
རྒྱ་ནག་དམར་པོ་གཞུང་གི་དབང་བསྒྱུར་འོག་གི་བོད་ཀྱི་དགོན་སྡེ་ཁག་སྲོལ་རྒྱུན་གྱི་གོ་དོན་ལྟར་ནང་བསྟན་འཛིན་སྐྱོང་སྤེལ་གསུམ་བྱེད་སའི་བསྟི་གནས་ཀྱི་ངོ་བོར་འགྱུར་བ་ཐེབས་ནས། ཕྱེད་དགོན་པ་དང་ཕྱེད་ཏང་གི་སློབ་གྲྭ་ལྟ་བུ་ཞིག་ཏུ་ཆགས་ཡོད།
དེ་ཡང་སྤྱི་ཟླ ༩ ཚེས ༢༩ ཉིན། བོད་རང་སྐྱོང་ལྗོངས་འཐབ་ཕྱོགས་གཅིག་གྱུར་ལས་ཁང་གི་འགན་འཛིན་གཞོན་པ་ཝུ་ཆིན་ཇུན་ཟེར་བས “ཏང་གི་ཚོགས་ཆེན་བཅུ་དགུ་བར་དགའ་བསུ་དང་། ཞུན་བརྡར་མདུན་སྐྱོད་ཀྱི་ལོ་ལྔའི་འཕེལ་རྒྱས་གྲུབ་འབྲས” ཞེས་པའི་ཏང་གི་འཛུགས་སྐྲུན་ལས་རིམ་སྐོར་གྱི་གསར་འགྱུར་གསལ་བསྒྲགས་ཐེངས་གསུམ་པའི་སྟེང་། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན ༡༨ པའི་ཚུན་ཆད་ཀྱི་ལོ་ལྔའི་བོད་རང་སྐྱོང་ལྗོངས་ཀྱི་ནང་བསྟན་དགོན་སྡེ་ཁག་དང་གྲྭ་བཙུན་ལ་དོ་དམ་བྱེད་ཕྱོགས་ཐད་ཀྱི་སྲིད་ཇུས་རིགས་ལ་སྤྱི་བསྡོམས་ཤིག་བརྒྱབས་ཡོད་པ་དང་། དེ་ཡང་ཝུ་ཆིན་ཇུན་ཟེར་བས་གསར་འགྱུར་གསལ་བསྒྲགས་དེའི་སྟེང་། འདས་པའི་ལོ་ལྔ་ཡི་ནང་། དགོན་པ་དང་གྲྭ་བཙུན་ལ་དོ་དམ་གཏིང་ཟབ་བྱེད་ཆེད། དགོན་སྡེ་ཁག་གཞི་རྩའི་སྤྱི་ཚོགས་རྩ་འཛུགས་ཤིག་དང་། གྲྭ་བཙུན་རྣམས་མི་སེར་དང་གྲོགས་པོའི་འདུ་ཤེས་བཟུང་ནས་ཆོས་ལུགས་ལས་དོན་དང་། དགོན་པའི་ལས་དོན། གྲྭ་བཙུན་ལས་དོན་དེ་གལ་ཆའི་མང་ཚོགས་ཀྱི་ལས་དོན་ཞིག་གི་ཚད་དུ་བཞག་ནས། རྒྱ་ཆེ་བའི་ཆོས་ལུགས་མི་སྣ་དང་དགོན་པའི་གྲྭ་བཙུན་ཚོས་རྒྱལ་གཅེས་ཆོས་གཅེས་གྱི་དར་ཆའི་འོག་རྡོག་རྩ་གཅིག་ཏུ་སྒྲིལ་ནས་ཆོས་ལུགས་ཞི་བདེ་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་དག་བདེ་བླག་ངང་སྤེལ་ནས། དགོན་པ་འཆམ་མཐུན། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཡང་དག་པའི་ལམ་ནས་འཕེལ་རྒྱས། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་གཉིས་གཅིག་ལ་གཅིག་བསྟུན་ངང་འཕེལ་རྒྱས་བྱུང་ཡོད་ལུགས་བསྒྲགས་པ་དང་ཆབས་ཅིག བོད་རང་སྐྱོང་ལྗོངས་ཀྱི་དགོན་སྡེ ༡༧༨༧ ཡོད་པར་ཚང་མར་དོ་དམ་ལས་ཁང་དང་། ཏང་གི་རྩ་འཛུགས། འགོ་ཁྲིད་ཚོགས་ཆུང་། ལས་བྱེད་རུ་ཁག ལས་དོན་ཕན་ནུས། གཏན་ཕན་གྱི་ལས་ཁང་བཅས་གསར་དུ་བཙུགས་ནས་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་ཏུ་ཡོངས་སུ་ཁེབས་པ་དང་ཏང་གི་ལས་བྱེད་པ་དགོན་པར་རྒྱུན་དུ་སྡོད་རྒྱུ་རྒྱུན་རྣམ་ཏུ་གྱུར་ལུགས། དེ་མིན་ཡང་ཁོང་གིས། དགོན་པར་རྒྱུན་སྡོད་ཏང་གི་ལས་བྱེད་པ་དག་གིས་དགོན་པའི་གྲྭ་བཙུན་ཁྲོད་ཉུང་མཐའ་ཡང་གྲོགས་པོ་གཅིག་སྒྲིག་རྒྱུ་དང་། ནང་མིར་ལྟ་སྐོང་ཐེངས་གཅིག་བྱེད་རྒྱུ། བྱ་བ་གཅིག་སྒྲུབ་རྒྱུ། ལོ་རྒྱུས་ཡིག་ཚགས་གཅིག་བཟོ་རྒྱུ། འབྲེལ་ལམ་གཅིག་བཟོ་རྒྱུ་བཅས་ཐབས་ལམ་ལ་བརྟེན་ནས་དགོན་པ་དོ་དམ་ལས་ཁང་དང་། དགོན་པར་སྡོད་པའི་ལས་བྱེད་པ་། གྲྭ་བཙུན། གྲྭ་བཙུན་གྱི་ནང་མི་བཅས་མཉམ་འབྲེལ་གྱི་འཆམ་མཐུན་དགོན་པའི་ནུས་ལྡན་སྒྲིག་འཛུགས་ཤིག་ཆགས་ཡོད་ཚུལ་བརྗོད་ཡོད་པ་རེད།
དེ་བཞིན་དུ་དགུ་ཡོད་པ་ཞེས་པའི་སྲིད་ཇུས་ཞིག་ཀྱང་ལག་ལེན་དུ་བསྟར་ནས་ལེགས་འགྲུབ་བྱུང་ཡོད་ལུགས་གསལ་བསྒྲགས་བྱས་ཡོད་པ་དང་། དེ་ཡང་དགུ་ཡོད་པ་ཞེས་པ་ནི། བོད་རང་སྐྱོང་ལྗོངས་ཀྱི་དགོན་པ ༡༧༨༧ཚང་མ་རུ་དབུ་ཁྲིད་ཀྱི་སྐུ་པར་ཡོད་པ། རྒྱལ་དར་ཡོད་པ། ཏང་གི་ཚགས་པར་ཡོད་པ། རིག་གཞུང་དཔེ་ཁང་ཡོད་པ། བརྙན་འཕྲིན་དང་རླུང་འཕྲིན་གློག་བརྙན་ཡོད་པ། ལམ་ཡོད་པ། ཆུ་ཡོད་པ། བརྡ་འཕྲིན་ཡོད་པ་བཅས་དེ་དག་ཚང་མ་ད་ལྟ་དངོས་སུ་མངོན་པར་གྱུར་ཡོད་ཚུལ་བསྒྲགས་པའི་མ་ཚད། ལྗོངས་ཡོངས་ཀྱི་དགོན་སྡེ་རེ་རེའི་ནང་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་དང་དྲིལ་བསྒྲགས་ལས་དོན་རིགས་བསྟུད་མར་སྤེལ་ནས་ད་ལྟ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད་ལུགས་སོགས་གྲུབ་འབྲས་ཆེན་པོ་ཞིག་གི་ཚུལ་གྱིས་གསལ་བསྒྲགས་ཞུས་འདུག
གོང་ཞུས་བོད་རང་སྐྱོང་ལྗོངས་འཐབ་ཕྱོགས་གཅིག་གྱུར་ལས་ཁང་གི་འགན་འཛིན་གཞོན་པ་ཝུ་ཆིན་ཇུན་ཟེར་བའི་འདས་པའི་ལོ་ལྔ་ཡི་ནང་བོད་ལྗོངས་ཀྱི་དགོན་སྡེ་ཁག་དང་གྲྭ་བཙུན་ལ་དམིགས་པའི་སྲིད་ཇུས་དང་སྲིད་ཇུས་དེ་དག་གི་གྲུབ་འབྲས་སྤྱི་བསྡོམས་བྱས་པ་ལས། མི་རྣམས་པས་ཤེས་ཐུབ་པ་ཞིག་ནི། རྒྱ་ནག་གཞུང་གིས་སྤྱིར་ན་བོད་དོན་དང་། ནང་སྒོས་སུ་བོད་ཀྱི་དགོན་སྡེ་དང་གྲྭ་བཙུན་ལ་ཁ་གཏད་པའི་སྲིད་ཇུས་རིགས། སྔོན་ཆད་དང་བསྡུར་ན། ཞིབ་ཚགས་ཀྱི་རང་བཞིན་ཅན། རྩ་འཛུགས་ཀྱི་རང་བཞིན་ཅན། ཏང་གི་སློབ་གྲྭའི་རང་བཞིན་ཅན་དུ་བསྒྱུར་ཡོད་པས། ཞིབ་འཇུག་གཏིང་ཟབ་ལས་བྱུང་བའི་སྲིད་ཇུས་དེའི་རིགས་བོད་ཀྱི་དགོན་སྡེ་ཁག་ཏུ་ལག་ལེན་མཐར་ཕྱིན་བྱས་པའི་འབྲས་བུ་རུ། བོད་ཀྱི་དགོན་སྡེ་ཁག་སྲོལ་རྒྱུན་གྱི་གོ་དོན་ལྟར་ནང་བསྟན་རིག་གནས་རྒྱུད་འཛིན་དང་སློབ་སྦྱོང་། དར་སྤེལ་བྱེད་སའི་བསྟི་གནས་ཞིག་མིན་པར། བོད་ཀྱི་དགོན་པའི་ངོ་བོ་དང་རང་བཞིན་ལ་འགྱུར་བ་ཆེན་པོ་ཐེབས་ནས། དགོན་པའི་རྣམ་པ་ཡལ་ལ་ཁད་ཀྱི་ཉེན་ཁར་ཐུག་ཡོད་པས། དེང་གི་རྒྱ་ནག་གཞུང་གི་དོ་དམ་འོག་གི་བོད་ཀྱི་དགོན་སྡེ་ཁག་མ་མཐའ་ཡང་ཕྱེད་དགོན་པ་དང་ཕྱེད་ཏང་གི་སློབ་གྲྭ་ལྟ་བུ་ཞིག་ཏུ་ཆགས་ཡོད་པ་གོང་ཞུས་གསལ་བསྒྲགས་དེས་ངང་གིས་བསྒྲུབས་ཡོད།
ཉེ་ལམ་གསེར་རྟ་བླ་རུང་ཆོས་སྒར་དུ་རྒྱ་ནག་གཞུང་གིས་ཏང་གི་རྩ་འཛུགས་བཙུགས་པར་རྒྱལ་སྤྱིའི་སྟེང་དོ་ཁུར་མི་ཆུང་བ་ཞིག་བྱས་ཡོད་མོད། འོན་ཀྱང་། བོད་རང་སྐྱོང་ལྗོངས་ཀྱི་དགོན་སྡེ་ཁག་ཏུ་ཏང་གི་རྩ་འཛུགས་ལོ་འགའི་སྔོན་ནས་བཙུགས་ཟིན་པ་རེད།
འདས་པའི་ལོ་ཤས་སུ་རྒྱ་ནག་གཞུང་གི་བོད་དོན་ཐད་ཀྱི་ལྟ་ཚུལ་ལ་འགྱུར་བ་ཐེབས་པ་དང་མཉམ་དུ་སྲིད་ཇུས་རིགས་ལག་ལེན་དུ་བསྟར་སྟངས་ལའང་འགྱུར་བ་ཐེབས་ཡོད། སྔོན་ཆད་བོད་རང་སྐྱོང་ལྗོངས་དང་གཞན་མཚོ་སྔོན་དང་སུ་ཁྲོན། ཀན་སུའུ། ཡོན་ནན་སོགས་ཞིང་ཆེན་གྱི་ཁོངས་སུ་དབྱེ་བའི་བོད་ཁུལ་གཉིས་གཞི་གཅིག་ཏུ་ངོས་འཛིན་བྱེད་ཀྱིན་མེད། ཡིན་ན་ཡང་། ༢༠༠༨ལོའི་ས་བྱི་ཞི་རྒོལ་ཆེན་མོའི་རྗེས་སུ་བསྐོངས་པའི་བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་བ་ནས་བོད་ཁུལ་ཀྱི་གནད་དོན་ཚང་མ་གཞི་གཅིག་གམ་ངོས་གཅིག་གི་སྟེང་ནས་ལྟ་བ་དང་སྲིད་ཇུས་གཏན་འབེབས་བྱེད་སྲོལ་ཆགས་པ་རེད། དཔེར་ན་ད་གོང་ནས་ཞུས་པའི་ཉེ་ལམ་བླ་རུང་ཆོས་སྒར་དུ་ཏང་གི་རྩ་འཛུགས་བཙུགས་པ་དེ། བོད་རང་སྐྱོང་ལྗོངས་སུ་གཏན་འབེབས་དང་ལག་བསྟར་བྱས་ཟིན་པའི་སྲིད་ཇུས་ཤིག་རེད། དེ་བཞིན་ཉེ་བའི་ལོ་ཤས་ནས་ཨ་མདོ་དང་ཁམས་སོགས་སུ་བོད་རིགས་སློབ་འབྲིང་མཐར་ཕྱིན་པ་ཚོ་རྒྱ་ནག་ནང་ལོགས་སུ་གཏོང་བའི་སྲོལ་དེ་ཡང་དེ་སྔོན་བོད་ལྗོངས་སུ་ལག་བསྟར་བྱས་ཟིན་པའི་སྲིད་ཇུས་ཤིག་རེད། དེ་མིན་སློབ་གྲྭ་ཁག་ཏུ་བོད་ཀྱི་སྐད་ཡིག་གཅིག་པུ་ལས་གཞན་བསླབ་གཞི་ཚང་མ་རྒྱ་ཡིག་གིས་ཁྲིད་རྒྱུ་སོགས། གང་ལྟར་ཞིབ་ཏུ་དཔྱད་ན། བོད་དང་འབྲེལ་ཡོད་སྲིད་ཇུས་མང་པོ་ཞིག་ཐོག་མར་བོད་རང་སྐྱོང་ལྗོངས་སུ་གཏན་འབེབས་དང་ལག་ལེན་དུ་བསྟར་ནས་ཚོད་ལྟ་བྱས་རྗེས། གྲུབ་འབྲས་ལ་གཞིགས་ནས་བོད་ཁུལ་གཞན་དག་ཏུ་སྤེལ་གྱིན་པའི་བཟོ་འདྲ་བོ་ཞིག་འདུག
རྒྱ་ནག་དེང་གཞུང་གི་བོད་ཐད་ཀྱི་སྲིད་ཇུས་རིགས་གཏན་འབེབས་དང་ལག་ལེན་བསྟར་སྟངས་ལ་གཞིགས་ན། བོད་ཁུལ་ཡོངས་རྫོགས་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་རྒྱ་ནག་གི་སྲིད་ཇུས་རིགས་ལ་གདོང་ལེན་དང་ཁ་གཏད་ལྕོགས་དགོས་པ་ཁ་ཚ་དགོས་གཏུག་ཡིན་པ་འདྲ། སྲིད་ཇུས་གང་ཞིག་དེང་ཐོག་འགོ་ཚུགས་དུས་མ་འོངས་པ་དང་དེའི་མཇུག་འབྲས་ལ་གཞིག་པའི་གདོང་ལེན་ཡག་པོ་ཞིག་བྱེད་མ་ཐུབ་ན། གཞུག་མ་ཚོར་བཤད་པའི་ཁ་དང་བྱེད་པའི་ཐབས་དང་བྲལ་ནས་སྔོན་མའི་རྗེས་སུ་མི་ཞུགས་རང་ཞུགས་ཆགས་ཀྱིན་ཡོད་པ་ང་ཚོས་ཐེངས་གཅིག་མིན་གཉིས་མིན་དུ་མྱངས་ཟིན་པ་དེ་ལྟ་བུ་རེད།