ་རྒྱ་ཕབ་ཡོད་པ་རེད།

དེ་མིན་བྷ་ནོན་གྱིས་བཅར་འདྲི་སྐབས། རྒྱ་ནག་གི་ཚོང་དོན་ཐད་དོན་དངོས་དང་མཐུན་པའི་སྲ་ཞིང་མཁྲེགས་པའི་ལམ་ལུགས་ཤིག་སྤེལ་དགོས་ཀྱང་། ཨ་རི་ནང་ཁུལ་ན་བཀག་རྒྱ་ཆེ་ལུགས་ཁེངས་རའི་ཚུལ་གྱིས།  མ་བསྐུལ་རང་མོས་ཀྱི་གཡོ་སྒྱུའི་ནང་ཚུད་ག་ལ་རུང་། རྒྱ་ནག་འདུམ་སྒྲིག་པ་དྲང་མོ་ཞིག་དང་། རྒྱ་ནག་གིས་ཁེམ་གསུམ་རྒྱགས་སྨྱོན་ལ་སྟངས་འཛིན་བྱེད་རྒྱུར་རེ་བ་བཅོལ་སྟབས། རྒྱ་ནག་གི་ཚོང་དོན་ཞུ་གཏུག་གི་ལས་དོན་དེ་ཕལ་བའི་གནས་སུ་བཞག་པ་རེད། ཅེས་བརྗོད་འདུག

བྱང་ཀོ་རེ་ཡས་ཚེས ༡༥འི་ཉིན་སྤེལ་བའི་གནས་ཚུལ་ནང་། ཁེམ་གསུམ་རྒྱགས་སྨྱོན་གྱིས་གནས་སྐབས་རིང་ཨ་རིའི་རྣམ་འགྱུར་ལ་བརྟག་རྒྱུ་དང་། དེ་ནས་ཀུམ་གླིང་ཕྲན་ཉེ་འཁོར་ལ་མེ་ཤུགས་འཕུར་མདའ་ནམ་རྒྱག་ཐག་གཅོད་བྱ་རྒྱུ་ཡིན་ལུགས་གསལ་བསྒྲགས་བྱས་འདུག

དེ་སྔ་བྱང་ཀོ་རེ་ཡའི་སྲིད་འཛིན་ཁེམ་གསུམ་རྒྱགས་སྨྱོན་གྱིས་ད་ལོའི་སྤྱི་ཟླ ༨ ཚེས ༡༥འི་སྔོན་དུ། ཞི་བདེ་རྒྱ་མཚོའི་དཀྱུལ་ན་ཡོད་ཅིང་། ཨ་རིའི་མངའ་ཁོངས་ཡིན་པའི་ས་གནས་མི་མང་དང་དམག་དོན་རྟེན་གཞི་ཐེ་བའི་མི་འབོར་འབུམ་གཅིག་དང་ཁྲི་བདུན་ལྷག་ཡོད་པའི་ཀུམ་གླིང་ཕྲན་ལ་མེ་ཤུགས་འཕུར་མདའ་བཞིས་འཇབ་རྒོལ་བྱེད་རྒྱུ་ཡིན་ཚུལ་ཁ་ཤོམ་འཐེན་པ་རེད།

བྱང་ཀོ་རེ་ཡའི་འཆར་གཞི་དེ་ཕྱིར་འཐེན་བྱས་མ་ཐག ཨ་རིའི་སྲིད་འཛིན་དགྲ་ནོན་ཁྲོ་འབར་མཆོག་གིས་ཊེ་ཝེ་ཊིར་བརྒྱུད་ནས། ཁེམ་གསུམ་རྒྱགས་སྨྱོན་གྱི “བསྲལ་ཆེ་བའི”ཐག་གཅོད་ཅིག་གནང་འདུག དེ་ལས་གཞན་པའི་གདམ་ཀ་དག་ནི “གནོན་འཚེའི་རིང་བཞིན་ཅན་དང་ངོས་ལེན་བྱེད་མི་ཐུབ་པ” རྐྱང་རྐྱང་ཡིན་ཞེས་བརྗོད་འདུག

དེ་དང་ཆབས་ཅིག ལྷོ་ཀོ་རེ་ཡའི་སྲིད་འཛིན་མོན་ཇེ་ཨིན་ལགས་ཀྱིས་རེས་གཟའ་ཕུར་བའི་ཉིན། ཨ་རིའི་སྲིད་འཛིན་གྱིས་བྱང་ཀོ་རེ་ཡར་ལས་དོན་གང་ཞིག་མ་སྤེལ་བའི་སྔོན་དུ་ལྷོ་ཀོ་རེ་ཡ་དང་གོ་བསྡུར་མོས་མཐུན་འཚོལ་རྒྱུ་ཁས་ལེན་བྱས་ཡོད་ལུགས་འགྲེལ་བརྗོད་གནང་འདུག

སྲིད་འཛིན་དགྲ་ནོན་ཁྲོ་འབར་གྱི་འཐབ་ཇུས་མདུན་ན་འདོན་ཆེ་བ་སྐུ་ཞབས་བྷ་ནོན་གྱིས་ཨ་རིའི་རང་དབང་དུས་དེབ༼   ཨ་མེ་རི་ཀ་རྒྱང་ལྟ༽   ཞེས་པར་ཕོ་བྲང་དཀར་པོའི་མདུན་ན་འདོན་ཆེ་བའི་མིང་ཐོབ་ཀྱིས་ཕོ་བྲང་དཀར་པོའི་ནང་ཁུལ་གྱི་གནས་ཚུལ་སྐོར་ཞིག་ཕྱི་བསྒྲགས་ཞུས་ནས་ཉིན་གསུམ་གྱི་རྗེས་སུ། སྐུ་ཞབས་བྷ་ནོན་ལགས་ཕོ་བྲང་དཀར་པོའི་འཐབ་ཇུས་མདུན་ན་འདོན་ཆེ་བའི་གོ་གནས་ནས་དགོངས་པ་ཞུས་འདུག

སྐུ་ཞབས་བྷ་ནོན་ནི་སྲིད་འཛིན་དགྲ་ནོན་ཁྲོ་འབར་ཕྱག་འོག་གི་ནང་བློན་གལ་ཆེན་ཞིག་ཡིན། ༢༠༡༦ལོར་དགྲ་ནོན་ཁྲོ་འབར་ཨ་རིའི་སྲིད་འཛིན་གདམ་རྩོད་ནང་ཞུགས་པ་ནས་བཟུང་། གཡས་ཐལ་གྱི་ལྟ་བ་མཁྲེགས་གྱོང་ཤོག་ཁག་གི་དར་ཆ་སྒྲེང་མཁན་སྐུ་ཞབས་བྷ་ནོན་ནི་དེ་དུས་ནས་ཟླ་འདིའི་ཚེས ༡༨ དགོངས་པ་མ་ཞུས་གོང་སྲིད་འཛིན་ཁྲོ་འབར་གྱི་བློ་འདོན་པ་དང་འཐབ་ཇུས་མདུན་ན་འདོན་ཆེ་བ་ཡིན། བྷ་ནོན་གྱི་བསམ་བློ་དང་བཀོད་པའི་འོག་ད་གཟོད “ཨ་མེ་རི་ཀ་དང་པོ” ཞེས་པའི་འཐབ་ཇུས་དེ་བྱུང་བ་རེད། འོན་ཀྱང་། དགྲ་ནོན་ཁྲོ་འབར་ཨ་རིའི་སྲིད་འཛིན་ཆགས་པའི་བརྒྱུད་རིམ་ཁྲོད་ཁོང་གིས་གཞལ་དུ་མེད་པའི་བྱས་རྗེས་བཞག་ཡོད་མེད་ལ་མ་ལྟོས་པར། ཕོ་བྲང་དཀར་པོའི་འཐབ་ཇུས་མདུན་ན་འདོན་ཆེ་བའི་གོ་གནས་ཁུར་ནས་ཟླ་བརྒྱད་ལས་ཕྱིན་མེད་ལ། སྤྱི་ཟླ ༨ ཚེས ༡༨ ཉིན་ཕོ་བྲང་དཀར་པོའི་འབྲེལ་ཡོད་ནས་སྐུ་ཞབས་བྷ་ནོན་ལགས་ཕོ་བྲང་དཀར་ནས་གྱེས་བྲལ་ཐོན་པའི་གནས་ཚུལ་ཁྱབ་བསྒྲགས་གནང་འདུག ཕོ་བྲང་དཀར་པོ་ནས་ཐོན་རྗེས། སྐུ་ཞབས་བྷ་ནོན་ལགས་ཡང་བསྐྱར་སྔོན་ཆད་ཀྱི་ལས་གནས་ཏེ། གཡས་ཐལ་སྨྱན་བྱད་བྷི་ཡེ་ཊི་བྷར་ཊི(Breitbart)གསར་འགྱུར་ལས་ཁུང་གི་འཛིན་སྐྱོང་འགན་འཛིན་གནང་རྒྱུ་རེད།

སྤྱི་ཟླ ༨ ཚེས ༡༤འི་ཉིན། ཨ་རིའི་ཚོང་དོན་ལས་ཁང་གིས་རྒྱ་ནག་གིས་ཤེས་ཡོན་སྒེར་དབང་ཐོབ་ཐང་རྐུ་འཁྱེར་བྱས་དང་བྱེད་ཀྱིན་པར་བརྟག་དཔྱོད་གཏོང་དགོས་མིན་ལ་དབྱེ་ཞིབ་དང་ཐག་གཅོད་དགོས་པའི་བཀའ་རྒྱ་ཕབ་པ་ཇི་བཞིན། ཨ་རིའི་ཚོང་དོན་སྐུ་ཚབ་སྐུ་ཞབས་རོ་བྷིར་ཊི་ལའེ་སྟི་ཙིར(Robert Lighthizer)ལགས་ཀྱིས་སྤྱི་ཚེས ༡༨ ཉིན་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ནས།  སྲིད་འཛིན་མཆོག་གི་བཀའ་བཀོད་ལྟར། འབྲེལ་ཡོད་ལས་ཁང་གིས་གོ་བསྡུར་བྱས་པའི་འབྲས་བུར། རྒྱ་ནག་གཞུང་གིས་ཨ་རིའི་ཤེས་ཡོན་སྒེར་བདག་ཐོབ་ཐང་ཐད་ཀྱི་འབྲེལ་ཡོད་ཁྲིམས་སྲོལ་དང་འགལ་འཛོལ་བྱས་ཡོད་མེད་ལ་གཞི་རྒྱ་ཆེན་པོས་བརྟག་དཔྱོད་ཞིབ་འཇུག་བྱེད་རྒྱུའི་དགོས་པ་དན་དན་ཡོད་པར་མོས་མཐུན་བྱུང་ཡོད། ཅེས་གསུངས་འདུག

སྲིད་འཛིན་དགྲ་ནོན་ཁྲོ་འབར་ལགས་ཀྱིས་ཀྱང། དེ་སྔ་རྒྱ་ནག་གིས་གང་བྱུང་དུ། གང་འདོད་ལྟར། ཨ་རིའི་བཟོ་ལས་གསང་བ་རྐུ་འཁྱེར་གྱི་སྤྱོད་ངན་ལ། ཨ་མེ་རི་ཀས་ད་ནས་བཟུང་བཟོད་པ་སྒོམ་མི་སྲིད། ཅེས་གསུངས་གནང་ཡོད་པ་རེད།

དེ་བཞིན་རྒྱ་ནག་ཚོང་ལས་ལྷན་ཁང་གི་མགྲིན་ཚབ་པས། རྒྱ་ནག་གིས་མཐོང་བ་ཞར་རྫུ་བྱེད་མི་སྲིད་ལ། འོས་འཚམས་ཀྱི་ཐབས་ལམ་ལ་བརྟེན་ནས་རྒྱ་ནག་གི་ཁྲིམས་མཐུན་ཁེ་ཕན་ལ་སྲུང་སྐྱོབ་བྱེད་ངེས་ཡིན་ཞེས་བརྗོད་འདུག

ཨ་མེ་རི་ཀའི་དཔྱད་དཔོག་ལྟར་ན། རྒྱ་ནག་གིས་ཨ་རི་ནས་རྐུ་འཁྱེར་བྱས་པའི་ཤེས་ཡོན་སྒེར་བདག་ཐོབ་ཐང་ལས་བྱུང་བའི་གྱོང་གུད་ཀྱི་གཞི་རྒྱ་ན། ཨ་སྒོར་ཁྲག་ཁྲིག་ཆེ་མོ་དྲུག༼   ༦༠༠༠༠༠༠༠༠༠༠༠༠༽  ལྷག་གནས་ལུགས་བཀོད་འདུག