
ཨ་མེ་རི་ཀའི་སྲིད་འཛིན་དགྲ་ནོན་ཁྲོ་འབར་མཆོག་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་སྟེང “རྡུལ་ཕྲན་མཚོན་ཆ་ཅན་གྱི་བྱང་ཀོ་རི་ཡ་རྩ་མེད་དུ་གཏོང་རྒྱུའི”སྡིགས་ར་སྐུལ་བར། བྱང་ཀོ་རི་ཡའི་སྲིད་འཛིན་ཀེམ་ཅོང་ཨུན་གྱིས་ཐད་ཀར་ཨ་ལན་སློག་འདུག
དེ་ཡང་སྤྱི་ཟླ ༩ ཚེས ༢༠ རེས་གཟའ་ལྷག་པའི་ཉིན། ཀེམ་ཅོང་ཨུན་གྱིས་སྲིད་འཛིན་དགྲ་ནོན་ཁྲོ་འབར་མཆོག་ལ “ཨ་རིའི་རྒད་པོ་འདོ་མེད” ཅེས་མཚང་མིང་བཏགས་ཡོད་པ་མ་ཟད། “ལོ་རྒྱུས་སུ་ཆེས་དྲག་ཧྲག་གི་རྣམ་པས་གདོང་ལེན་བྱེད་རྒྱུ་ཡིན”ལུགས་ཐ་ཚིག་བསྒྲགས་ཡོད་པ་རེད།
ཀེམ་ཅོང་ཨུན་གྱི་ཡ་ལན་དེས་ཉིན་རེ་ཞག་རེར་འཕེལ་བཞིན་པའི་སྲིད་འཛིན་རྣམ་པ་གཉིས་ཀྱིས་ཕན་ཚུན་ལ་འཕྱ་སྨོད་དང་གཤེ་གཤེའི་རང་བཞིན་ཅན་གྱི་སྨྲ་བརྗོད་ལ་མིང་ཚིག་གསར་བ་ཞིག་ཁར་བསྣན་ཡོད།
ཀེམ་ཅོང་ཨུན་ད་ལྟ་ཕོ་ལོ ༣༢ ཡིན་པ་དང་། དགྲ་ནོན་ཁྲོ་འབར་ད་ལྟ་ཕོ་ལོ ༧༡ ཡིན་ཞིང་། ལོའི་བར་ཐག་ན་མི་རབས་གཅིག་དང་ལྷག་ཡོད་པས་དོན་གྱི་རྒད་གཞོན་གྱི་ཁྱད་པར་ཡོད་པ་རེད།
ཀེམ་ཅོང་ཨུན་གྱིས་གསལ་བསྒྲགས་ནང་། “སྙིང་མེད་ཁྱི་རྒན་ཟུག་ལ་དགའ” ཞེས་ལབ་ནས། དོན་གྱིས་ཨ་རིའི་སྲིད་འཛིན་དགྲ་ནོན་ཁྲོ་འབར་གྱིས་སྤྱི་ཚེས ༡༩འི་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་སྟེང་གི་གཏམ་བཤད་དེར་ཟུར་ཟ་བྱས་ཡོད་པ་རེད། དགྲ་ནོན་ཁྲོ་འབར་གྱིས་ཚོགས་ཆེན་གཏམ་བཤད་སྐབས། “གལ་ཏེ་བྱང་ཀོ་རི་ཡས་ཨ་མེ་རི་ཀ་དང་མཐུན་གྲོགས་རྒྱལ་ཁབ་ལ་འཇིགས་པ་བསྐུལ་ཚེ། བྱང་ཀོ་རི་ཡ་རྩ་མེད་དུ་གཏོང་རྒྱུ་ཡིན” ཞེས་ཉེན་བརྡའི་ཚུལ་བརྗོད་ཡོད་པ་རེད།
“ཁོང་ནི་ཆབ་སྲིད་པ་ཞིག་མིན་པ་ས་རིས་ཐང་གསལ་ཡིན་པས་མ་ཚད། ཉེན་ཁ་རྩེད་མོར་བྱེད་པའི་མི་ངན་ཁྲམ་པ་ཞིག་རེད”ཅེས་ཀེམ་ཅོང་ཨུན་གྱིས་ཁྲོ་འབར་ལ་སྡིགས་ར་འཐེན་འདུག
ཀེམ་ཅོང་ཨུན་གྱི་གསལ་བསྒྲགས་དེ་སྤྱི་ཚེས ༢༢ རེས་གཟའ་པ་སངས་ཉིན་བྱང་ཀོ་རི་ཡའི་གཞུང་འབྲེལ་སྨྱན་བྱད་བྱང་ཀོ་རི་ཡ་དབུས་གསར་ཤོག་སྟེང་སྤེལ་ཡོད་པ་དང་། དེ་ནི་ཀེམ་ཅོང་ཨུན་གྱིས་དངོས་སུ་ཁྲོ་འབར་ལ་ཡ་ལན་སློག་པ་ཐོག་མ་དེ་ཡིན།
སྤྱི་ཚེས ༢༠འི་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ལ་མཉམ་ཞུགས་ཆེད་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་འབྱོར་བའི་བྱང་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་གྱིས་ཀྱང་ཨ་རིའི་སྲིད་འཛིན་དགྲ་ནོན་ཁྲོ་འབར་གྱི་གཏམ་བཤད་དེ “ཁྱི་ཟུག་པ”ནང་བཞིན་རེད་ཅེས་འཕྱ་སྨོད་བྱས་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་སྟེང་སྲིད་འཛིན་དགྲ་ནོན་ཁྲོ་འབར་གྱིས “བྱང་ཀོ་རི་ཡ་སྒེར་གཅོད་སྲིད་དབང་ནི་ཉེས་ཅན་པའི་ཚོགས་ཤིག་ཡིན་ལ། ཀེམ་ཅུང་ཨུན་ནི་རང་སྲོག་གཅོད་རྒྱུར་རྔམ་པའི ‘བུ་མེ་ཤུགས་འཕུར་མདའ’” ཞེས་འཕྱ་སྨོད་དང་ཆབས་ཅིག་མཚང་མིང་དེ་བཏགས་ཡོད་པ་རེད།
ཡང་ཁོང་གིས། “ཨ་མེ་རི་ཀ་ནི་དངོས་ཤུགས་འཛོམས་ཤིང་བཟོད་སྒོམ་ཅན་ཞིག་ཡིན། ཡིན་ན་ཡང་། ཐབས་ཟད་འུ་ཐུག་ནས་རང་སྲུང་དང་མཐུན་གྲོགས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་དགོས་ཚེ། ང་ཚོར་གདམ་ག་གཞན་མེད་པས། བྱང་ཀོ་རི་ཡ་རྩ་མེད་དུ་གཏོང་རྒྱུ་ལས་མེད”། ཅེས་སྡུགས་ར་བསྐུལ་ཡོད་པ་རེད།
ཀེམ་ཅོང་ཨུན་གྱི་སྐད་ཆ་དག་ནམ་རྒྱུན་བྱང་ཀོ་རི་ཡི་སྨྱན་བྱད་དག་གིས་བཀོལ་གྱིན་ཡོད་མོད། འོན་ཀྱང་རང་ཉིད་ཀྱི་མཚན་ཐོག་ནས་གསལ་བསྒྲགས་སྤེལ་བ་དེར་ཧ་ཅང་གིས་རྒྱུན་སྲོལ་དང་མ་འདྲ་བ་ཞིག་ཡིན་ཙང་། དེ་ལ་དོ་སྣང་བྱེད་རིན་ཡོད་པར་ཀུན་པོས་ཡིད་ཆེས་བྱས་ཡོད། བྱང་ཀོ་རི་ཡ་རུ་ཆེས་མཐོའི་འགོ་ཁྲིད་ཀྱི་གསལ་བསྒྲགས་དེ་ཡིག་ཆ་མཐའ་དག་ལས་ཀྱང་གལ་འགངས་ཆེ་ཤོས་དེ་ཡིན། ཀེམ་ཅོང་ཨུན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོ་རྒོལ་བྱས་མིན་ལ་མ་ལྟོས་པར། རྩལ་གང་ཡོད་དང་བང་གང་མྱུར་གྱིས་རྡུལ་ཕྲན་མཚོན་ཆ་དང་རྒྱང་ཉོབ་མེ་ཤུགས་འཕུར་མདའ་བཟོ་སྐྲུན་བྱས་དང་བྱེད་ཀྱིན་ཡོད།
ཀེམ་ཅུང་ཨུན་གྱིས “དགྲ་ནོན་ཁྲོ་འབར་གྱི་སྨྲ་བརྗོད་ལས་བདག་གི་བདམས་པའི་ལམ་ཁ་དེ་ནོར་མེད་ཡང་དག་པ་དེ་དང་། རྒྱུན་སྐྱོང་འོས་པའི་ལམ་བུ་དེ་ཡིན་པར་ཡིད་ཆེས་བརྙེད”། ཅེས་བཤད་ཡོད་པ་རེད།
ཡང་ཀེམ་ཅུང་ཨུན་གྱིས། “དགྲ་ནོན་ཁྲོ་འབར་གྱིས་འཛམ་གླིང་མི་དམངས་ཀྱི་གོ་ས་མཐོང་ས་ནས་ང་དང་ངའི་རྒྱལ་ཁབ་ལ་བརྙས་བཅོས་དང་རྣམ་གཅོད་རྩིས་མེད་ཀྱིས། བྱང་ཀོ་རི་ཡ་རྩ་མེད་དུ་གཏོང་རྒྱུ་ཡིན་ཞེས་སྲིད་པའི་ལོ་རྒྱུས་སུ་ཆེས་གཏུམ་དྲག་ཆེ་ཞིང་ཡ་ང་མེད་པར་འཐབ་འཁྲུག་གི་དམག་བརྡ་བརྒྱབས་དུས། ང་ཚོས་ཀྱང་དེ་དང་མཚུངས་པའི་ཡ་ལན་ཞིག་སློག་ཆེད་འགྲོ་བའི་ལོ་རྒྱུས་སུ་ཚད་གཞི་ཆེས་མཐོ་བའི་དྲག་ཧྲག་གི་རྣམ་པས་གདོང་ལེན་བྱེད་རྒྱུ་ཡིན”ཞེས་དང་། ཡང་ཁོང་གིས། “གོ་བ་མེད་པར་རང་བློ་གང་ཤར་གྱི་འཆལ་གཏམ་བཤད་མཁན་‘གཏེ་རྒན’ ཞིག་ལ་ཁ་གཏད་ལྕོགས་དུས། དངོས་ཡོད་བྱ་སྤྱོད་ཀྱི་ལམ་ནས་གདོང་ལེན་བྱེད་རྒྱུ་ནི་ཆེས་མཆོག་ཏུ་གྱུར་བའི་ཐབས་ལམ་དེ་ཡིན”ཞེས་དང། ཡང་ཁོང་གིས་ཁ་སྣོན་གྱི་ཚུལ་དུ། “ངེས་པར་དུ། ངེས་པར་དུ་དྲག་པོ་མེ་ཡིས ‘ཨ་རིའི་རྒད་པོ་འདོ་མེད’ དེར་ཉེས་ཆད་གཅོད་དགོས”། ཞེས་ཧམ་བཤད་བྱས་འདུག
གང་གི་མ་འོངས་པའི་བྱ་འགུལ་དེ་དགྲ་ནོན་ཁྲོ་འབར་གྱི་ཚོད་དཔག་ལས་རྦད་དེ་བརྒལ་བ་ཞིག་ཡིན་ལུགས་བཤད་པ་ཙམ་ལས། ཀེམ་ཅོང་ཨུན་གྱིས་ཞིབ་ཕྲའི་གོ་བསྐོན་གསེད་འགྲོལ་བྱས་མི་འདུག
བྱང་ཀོ་རི་ཡས་ད་ལོའི་སྤྱི་ཟླ ༧ པར། གླིང་ཆེན་རིམ་པའི་མེ་ཤུགས་འཕུར་མདའ་གཉིས་ཚོད་ལྟ་བྱས་པ་མ་ཟད། ཉེ་ལམ་གྱི་ཚོད་ལྟ་ཞིག་གིས་ཨ་མེ་རི་ཀའི་ས་ཐོག་ལ་གཏོར་རྒོལ་གྱི་ནུས་པ་ལྡན་པའི་ཚུལ་བསྟན་ཡོད།
འདས་པའི་བདུན་ཕྲག་འགའ་ཤས་སུ། བྱང་ཀོ་རི་ཡས་ཉི་ཧོང་གི་མཁའ་ཁོངས་བརྒྱུད་ཞི་བདེ་རྒྱ་མཚོ་རུ་རྒྱང་ཐག་འབྲིང་ཉོབ་མེ་ཤུགས་འཕུར་མདའ་གཉིས་ཚོད་ལྟ་བྱས་པ་དང་། དེ་མིན་སྤྱི་ཟླ ༩ ཚེས ༣ ཉིན། རྡུལ་ཕྲན་མཚོན་ཆ་ཐེངས་དྲུག་པ་དེ་ཚོད་ལྟ་བྱས་ཡོད་པ་དང་། དེ་ནི་ཟིལ་ཤུགས་རབ་ཏུ་ཆེ་བའི་ས་འོག་ཚོད་ལྟ་ཞིག་ཡིན་ལ། བྱང་ཀོ་རི་ཡ་རང་ཉིད་ཀྱིས་ཡང་རླུང་ཉིད་རྡུལ་འབར་མདེལ་ཞིག་ཚོད་ལྟ་ལེགས་འགྲུབ་བྱུང་ལུགས་བསྒྲགས་ཡོད།
བྱང་ཀོ་རི་ཡས་ཀུམ་གླིང་ཕྲན་དང་ཐག་ཉེ་སའི་རྒྱ་མཚོ་དེ་མེ་ཡི་རྒྱ་མཚོ་རུ་བཏང་ནས་བསྐོར་བཅོམ་བྱ་རྒྱུ་ཡིན་ལུགས་འཇིགས་སྐུལ་བྱས་འདུག ཀུམ་གླིང་ཕྲན་ཞེས་པ་དེ་ཞི་བདེ་རྒྱ་མཚོ་དཀྱིལ་གྱི་གླིང་ཕྲན་ཞིག་ཡིན་ལ། མངའ་ཁོངས་བདག་དབང་ཨ་རི་ལ་ཡོད་ཅིང་། ཨ་མེ་རི་ཀའི་དམག་དོན་རྟེན་གཞི་ཆེ་ཤོས་ཤིག་ཡིན།
བྱང་ཀོ་རི་ཡི་ཕྱི་འབྲེལ་བློན་ཆེན་གྱི་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་གསར་འགོད་པར། “ང་ཚོས་ཞི་བདེ་རྒྱ་མཚོ་རུ་ཉིང་རྡུལ་ཚ་བའི་མཚོན་ཆ་ཚོད་ལྟ་བྱ་འཆར་ཡོད་མོད། མཐའ་མའི་ཐག་གཅོག་དེ་འཚོའི་རླངས་ཆེན་གྱི་དབུ་ཁྲིད་ཀེམ་ཅོང་ཨུན་གྱི་གནང་རྒྱུ་རེད”ཅེས་བཤད་འདུག
གང་ལྟར། བྱང་ཀོ་རི་ཡའི་སྲིད་འཛིན “བུ་མེ་ཤུགས་འཕུར་མདའ” ཀེམ་ཅོང་ཨུན་གྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་རིམ་པར་སྣང་མེད་དུ་བཞག་པ་མ་ཟད། ཐེངས་གཅིག་མིན་གཉིས་མིན་དུ་མེ་ཤུགས་འཕུར་མདའ་དང་ཐ་ན་རྡུལ་ཕྲན་མཚོན་ཆའི་རིགས་ཀྱང་ཚོད་ལྟ་བྱས་ནས། འཛམ་གླིང་མི་མང་གི་བཟོད་སྒོམ་ལ་སྒྲུན་ཟླ་སློང་བའི་བྱ་སྤྱོད་དེ། མེ་འབར་ཐོག་ཤིང་སྐམ་བསྣན་པའི་བྱ་སྤྱོད་འབའ་ཞིག་ཆགས་ཡོད་པས། སྤྱིར་ན་འཛམ་གླིང་མི་དམངས་དང་། བྱེ་བྲག་ལྷོ་ཀོ་རི་ཡའི་གཞུང་དམངས་གཉིས་གཞི་རྒྱ་ཆེ་བའི་དམག་འཁྲུག་བྱུང་ཨེ་ཡོང་གི་འཇིགས་སྐྲག་ནང་ལྷུང་ཡོད།
ཚང་མས་ཤེས་གསལ་ལྟར། ཨ་རིའི་སྲིད་འཛིན་དགྲ་ནོན་ཁྲོ་འབར་ནི་དྲག་ཧྲག་རིགས་སུ་གཏོགས་པས། བཟོད་སྒོམ་ལ་མཐའ་ཡོད་པ་མ་ཟད། ཉིན་ཤས་སྔོན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་སྟེང་གི་གཏམ་བཤད་སྐབས་བྱང་ཀོ་རི་ཡ་རྩ་མེད་དུ་གཏོང་རྒྱུ་ཞེས་པའི་ཤོད་སྟངས་དེ་ཁ་སྟོང་ནང་གི་ཚིག་སྟོང་ཞིག་ལ་ངོས་འཛིན་བྱ་མི་རུང་བར་འདོད།
བྱང་ཀོ་རི་ཡའི་སྲིད་འཛིན་ཀེམ་ཅོང་ཨུན་གྱིས་སྟོབས་ཤུགས་ཡོད་མེད་ལ་མ་ལྟོས་པའི་འཐབ་དགའ་འཁྲུག་དགའི་བསམ་སྤྱོད་དེས་ཨ་རིས་གཙོས་འབྲེལ་ཡོད་རྒྱལ་ཁབ་མང་པོས་བཟོད་སྒོམ་ལ་སྒྲུན་ཟླ་སློང་ཡོད་པས། རྡོ་དང་སྟ་རེ་ཐུག་ན་མེ་སྟག་ལས་མེད་པ་ནང་བཞིན། “བུ་མེ་ཤུགས་འཕུར་མདའ” ཀེམ་ཅོང་ཨུན་དང་། “ཨ་རིའི་རྒད་པོ་འདོ་མེད” གཉིས་ཐུག་ཚེ། གཡུལ་འགྱེད་ལས་གདམ་ཀ་གཞན་ཞིག་ཡོད་པ་མཐོང་སོང་སམ། ངས་ནི་མཐོང་གིན་མི་འདུག་གོ།