ཨ་རྒྱ་གཡུལ་འགྱེད།

Screen Shot 2017-09-18 at 11.29.42.png
ཨ་རིའི་གནམ་གྲུ་སྦྲགས་མའི་གྲུ་གཟིངས་ཀྱི་དཔུང་སྡེ།

གནའ་བོའི་གྷི་རི་སེའི་ལོ་རྒྱུས་སྨྲ་བ་ཐུ་སི་ཌ་ཌི་སི(Thucydides)ལགས་ཀྱིས། དུས་ཡུན་གང་མཚམས་ཤིག་ཏུ་འཛམ་གླིང་གི་དབུ་ཁྲིད་ཆགས་པའི་སྟོབས་ཆེན་རྒྱལ་ཁབ་དེ་དང་། གློ་བུར་ངང་དར་ཞིང་རྒྱས་པའི་གསར་བྱུང་གི་བཙན་དབང་རྒྱལ་ཁབ་གང་ཞིག་གི་བར་རྩོད་པ་ལངས་དུས། དུས་རབས་ལྔ་བའི་ཨ་ཐེན་སི(Athens)དར་ཞིང་རྒྱས་སྟབས། སྐམ་སའི་བཙན་རྒྱལ་སི་པར་ཐ(Sparta)ཡི་དོགས་པ་བསླངས་ནས་པྲོག་རྩོད་ཀྱི་གཡུལ་ལ་ཞུགས་པ་ཇི་བཞིན། ཕལ་མོ་ཆེ་གཡུལ་འགྱེད་ཀྱིས་མཇུག་བསྡུས་ཡོད་པར་འདོད།

ཕྱི་རབས་པས་ངང་ཚུལ་དེ་ལ“ཐུ་སི་ཌ་ཌི་སི་གབ་ཁུང”(Thucydides Trap) ཞེས་འབོད།

ཨ་ཐེན་སི་དང་སི་པར་ཐ་གཉིས་ཀྱིས་མི་ལོ ༣༠འི་རིང་བསྟུད་མར་འཐབ་རྗེས། མཇུག་མཐར་གཉིས་ཀ་ཉམས་དམས་སུ་ཕྱིན་པ་རེད།

མི་བུ་དག་གིས་དོ་སྣང་མ་བྱས་པ་མ་གཏོགས། འོ་སྐོལ་གྱི་འཚོ་བའི་ཁྲོད་ལོ་རྒྱུས་ཡང་ནས་ཡང་དུ་བསྐྱར་ཟློས་ཀྱིས་མངོན་གྱིན་ཡོད།

འདས་པའི་དུས་རབས་ཕྱེད་དང་ཉི་ཤུའི་རིང་འཛམ་གླིང་ཡོངས་ལ་དབང་བསྒྱུར་བའི་ཨ་མེ་རི་ཀ་དང་། ཧོབ་དེ་ཁ་ལ་དར་རྒྱས་འབུར་ཐོན་གྱི་ཙི་ན་གཉིས་པྲོག་རྩོད་ཀྱི་ལས་ལ་ཞུགས་དུས། ལོ་རྒྱུས་བྱུང་རབས་ལྟར་ན། ཕལ་ཆེར་གཡུལ་འགྱེད་ཀྱིས་དབྱེ་འབྱིན་བྱ་རྒྱུ་ལས་ཐབས་ལམ་གཞན་ཡོད་མ་ཡིན། ཡིན་ན་ཡང་། མིའི་ཤེས་རབ་ལ་མཐའ་མེད་པས། གཅིག་བགྱིས་ན་མ་འཐབ་རང་འགྲིག་གི་ཐབས་ལམ་ཞིག་གམ། ཡང་ན་དབང་མཉམ་འཛིན་སྲིད་མཉམ་སྐྱོང་གི་ཐབས་ལམ་ཞིག་རྙེད་མི་སྲིད་པ་གཏན་ནས་མིན།

རྒྱ་ནག་ཐང་གོང་མས “ལོ་རྒྱུས་མེ་ལོང་བྱས་ན་རང་གི་དར་རྒུད་ཤེས་ཐུབ”ཞེས་གསུངས་ཡོད།

ལོ་ངོ ༡༤༠༠ ལྷག་གི་རྗེས་སུ། ཨ་རི་དང་རྒྱ་ནག་བར་གྱི་འགྲན་རྩོད་དེ་ཁེར་ལམ་ནས་གདོང་ཐུག་བརྒྱབས་པ་ནང་བཞིན་གཡོལ་ཐབས་མེད་པ་འདྲ་ཡང། གལ་ཏེ་ཨ་རི་དང་རྒྱ་ནག་གི་ཇུས་ཐག་གཅོད་མཁན་ཚོས་ལོ་རྒྱུས་ཁྲོད་ནས་བསླབ་བྱ་བླངས་ན། སྲིད་དང་མི་སྲིད་ལ་བསམ་ཕྱོགས་གཅིག་གི་ཁྱད་པར་ལས་མེད།  སེངྒེས་རྒོ་བའི་ཕྲུ་གུ་གསོས་ཡོད་པའི་བརྙན་ཡང་མཐོང་རྒྱུ་ཡོད་ན། ཐམས་ཅད་སྲིད་པས་གྲུབ་ཡོད་པར་ཡིད་ཆེས་བྱ་རུང་། འོན་ཀྱང་། ཐང་གོང་མ་ཚང་གི་ལམ་སྟོན་ལ་ཉན་འཇོག་བྱེད་མཁན་དེ་རིང་ཧང་ཅང་དཀོན།

ཧར་ཝར་ཌི་གཙུག་ལག་སློབ་ཆེན་གྱི་ཁེན་ནེ་ཌི་སྲིད་གཞུང་སློབ་གླིང་པེལ་ཧྥོར་ཊི་ཚན་རིག་དང་རྒྱལ་སྤྱི་ལས་དོན་ལྟེ་གནས་ཁང(Harvard University kennedy School of Government Belfort Center for Science and International Affairs) གི་འགན་འཛིན་སྐུ་ཞབས་གྷི་ར་ཧམ་ཨ་ལི་སོན(Graham Allison) ལགས་ཀྱིས་དེང་གི་ཨ་རི་དང་རྒྱ་ནག་གཉིས་ཐུག་སའི་ཉེན་ཁ་དེ “ཐུ་སི་ཌ་ཌི་སི་གབ་ཁུང” ཞེས་པ་དཔེ་མཚོན་དུ་དྲངས་ཡོད་པ་རེད།

སྐུ་ཞབས་གྷི་ར་ཧམ་ཨ་ལི་སོན་ལགས་ཀྱི་ཞིབ་འཇུག་ལྟར་ན། འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་སུ། ཨ་མེ་རི་ཀས་འཛམ་གླིང་གི་དཔལ་འབྱོར་ཁྲོམ་རིའི༥༠%ཟིན་ཡོད་ན་ཡང་། ༡༩༨༠འི་ནང་བསླེབས་དུས། སྐལ་ཆ་དེ ༢༢% རུ་ཆག་ཡོད། ལོ་ངོ ༣༠འི་རིང་རྒྱ་ནག་གི་དཔལ་འབྱོར་དེ་བྱ་འཕུར་བ་ལྟར་ཡར་རྒྱས་ཕྱིན་སྟབས། ཨ་མེ་རི་ཀའི་སྐལ་ཆ་དེ ༡༦%ལ་ལྷུང་ཡོད་པ་རེད། ༡༩༨༠འི་ནང་གི་རྒྱ་ནག་གི་སྐལ་ཆ ༢%ནས༢༠༡༦ལོར༡༨%དུ་འཕར་འདུག

ཉེ་ཆར་ཕོ་བྲང་དཀར་པོ་ནས་ཐོན་པའི་སྲིད་འཛིན་དགྲ་ནོན་ཁྲོ་འབར་གྱི་འཐབ་ཇུས་འདུན་ན་འདོན་ཆེ་བ་སྐུ་ཞབས་སི་ཌི་ཝི་བྷ་ནོན(Steve Bannon) ལགས་ཀྱིས་ཨ་རི་དང་རྒྱ་ནག་གཉི་ཀས “རྒྱལ་བར་ཀུན་ཐོབ” ཀྱི་འགྲན་རྩོད་བྱེད་ཀྱིན་པའི་སྒང་ཡིན་ཞེས་ཁོང་གིས། “ང་ཚོས་རྒྱ་ནག་ལ་དཔལ་འབྱོར་གཡུལ་འགྱེད་བྱེད་མུས་ཀྱི་སྒང་ཡིན། ལོ ༢༥ ནས ༣༠འི་ནང་རོལ་དུ། ང་ཚོའི་ཁྲོད་ཀྱི་གཅིག་བཙན་དབང་གི་བདག་པོར་གྱུར་རྒྱུ་ཡིན་མོད། འོན་ཀྱང་། གལ་ཏེ་ང་ཚོས་ད་ལྟའི་འཐབ་ཇུས་དང་ལམ་ཕྱོགས་དེ་དེད་ནས་སོང་ཚེ། མ་འོངས་པའི་བཙན་དབང་གི་བདག་པོ་དེ་ཁོང་ཚོ་ཡིན་པ་ལས་ང་ཚོ་མིན།” ཞེས་དང་།

ཡང་བྷ་ནོན་ལགས་ཀྱིས། “ཙི་ནའི་བར་གྱི་དཔལ་འབྱོར་གཡུལ་འགྱེད་ཀྱིས་ཡོད་ཚད་ཐག་གིས་གཅོད་ངེས་ཡིན། ང་ཚོས་བློ་ཐག་རྦད་ཆོད་ཀྱིས་དེ་ལ་དོ་སྣང་བྱེད་དགོས།  བདག་གི་རྟོགས་ཚོད་དུ། གལ་སྲིད་ང་ཚོར་མུ་མཐུད་ནས་ཕམ་ཁ་དང་རྗེས་ལུས་བྱུང་ཚེ། ང་ཚོ་དུས་ནམ་ཡང་སླར་གསོ་མི་ནུས་པའི་དཀྱོག་མཚམས་ཤིག་ལ་བསླེབ་རྒྱུར་ལོ ༥ ལས་མི་དགོས་ལ། མང་ན་ཡང་ལོ ༡༠ ལས་མི་དགོས” ཞེས་བཤད་ཡོད།

མཁྲེགས་གྱོང་གི་ལྟ་བ་འཛིན་མཁན་གླག་རིགས་ཀྱི་འཐུས་ཚབ་སྐུ་ཞབས་བྷ་ནོན་ལགས་ཟླ ༨ ཚེས ༡༩འི་ཉིན་ཕོ་བྲང་དཀར་པོ་དང་ཁ་གྱེས་ཡོད་མོད། འོན་ཀྱང་ཉི་མ་དེ་གར། ཨ་མེ་རི་ཀས་རྒྱ་ནག་གཞུང་གིས་ཨ་རིའི་ཤེས་ཡོན་སྒེར་བདག་ཐོབ་ཐང་ཐད་ཀྱི་འབྲེལ་ཡོད་ཁྲིམས་སྲོལ་དང་འགལ་འཛོལ་བྱས་ཡོད་མེད་ལ་གཞིགས་པའི “༣༠༡ བརྟག་དཔྱོད་ཞིབ་འཇུག” ཅེས་པའི་ལས་གཞི་མགོ་བརྩམས་ཡོད་ལ། ལས་གཞི་དེའི་དབུ་ཁྲིད་མཁན་ཨ་རིའི་ཚོང་དོན་སྐུ་ཚབ་སྐུ་ཞབས་རོ་བྷིར་ཊི་ལའེ་སྟི་ཙིར (Robert Lighthizer) ལགས་ནི་གླག་རིགས་རྒན་པའི་གྲས་ཡིན།

སྐུ་ཞབས་བྷ་ནོན་ནི་ཕོ་བྲང་དཀར་པོའི་གླག་རིགས་ཁོ་ན་དེ་མིན་ལ། དཔལ་འབྱོར་མི་རིགས་རིང་ལུགས་པ་རྒན་པ་དེའང་མིན། སྐུ་ཞབས་བྷ་ནོན་ལགས་ཕོ་བྲང་དཀར་པོའི་དབང་ཆའི་ཡང་ཏིག་གི་དཀྱིལ་འཁོར་ནང་མ་ཚུད་གོང་། སྲིད་འཛིན་དགྲ་ནོན་ཁྲོ་འབར(Donald Trump)གྱིས་ཁོང་གི ༢༠༡༡ལོའི་དཔལ་འབྱོར་བསྒྲགས་གཏམ་ནང་། ཙི་ན་ཡིས་ང་ཚོའི་ལས་ཀ་འཕྲོག་ནས་ང་ཚོའི་བཟོ་སྐྲུན་ལས་རིགས་ལ་གཏོང་བརླག་ཚབས་ཆེན་བཏང་པའི་མ་ཚད། ང་ཚོའི་ལག་རྩལ་དང་དམག་དོན་ནུས་ཤུགས་རྐུ་འཁྱེར་གང་ཐུབ་བྱས་དང་བྱེད་ཀྱིན་ཡོད་པས། ཙི་ན་ནི་དུས་དང་ནམ་པ་ཀུན་ཏུ་ང་ཚོའི་དགྲ་ཡ་ཡིན་ལ། ང་ཚོས་ཙི་ན་ལ་མཁྲེགས་འཛིན་ལས་གདམ་ག་གཞན་མེད་ཅེས་བཀོད་ཡོད་པ་རེད།

དེ་མིན་དགྲ་ནོན་ཁྲོ་འབར་སྲིད་འཛིན་དུ་བདམས་རྗེས། ཀུན་པོས་གླག་རིགས་སུ་ངེས་འཛིན་ཡོད་པའི་ཕེ་ཊིར་ནཱ་ཝ་རོ(Peter Navarro) ལགས་ཕོ་བྲང་དཀར་པོའི་ཉོ་ཚོང་ལྷན་ཁང་གི་དབུ་ཁྲིད་དུ་བསྐོས་ཡོད། སྐུ་ཞབས་ནཱ་ཝ་རོ་ལགས་ཀྱིས༼   བསླེབ་གྲབས་ཡོད་པའི་རྒྱ་ནག་གི་དམག་འཁྲུག༽   དང༼   འཆི་བདག་རྒྱ་ནག༽   སོགས་བརྩམས་ནས། རྒྱ་ནག་གིས་དངུལ་ལོར་གྱི་འཛའ་ཐང་བཏང་འཛིན་དང་གཡོ་ཚོང་གིས་ཨ་རིའི་དཔལ་འབྱོར་ལ་མངོན་ལྐོག་གཉིས་ནས་བཙན་འཛུལ་བྱས་དང་བྱེད་མུས་སུ་ཡོད་པས། རྒྱ་ནག་གི་གཡོ་སྒྱུ་ལ་ཁ་གཏད་གདོང་ལེན་བྱེད་དགོས་ཞེས་ཁ་རུ་བཤད་པ་མ་ཟད། ལག་ལེན་དུའང་བསྟར་གྱིན་ཡོད།

རི་ཆར་ཌི ནིག་སོན(Richard Nixon) ༡༩༦༩ལོར་ཨ་རིའི་སྲིད་འཛིན ༣༧ པར་བདམས་རྗེས། རྒྱ་ནག་གི་གཙོ་འཛིན་མའོ་ཙེ་ཏུང་གི་དབུ་ཁྲིད་པའི་གླག་རིགས་ཤོག་ཁག་གི “ཝུ་དང་འབྲེལ་ནས་ཝེ་ལ་རྒོལ་བའི” (联吴抗魏)འཐབ་ཇུས་ཀྱི་གཡོ་འོག་ཏུ་ཚུད་ནས། ཡིད་ཆེས་མེད་བཞིན་དུ་དགོས་དབང་ཞིག་གམ། ནོར་འཁྲུལ་གྱི་ལམ་སྟོན་ཞིག ཡང་ན་རྒྱང་རིང་གི་རེ་བ་ཞིག་གི་སླད་དུ། དམར་ཤོག་སྲིད་དབང་མའོ་སུ་ཁོ་ལ་ཁ་གཏད་གཅོག་ཆེད། དམར་ཤོག་སྲིད་དབང་པེ་ཅིང་དང་གྲོགས་བསྒྲིགས་པ་རེད། ནིག་སོན་གཞུང་གིས་སླུ་བ་མིན་པའི་བློ་གཅིག་སེམས་གཅིག་མཚོན་ཆེད། བོད་དང་ཐེ་ཝན་སོགས་ལ་རྒྱབ་རོགས་མུ་མཐུད་ནས་བྱེད་རྒྱུའི་ལས་དོན་རིགས་འཕང་མེད་དུ་གཡུགས་པ་རེད། ཡིན་ན་ཡང་། མའོ་ཙེ་ཏུང་གིས་རང་འགུལ་གྱིས་ཨ་རིར་ཕྱོགས་པ་དེ་ཨ་རིའི་སྟོབས་ཤུབས་བེད་སྤྱད་ནས་རང་ཉིད་ཇེ་དར་ཇེ་རྒྱས་སུ་གཏོང་འདོད་ཙམ་ལས། པེ་ཅིང་གཞུང་གིས་ཨ་རི་དང་ཁ་གྲོགས་ཙམ་ལས་ཞེ་གྲོགས་སྒྲིག་འདོད་མེད་ལ་སྒྲིག་ཀྱང་མི་སྲིད། དུས་རབས་ཕྱེད་ཙམ་ཕྱིན་པའི་དེ་རིང་། ཨ་ཙིའི་འབྲེལ་བ་ད་དུང་ཡང་ཁ་མཐུན་ཡང་ཞེ་མི་མཐུན་པའི་གནས་བབ་ན་ལྷག་ཡོད་པ་ལས་ཐམས་ཅད་གསལ་བཤད་བྱས་ཡོད།

c93033066abfc10f69f851833c8c4fbb.jpg
རྒྱ་ནག་གི་གནམ་གྲུ་སྦྲགས་མའི་གྲུ་གཟིངས་ཁོ་ན་དེ།

ནིག་སོན་གྱི་ནོར་འཁྲུལ་ཆེ་བའི་ཐག་གཅོད་དེ་ཨ་རིའི་འཇམ་མཉེན་ཞི་དལ་གྱི་ཐབས་ལམ་ལ་བརྟེན་ནས་དོན་དག་ཐག་གཅོད་བྱེད་རྒྱུའི་ལྟ་བ་འཛིན་མཁན་ཕུག་རོན་རིགས་ཀྱི་སྐུ་ངོ་ཧན་རི ཁི་སིན་གྷེར( Henry Kissinger基辛格) སོགས་ཕྱི་འབྲེལ་མི་སྣའི་ལྟ་བའི་འོག་བྱུང་བ་ཞིག་ཡིན་ན་ཡང་། རྒྱ་ནག་དམངས་གཙོར་རིམ་འགྱུར་གྱི་སྲིད་ལུགས་དེ་འདས་པའི་ཨ་རིའི་སྲིད་འཛིན་བདུན་གྱི་རིང་སྟེ་ནིག་སོན་ནས་ཨོ་བྷ་མའི་བར་ལག་ལེན་དུ་བསྟར་ནས་རེ་བའི་ཉི་མ་ཤར་རྒྱུར་རེ་ལྟོས་དང་ཡིད་ཆེས་བྱས་ཡོད་མོད། འོན་ཀྱང་། དུས་རབས་ཕྱེད་ཙམ་གྱི་རྗེས་སུ་རྒྱ་ནག་དེ་རེ་ལྟོས་བྱས་པ་ཇི་བཞིན་དམངས་གཙོའི་སྤྱི་ཚོགས་ཤིག་ཏུ་མ་འགྱུར་བ་མ་ཟད། དམངས་གཙོའི་སྤྱི་ཚོགས་ཀྱི་ཉེན་ཁ་རུ་གྱུར་བ་རེད། དེ་ཙ་ན། ཨ་རིས་གང་ཐུབ་ཅི་ཐུབ་ཀྱིས་རྒྱལ་ཁབ་གཞན་དག་ལས་དམིགས་བསལ་གྱི་མཐུན་རྐྱེན་གང་དགོས་གང་འདོད་བསྐྲུན་པའི་འོག་འཚར་ལོངས་བྱུང་བའི “མཐུན་གྲོགས”དེ། མདོག་འགྱུར་ཐེངས་གཅིག་གིས་འགྲན་ཡ་རུ་གྱུར་དུས། དགྲ་ཟླ་རུ་གྱུར་དུས། འགོག་རྡོ་རུ་གྱུར་དུས། དེ་རིང་གི་ཨ་མེ་རི་ཀས་སྟོབས་ཆེན་ཙི་ནར་འགྲན་ཚུགས་སམ།  དགྲ་ཟླ་ཙི་ན་ལས་རྒྱལ་ཐུབ་བམ། འགོག་རྡོ་ཙི་ན་དེ་སེལ་ནུས་སམ།

རྒྱ་ནག་གཞུང་གི་རྫུན་དང་ཕྲ་མས་བསྐྲུན་པའི་གྲངས་ཀའི་དྲིལ་བསྒྲགས་ཀྱིས་མགོ་རྨོངས་ཤིང་། ཕོ་བྲང་དཀར་པོའི་རང་སྲུང་གི་ལྟ་བ་དང་ནང་འཁྲུག་ལ་ཡིད་ཐང་ཆད་པའི་དེ་རིང་། གོང་ཞུས་དྲི་བ་དེ་དག་ལ་ལན་གསལ་བོ་ཞིག་གསུང་མཁན་ནི་ཉིན་མོའི་སྐར་མ་ལས་མ་འདས། ཡིན་ན་ཡང་། སྲིད་པའི་ཁ་དཔེ་རུ་སྐོམ་པས་ཤི་བའི་རྔ་མོང་རྟ་ལས་ཆེ་ཞེས་པ་ལྟར། གལ་ཏེ་ཨ་རི་རྒུད་པར་སྨྲ་བའི་པེ་ཅིང་གི་གཞུང་སྐུལ་རིག་པ་བའི་མི་མ་འདུལ་གོང་སེམས་འདུལ་བའི་ཐབས་ཇུས་དང་། ནུབ་གླིང་གི་རྒྱ་ནག་མི་ཤེས་ཤེས་མདོག་གི་རིག་པ་བའི་གོ་ཁའི་མཁས་གཏམ་ལ་བདེན་པའི་ཆ་ཏིལ་ཙམ་ཡོད་པའི་དབང་དུ་སོང་ཡང་། དེ་ནི་ལྟོས་ས་ལྟོས་འཇོག་གི་སྐད་ཆ་ཞིག་ལས་དངོས་ཡོད་གནས་སྟངས་ནི། ཨ་རི་ད་དུང་ཡང་འཛམ་གླིང་གོ་ལའི་རྒྱལ་བོ་དང་། འགྲོ་བའི་ཉེན་རྟོག་པའི་གོ་ས་ན་མི་འཇིག་བྲག་རིའི་རྟུལ་ཞུགས་བཟུང་ཡོད། ཡང་གལ་ཏེ་ལྟོས་ས་རྒྱག་ནག་གི་དར་རྒྱས་འབུར་ཐོན་ལས་ལྟོས་ཆོས་ཨ་རི་ཉམས་རྒུད་དུ་ཕྱིན་པར་མཐོང་གི་ཡོད་ན། རེ་ཞིག་སེམས་བཏང་སྙོམས་ལ་བཞུགས་ནས་གཟིགས་རོགས་གནང་དང་། ཨ་རི་ཉམས་པའི་ཚུལ་ནི་གང་། ཨ་རི་རྒུད་པའི་བཟོ་ཡང་གང་།  མཐོང་སོང་ངམ།

ཡིན་ན་ཡང་། ནང་བཀྲ་མ་ཤིས་ན་ཕྱི་དོན་མི་འགྲུབ་ཟེར་བའི་གཏམ་དཔེ་ལྟར། ཨ་རིའི་ནང་གི་ལྟ་གྲུབ་ཀྱི་འགལ་བ་དང་། ཁེ་ཕན་གྱི་རྩོད་པ།  རིགས་ཚོགས་ཀྱི་དབྱེ་འབྱེད་སོགས་གདན་དོན་རིགས་ལེགས་པར་སེལ་དགོས་ལ། ནང་སྒོས་སུ་རྒྱ་ནག་གི་གཡོ་སྒྱུ་ཤེས་རྒྱུ་དང་། རྒྱ་ནག་མི་ཤེས་ཤེས་མདོག་བྱེད་མཁན་ཨ་མེ་རི་ཀའི་རིག་པ་བའི་ཚོགས་དེའི་ནོར་འཁྲུལ་ཡོང་བསྲང་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུག་གི་ལས་ཡིན་པས། གལ་ཏེ་ད་དུང་ཡང་སྔོན་ཆད་ཀྱི་འཐབ་ཇུས་དང་ཐབས་ལམ་དེར་བརྟེན་ཚེ།  སྐུ་ཞབས་བྷ་ནོན་གྱི་ལུང་བསྟན་དེ་མངོན་པར་གྱུར་མི་སྲིད་པ་མིན།

འོ་ན། ཨ་རི་དང་ཙི་ནའི་གཡུལ་འགྱེད་ལ་ཟློག་ཐབས་མེད་དམ་ཟེར་ན། མཐའ་གཅིག་ཏུ་ཡོད་མེད་ཀྱི་ཐག་གཅོད་དཀའ་བའི་གནས་ཡིན་མོད། སྐུ་ཞབས་བྷ་ནོན་ལགས་ཀྱིས། ད་ལྟའི་ཉེན་ཁ་དེ་ཨ་རིའི་གསར་བརྗེ་འཐབ་འཁྲུག་དང་བསྡུར་ན། འཛམ་གླིང་འཁྲུག་ཆེན་གཉིས་པ་དང་བསྡུར་ན། ཨ་མེ་རི་ཀ་གཡོལ་ཐབས་བྲལ་བར་དྲག་པོའི་འགལ་ཟླ་ཆེན་པོ་ཞིག་ཏུ་མི་ཞུགས་རང་ཞུགས་ཆགས་ཡོད་ཅེས་ད་ལྟའི་གནས་བབ་ལ་གཞིགས་པའི་དགོངས་ཚུལ་བརྗོད་ནས།  ཨ་རི་དང་ཙི་ན་གཉིས “ཐུ་སི་ཌ་ཌི་སི་གབ་ཁུང” ནང་ལྷུང་རྒྱུ་ལས་གདམ་ག་གཞན་མེད་ཚུལ་བརྗོད་ཡོད།

གཅིག་མ་ལན་ན་གཉིས་མི་འཛིང་། འཛམ་གླིང་འཁྲུག་ཆེན་དང་པོའི་རྒྱབ་ལྗོངས་ལ་གཞིགས་ཚེ། འཇར་མིན་གློ་བུར་དུ་དར་རྒྱས་འབུར་ཐོན་གྱི་ངོས་གཞན་ཞིག་ནི། ཡོད་མུས་སུ་ཡིན་པའི་སྟོབས་ཆེན་རྒྱལ་ཁབ་དེའི་བསམ་བློའི་ནང་གི་འཇིགས་སྐྲག་གི་ཚོར་བ་དེ་ཡིན་ལ། དེ་གཉིས་ཕྱོགས་གཅིག་ཏུ་འདུས་ཚེ་འཐབ་འཁྲུག་དེ་གཡོལ་ཐབས་མེད་པར་གྱུར་བ་རེད།

༢༠༡༣ལོར་པར་དུ་བསྐྲུན་པའི༼   འཁྲུག་ཆེན་དང་པོའི་གསང་བའི་འབྱུང་ཁུངས༽  ཞེས་པའི་དེབ་ཀྱིས་འཇར་མིན་རྒྱ་སྐྱེད་རིང་ལུགས་ཀྱི་དབང་གིས་འཁྲུག་ཆེན་ལངས་ཚུལ་སྨྲ་བ་དེ་བསམ་བཞིན་དུ་རྫུ་བཟོས་ལོ་རྒྱུས་ཀྱི་རྫུན་གཏམ་འབའ་ཞིག་ལ་ངོས་འཛིན་བྱས་ཡོད།   རྩོམ་པ་པོས་ཡིག་ཚགས་དང་དངོས་ཡོད་ལོ་རྒྱུས་ཚད་མར་བཟུང་ནས་བརྒྱབས་པའི་བསྡོམས་ལས། འཁྲུག་ཆེན་མ་བྱུང་བའི་ལོ་བཅུའི་ནང་། འཇར་མིན་རྩ་མེད་དུ་གཏོང་རྒྱུ་དེ་ལོན་ཊོན་ཆབ་སྲིད་ཇུས་ཐག་གཅོད་མཁན་དཀྱིལ་འཁོར་གྱི་དམིགས་འབེན་ཡིན་པ་བདེན་དཔག་བྱས་ཡོད་པ་རེད།

མཚམས་འདིར་བདག་གིས་རྒྱ་ཆེ་བའི་ཀློག་པ་པོའི་དཔུང་སྡེ་ལ་རྒྱ་ནག་པའི་གཡོ་སྒྱུ་དང་ཨ་རིའི་ནོར་འཁྲུལ་ལ་ཞིབ་འཇུག་བྱས་པའི་དཔེ་དེབ་གཉིས་འོས་སྦྱོར་ཞུ་འདོད་བྱུང་། གཅིག་གི་གོང་དུ་གླེང་ཟིན་པའི་སྐུ་ཞབས་ཕེ་ཊིར་ནཱ་ཝ་རོ(Peter Navarro) ལགས་ཀྱིས་བརྩམས་པའི༼ འཆི་བདག་རྒྱ་ནག༽   (致命中国)། གཞན་ཞིག་ནི་སྐུ་ཞབས་མེ་ཁོལ་ཕེད་སུ་བྷེ་རི(Michael Pillsbury)ལགས་ཀྱིས་བརྩམས་པའི༼ ལོ་བརྒྱའི་མཱ་ར་ལྟོན༽ (百年马拉松)ཡིན།

ཧར་ཝར་ཌི་གཙུག་ལག་སློབ་ཆེན་གྱི་ལོ་རྒྱུས་ཞིབ་འཇུག་ཚན་པས་འདས་པའི་ལོ་ངོ ༥༠༠འི་རིང་། ཐེངས་བཅུ་དྲུག་ལ་དར་རྒྱས་འབུར་ཐོན་རྒྱལ་ཁབ་ཀྱིས་དབང་བསྒྱུར་རྒྱལ་ཁབ་ཀྱི་སེམས་ཁྲལ་བསླངས་པའི་དཔེ་མཚོན་ཕྱོགས་བསྒྲིགས་བྱས་ཡོད་པ་དང་། ཞིབ་འཇུག་པས་དེའི་ཁྲོད་ཀྱི་ཐེངས ༡༢ ནི“ཐུ་སི་ཌ་ཌི་སི་གབ་ཁུང”གི་རྣམ་པ་དང་མཚུངས་ཤིང་། ཐེངས ༤ ལ་མཇུག་མཐར་འཁྲུག་པ་ལངས་མེད་པར “ཐུ་སི་ཌ་ཌི་སི་གབ་ཁུང” གཡོལ་ཐུབ་ཡོད་པར་ངོས་འཛིན་གནང་འདུག

གཡུལ་འགྱེད་གཡོལ་བའི་དཔེ་མཚོན་བཞི་ནི།
དང་པོ། དུས་རབས ༡༥ བའི་སྨད་ཀྱི་ཕོར་ཆི་གྷལ་དང་སི་པན་གྱི་འགྲན་རྩོད།
གཉིས་པ། དུས་རབས་ཉི་ཤུའི་སྟོད་ཀྱི་དབྱིན་ཇི་དང་ཨ་རིའི་འགྲན་རྩོད།
གསུམ་པ། དུས་རབས་སྔོན་མའི་ལོ་རབས ༣༠ ནས ༨༠ བར་གྱི་ཨ་རི་དང་སུའུ་ལེན་གྱི་འགལ་བ། འདི་ནི་ཨ་རི་དང་སུའུ་ལེན་གྱི་གྲངས་དམག་ཟེར་གྱིན་ཡོད།
བཞི་བ། ༡༩༩༠གོ་གྲངས་ནས་ད་ལྟའི་བར་གྱི་དབྱིན་ཇི་དང་། ཧྥ་རན་སི། འཇར་མིན་གྱི་འགྲན་རྩོད། དབྱིན་ཇི་དང་ཧྥ་རན་སི། འཇར་མིན་གྱི་འགྲན་རྩོད་དེ་ཡོ་རོབ་གླིང་ཆེན་ཁོ་ནར་གཏོགས་པ་རེད།

Screen Shot 2017-09-18 at 11.35.36.png
ཨ་རིའི་རེག་བརྡས་མི་ཟིན་པའི་གནམ་གྲུ།

དེ་རིང་། ཨ་རི་དང་ཙི་ན་གཉིས་ཀྱིས་ཀྱང་གོང་ཞུས་དཔེ་མཚོན་དེ་དག་ནང་བཞིན “ཐུ་སི་ཌ་ཌི་སི་གབ་ཁུང”གཡོལ་ནས་ཞི་འགྲིག་ཡོང་གི་རེད་དམ་ཟེར་ན། ཐོག་མར་ཨ་ཙི་གཉིས་ཀྱི་ཁྱད་པར་ལ་གཞིགས་དང་། ཆེ་ས་ནས་བཤད་ན། ཆབ་སྲིད་ལམ་ལུགས་མི་མཐུན། སྤྱི་ཚོགས་ཀྱི་སྲོལ་ལུགས་མི་མཐུན། གཞུང་གི་འདུ་ཤེས་འཛིན་སྟངས་མི་མཐུན། དམངས་ཀྱི་ལྟ་བའི་རིན་ཐང་མི་མཐུན། དཔལ་འབྱོར་ལམ་ལུགས་མི་མཐུན། ཁྲོམ་རའི་འགྲོ་ལུགས་མི་མཐུན། ཨ་རི་ནི་དམངས་གཙོ་གཞུང་ཕལ་གྱི་རྒྱལ་ཁབ་ཅིག་ཡིན། དེ་ལས་ལྡོག་སྟེ་ཙི་ན་ནི་གཞུང་གཙོ་དམངས་ཕལ་གྱི་རྒྱལ་ཁབ་ཅིག་ཡིན། དེ་མིན་ཡུལ་མིའི་བསམ་བློ་འཁྱེར་ཕྱོགས་དང་། ཐ་ན་ཟ་ལུགས་འགྲོ་སྟངས་ཀྱང་མི་མཐུན་ན། མཐུན་རྒྱུའི་རྨང་གཞི་དབེན་ཞིང་། འགྲིག་རྒྱུའི་རྒྱུ་རྐྱེན་མེད། དོན་དམ་པའི་རྒྱ་ནག་གཞུང་དེ་ཐོག་མཐའ་བར་གསུམ་དུ་མཁྲེགས་གྱོང་གླག་རིགས་ཤོག་ཁག་གི་དབང་བསྒྱུར་བྱས་ཡོད་ལ། ཞི་ཅིང་ཕེང་གི་དུས་རབས་ནི་གླག་རིགས་ཤོག་ཁག་གི་དབང་ཤུགས་རྩེར་སོན་གྱི་དུས་རབས་དེར་ངོས་འཛིན་བྱ་རུང་། དེ་བཞིན་དུ་དེང་གི་ཕོ་བྲང་དཀར་པོའི་གཡས་གཡོན་ན་མཁྲེགས་གྱོང་གླག་རིགས་ཀྱིས་ཁེངས་ཡོད་པས། རྡོ་དང་སྟ་རེ་ཐུག་ན་མེ་སྟག་ལས་མེད་པ་ཇི་བཞིན། མཁྲེགས་འཛིན་གླག་རིགས་གཉིས་ཐུག་ན་དམར་འཛིང་ལས་ཅི་ཞིག་ཡོད་དམ།

འཇར་མིན་གྱི་མཚན་ཉིད་རིག་པ་བ་སྐུ་ཞབས་ཧེ་གྷེལ(Hegel)ལགས་ཀྱིས། ལོ་རྒྱུས་ཀྱིས་མི་རྣམས་ལ་གནང་བའི་བསླབ་བྱ་ནི། མི་རྣམས་པས་དུས་ནམ་ཡང་ལོ་རྒྱུས་ལས་བསླབ་བྱ་ལེན་མི་ཤེས། ཞེས་གསུངས་ཡོད།

ཁེ་ཕན་གྱི་ཆེ་ཆུང་རྩོད་ས་ཞིག་ན། ལོ་རྒྱུས་ཀྱི་བསླབ་བྱ་ལེན་མཁན་ཡོད་དམ།