
ལྔ་དང་ལྔ་བཅུའི་ཚོགས་འདུ་འདི་བཞིན་དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་གོ་སྒྲིག་གནང་པ་ཞིག་ཡིན་པ་དང་། ཚེས ༦ ནས ༨ བར་འཚོགས་བཞིན་པའི་ཚོགས་འདུ་དེར་རྒྱལ་ཁབ ༢༡ ནས་ཆབ་སྲིད་འཐབ་ཇུས་པ་དང་། སྲིད་དོན་པ། ལས་འགུལ་བ་སོགས་མྱི ༡༨༥ མཉམ་ཞུགས་གནང་ཡོད་པ་རེད།
ཟླ ༡༠ ཚེས ༧ ཉིན ༧སྤྱི་ནོར༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་དྷ་རམ་ས་ལའི་པ་ཝི་ལི་ཡོན་མགྲོན་ཁང་དུ་བསྐོངས་པའི་ལྔ་དང་ལྔ་བཅུའི་ཚོགས་འདུར་ཆིབས་བསྒྱུར་བསྐྱངས་གནང་མཛད་ནས་བཀའ་སློབ་ལམ་སྟོན་ཟབ་མོ་གནང་ཡོད་པ་དང་། དེ་ཡང༧གོང་ས་མཆོག་གིས། ཆོས་ཕྱོགས་ནས་བཤད་ན་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་། གངས་ལྗོངས་ཀྱི་ཞིང་། གང་ལྟར་ལོ་རྒྱུས་ཐོག་ནས་དངོས་གནས་གཟི་བརྗིད་ཡོད་པ་ཞིག་ཆགས་ཡོད། རྒྱ་ཧོར་བོད་གསུམ་ཞེས་ཡོངས་གྲགས་རེད། བོད་སིལ་བུར་ཆགས་རྗེས་རིམ་བཞིན་ཉམས་རྒུད་ཕྱིན་ནས། དེ་སྔ་ང་རང་ཚོའི་བོད་ཀྱི་བླ་དཔོན་ཚོས་ཀྱང་སོ་སོའི་ཁ་ཐུག་ངོ་གདོང་གི་གནས་སྟངས་ཙམ་ལས་རྒྱ་ཆེན་པོའི་བསམ་བློས་མ་འདང་བ་ཕལ་ཆེར་གསལ་པོ་རེད།
དེ་ལྟ་ནའང་ང་ཚོའི་མི་རིགས་འདི་མདོ་དབུས་ཁམས་གསུམ་བོད་རིགས་ཡོངས་རྫོགས་བཀའ་འགྱུར་བསྟན་འགྱུར་ཞེས་དཔེ་ཆ་དེ་དག་གི་འོག་ཏུ་གཅིག་གྱུར་བྱས་ནས་སོ་སོའི་ཆོས་དང་རིག་གཞུང་འགྲེལ་བཤད་རྒྱག་སྤྱད་རང་གི་སྐད་ཡིག་ཟུར་དུ་ཡོད་པ། ཆབ་སྲིད་ཀྱི་གནས་སྟངས་འདྲ་མིན་བྱུང་ཡང་ང་རང་ཚོ་མི་རིགས་གཅིག་གྱུར་བྱས་ནས་བསྡད་པ་རེད། ད་ལྟའི་གནས་སྟངས་ལ་མཚོན་ནའང་ང་ཚོ་དཀའ་ངལ་འོག་གནས་ཡོད། འོན་ཀྱང་འདས་པའི་ལོ་སྟོང་ཕྲག་འགའ་ཤས་རིང་ང་ཚོ་བོད་མིའི་སྙིང་སྟོབས་དང་རྣམ་དཔྱོད་དེས་ལོ་ལྔ་བཅུ་དྲུག་བཅུའི་དཀའ་ངལ་དེ་དག་ལ་གདོང་ལེན་བྱེད་ཐུབ་རྒྱུ་རེད།
རིག་གནས་གསར་བརྗེའི་སྐབས་རྒྱ་མིས་སྲིད་བྱུས་ལྡན་པའི་ངང་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་བཟོ་ཐབས་བྱས་ཡོད། ཕྱོགས་མཚུངས་བོད་མིའི་བསམ་བློ་བཅོས་སྒྱུར་གཏོང་ཆེད་སློབ་གསོའི་ལས་འགུལ་ཡང་སྤེལ་བ་དང་། སྐབས་རེ་དངུལ་དངོས་ཀྱི་སླུ་ཐབས་བྱས་ཡོད། ཐབས་ལམ་བཟང་ངན་ཇི་འདྲ་བྱས་ཀྱང་འདས་པའི་ལོ་ངོ་དྲུག་བཅུའི་རིང་བོད་མིའི་སྙིང་སྟོབས་ཞུམ་པ་མེད་པར་སྲ་བརྟན་ངང་མུ་མཐུད་གནས་ཐུབ་ཡོད།
གལ་ཏེ་གཞིས་ལུས་བོད་མི་ཚོར་སྙིང་སྟོབས་དེ་འདྲ་ཞིག་མེད་པ་ཡིན་ན་ངོས་ཀྱི་བསམ་པར་རྒྱ་ནག་གཞུང་གིས་བོད་ཐོག་སེམས་འཚབ་དེ་འདྲ་བྱེད་དགོས་པ་ཞིག་ཧ་ལམ་ཆགས་རྒྱུ་མ་རེད་བསམ་གྱིན་ཡོད།
དེ་ནས ༡༩༥༩ ལོར་རྒྱ་མིས་བོད་ས་བཙན་བཟུང་བྱེད་སྐབས་རྒྱ་ནག་དམར་ཤོག་འགོ་ཁྲིད་མཁྲེགས་འཛིན་སུས་ཀྱང་ལོ་ལྔ་བཅུ་ཕྱིན་པའི་རྗེས་བོད་ཀྱི་དཀའ་རྙོག་མ་སེལ་བར་ལྷག་རྒྱུ་རེད་བསམ་པའི་བསམ་བློ་འཁོར་མེད།
ལྷག་པར་བོད་ནང་གི་གཞིས་ལུས་རྒྱ་ཆེའི་མི་མང་ཚོའི་སྙིང་སྟོབས་ཧ་ལས་པ་རེད། འདི་དངོས་ཡོད་གནས་སྟངས་རེད། བོད་མི་རྣམས་རྒྱ་གར་དང་ཨ་རི། ཡུ་རོབ་སོགས་ས་གནས་གང་དུ་ཡོད་ཀྱང་ཤ་ཁྲག་རུས་གསུམ་བོད་མི་བྱས་ནས་སྡོད་རྒྱུ་རེད། དེ་ནམ་ཡང་བརྗེད་རྒྱུ་མེད། བསྐྱེས་ནས་མ་འཆི་བར་བོད་མིའི་རྩ་དོན་ཆེད་འབད་བརྩོན་བྱ་རྒྱུ་འདི་ང་ཚོ་བོད་མི་ཚོའི་བཟང་སྤྱོད་ཀྱི་འགན་རེད།
བོད་དོན་རྒྱབ་སྐྱོར་བ་ཚོ་དང་ནམ་ཐུག་སྐབས་ངོས་ཀྱིས་ཁྱེད་རང་ཚོས་བོད་དོན་ལ་རྒྱབ་སྐྱོར་བྱེད་པ་དེ་བོད་ལ་རྒྱབ་སྐྱོར་བྱེད་པ་ཙམ་མིན་པར། དྲང་བདེན་ལ་རྒྱབ་སྐྱོར་བྱས་པ་ཞིག་རེད། ཅེས་བརྗོད་ཀྱི་ཡོད། ང་ཚོའི་བོད་ཀྱི་གནད་དོན་འདི་དྲང་བདེན་གྱི་གནས་ཚུལ་ཞིག་ཡིན། རང་བཙན་འཐབ་རྩོད་བྱེད་མཁན་ཚོགས་པ་མང་པོ་ཡོད། ཕལ་ཆེ་བས་འཚེ་བ་མེད་པའི་ཐབས་ལམ་ཐོག་ནས་འགྲོ་བཞིན་འདུག ང་ཚོ་བོད་མིར་མཚོན་ན་གནས་སྟངས་དཀའ་ལས་ཁག་པོ་ཇི་ཙམ་ཡོད་མིན་ལ་མ་ལྟོས་པར་ང་ཚོའི་ལྟ་གྲུབ་དེ་འཚེ་མེད་ཞི་བར་གཞི་བཅོལ་ཡོད།
རང་རྒྱལ་གཞན་ཕམ་གྱི་ཐོག་ནས་ང་ཚོས་འཐབ་རྩོད་བྱེད་ཀྱི་མེད། ང་ཚོས་ཕྱོགས་གཉིས་ཀར་ཕན་ཐོགས་ཡོང་རྒྱུར་བསམ་བློ་གཏོང་བཞིན་ཡོད། ཅེས་དང་། དེ་མིན་ཡང ༧གོང་ས་མཆོག་གིས་ཡུ་རོབ་སྤྱི་མཐུན་ཚོགས་པར་བསྔགས་བརྗོད་ཞུ་བཞིན་གསུང་དོན་དུ། ངོས་ཀྱི་བསམ་པར་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་འདི་ཧ་ལས་པ་ཞིག་རེད་འདུག ངོས་ཀྱི་བསམ་བློ་དེར་གཞི་འཛིན་ནས་ཨུ་རུ་སུའི་རྒྱལ་ཁབ་དེའང་མཐར་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་ནང་མཉམ་ཞུགས་ཐུབ་པ་དགོས་རྒྱུ་དང་། ཕྱོགས་མཚུངས་གླིང་ཆེན་ཨ་ཧྥི་རི་ཀ་དང་། ལྷོ་ཨ་མེ་རི་ཀ ཨེ་ཞི་ཡ་སོགས་སུ་སྤྱི་མཐུན་ཚོགས་པ་འཛུགས་རྒྱུ་དེ་འདྲ་བྱུང་བ་ཡིན་ན་སྒྲིག་འཛུགས་གཅིག་གི་འོག་མཉམ་གནས་ཐུབ་པ་བྱུང་ན་རིམ་བཞིན་རྡུལ་ཕྲན་མཚོན་ཆ་མེད་པ་བཟོ་ཐུབ་རྒྱུ་རེད། འདི་ནི་ངོས་ཀྱི་རེ་བ་དང་འཆར་སྣང་སྟོང་པ་ཞིག་ཡིན། གནས་སྟངས་དེའི་ཐད་ང་ཚོ་བོད་མི་ཚོས་བོད་མི་ས་ཡ་དྲུག་ཙམ་མ་ཟད། འཛམ་གླིང་སྤྱི་ལའང་ཞབས་འདེགས་ཕྲན་བུ་སྒྲུབ་ཐུབ་ངེས་ཡིན། ཞེས་བཀའ་སློབ་ལམ་སྟོན་གནང་འདུག
དེ་བཞིན་དུ༧གོང་ས་མཆོག་གིས་ང་ཚོ་བོད་མི་ཚོས་གནས་སྟངས་དཀའ་ལས་ཁག་པོ་ཇི་འདྲ་ཞིག་གི་འོག་དཀའ་སྡུག་མྱོང་བཞིན་ཡོད་མེད་ལ་མ་ལྟོས་པར་ང་ཚོས་གཉིས་ཕན་གྱི་བསམ་བློ་གཏོང་བཞིན་ཡོད་ཅེས་མུ་མཐུད་ནས་གསུངས་དོན་དུ། རྒྱ་མི་རིགས་ལ་མཚོན་ནའང་དངོས་གནས་ཧ་ལས་པའི་ཡག་པོ་རེད། རླབས་ཆེན་གྱི་མི་རིགས་ཤིག་རེད། གནས་སྟངས་འདིའི་འོག་ནས་བོད་རྒྱ་གཉིས་སྨན་གྱི་ཐབས་ལམ་ཞིག་འཚོལ་ཐུབ་རྒྱུ་རེད་བསམ་པ་དྲན་གྱི་འདུག
ད་ལྟའི་རྒྱ་ནག་འགོ་ཁྲིད་མཁྲེགས་འཛིན་པ་ཚོར་རྒྱ་ནག་གཞུང་གིས་བོད་མིའི་ཐོག་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་འདིས་བོད་མིའི་དཀའ་ངལ་ནམ་ཡང་སེལ་ཐུབ་རྒྱུ་མིན་པ་དེ་ང་ཚོས་ར་སྤྲོད་བྱེད་དགོས། ཇི་སྲིད་དངོས་ཡོད་གནས་སྟངས་ལ་འཚམས་པའི་སྲིད་བྱུས་ཤིག་ལག་བསྟར་མ་བྱས་བར་བོད་མིའི་དཀའ་ངལ་འདི་སེལ་ཐབས་མེད། གནས་སྟངས་འདིའི་འོག་ནས་བལྟ་སྐབས་ལྷན་ཚོགས་འདི་ལྟ་བུ་དང་། ལྷག་པར་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་འདྲ་མིན་ནས་ཕེབས་པ་རྣམས་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད།
ངོས་ཀྱི་བོད་དོན་རྒྱབ་སྐྱོར་བ་ཚོ་དང་ཐུག་སྐབས་ད་ལྟའི་རྒྱ་ནག་འགོ་ཁྲིད་མཁྲེགས་འཛིན་པ་ཚོའི་ཁྲོད་དུའང་བོད་ཀྱི་གནད་དོན་དེ་ཇི་ལྟར་གསལ་དགོས་མིན་ཐད་ཅི་བྱ་གཏོལ་མེད་ངང་གནས་ཡོད་སྐོར་བརྗོད་བཞིན་ཡོད། ཁོ་པ་ཚོས་བོད་ནང་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དེར་གྲུབ་འབྲས་བཟང་པོ་ཞིག་འཐོན་རྒྱུ་མེད་པ་ཤེས་ཀྱི་ཡོད། དུས་སྐབས་འདི་འདྲ་ཞིག་གི་སྐབས། རྒྱལ་སྤྱིའི་རྒྱབ་སྐྱོར་བ་ཚོས་བོད་དོན་ཆེད་རྒྱབ་སྐྱོར་གནང་བ་འདི་ཧ་ཅང་ཕན་ཐོགས་ཆེན་པོ་ཞིག་འདུག་ཅེས་བཀའ་སློབ་ཟབ་མོ་གནང་ཡོད་པ་རེད།