ཞི་ཅིན་ཕེང་གི་འགོ་ཁྲིད་འདེམས་སྒྲུག་བྱེད་སྟངས།

2670.jpg
ཚོགས་ཆེན ༡༩པའི་སྟེང་གི་ཅང་ཙི་མིན།

ཞིན་ཧྭ་གསར་ལས་ཁང་གི་འགན་འཛིན་གྱིས་རྩོམ་ཡིག་སྤེལ་ནས། ཚོགས་ཆེན ༡༩ བའི་སྔོན་གྱི་མི་དོན་ནང་མོལ་དང་གྲབས་གཤོམ་གྱི་གསར་གཏོད་ཆེན་པོ་ཞིག་ནི། མི་རེ་རེ་བྱས་ནས་གླེང་མོལ་བརྒྱུད་དཔྱད་ཞིབ་བྱེད་པའི་རྣམ་པ་ཚུགས་པ་དེ་ཡིན་ཞེས་ཞི་ཅིན་ཕེང་གིས་ཁོང་གི་ལག་འོག་གི་མི་སྣ་འདེམས་སྒྲུག་བྱེད་སྟངས་ཕྱིར་བསྒྲགས་བྱས་ཡོད་པ་རེད།

རྒྱ་ནག་གི་ཆེས་མཐོ་དབུ་ཁྲིད་སྲོག་ཤིང་གི་འདེམས་སྒྲུག་བརྒྱུད་རིམ་དེ་ཕྱི་རོལ་ཡུལ་ལ་མཚོན་ན་གསང་བ་ལྐོག་གྱུར་གྱི་གནས་ཤིག་ཡིན། གུན་ཁྲན་ཏང་གི་དབུ་ཁྲིད་བརྗེ་སྤོ་ཡི་དུས་སྐབས་རེ་རེར་ཐུག་དུས། དབྱེ་ཞིབ་པ་ཚོས་ཚོད་དཔག་མི་ཉུང་བ་ཞིང་མི་བྱེད་རང་བྱེད་ཆགས་ཀྱིན་ཡོད།

སྤྱི་ཟླ ༡༠ ཚེས ༢༦ ཉིན། རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ལས་ཁང་གི་འགན་འཛིན་གྱིས་རྩོམ་ཡིག་རིང་ཐག་ཆོད་ཤིག་སྤེལ་ནས། རྒྱུན་སྲོལ་མ་ཡིན་པའི་སྒོ་ནས་ཐེངས་འདིའི་གུང་ཁྲན་ཏང་གི་ཚོགས་ཆེན ༡༩ པའི་སྔོན་གྱི་ནང་ཁུལ་གྱི་མི་དོན་བཀོད་སྒྲིག་བྱེད་སྟངས་ཕྱིར་བསྒྲགས་ཡོད་པ་རེད། ཁ་བྱང་ལ༼   དུས་རབས་གསར་བར་དབུ་ཁྲིད་པའི་སྲ་ཞིང་མཁྲེགས་པའི་ཐུན་མོང་གི་དབུ་ཁྲིད་དེ། ཏང་གི་དབུ་ཁྲིད་གསར་བའི་སྒྲིག་གཞི་བྱུང་སྟངས་ཀྱི་དངོས་བྱུང་གནས་ཚུལ༽   ཞེས་པའི་ནང་། གུང་ཁྲན་ཏང་གི་ཚོགས་ཆེན ༡༩ བའི་སྔོན་གྱི་མི་དོན་ནང་མོལ་དང་གྲབས་གཤོམ་གྱི་གསར་གཏོད་ཆེན་པོ་ཞིག་ནི། མི་རེ་རེ་བྱས་ནས་གླེང་མོལ་བརྒྱུད་དཔྱད་ཞིབ་བྱེད་པའི་རྣམ་པ་ཚུགས་པ་དེ་ཡིན་ཞེས་ཞི་ཅིན་ཕེང་གིས་ཁོང་གི་ལག་འོག་གི་མི་སྣ་འདེམས་སྒྲུག་བྱེད་སྟངས་ཕྱིར་བསྒྲགས་བྱས་ཡོད་པ་རེད།

རྩོམ་ཡིག་དེའི་ནང་། སྤྱི་ལོ ༢༠༡༧ ལོའི་ཟླ ༤ པའི་སྨད་ནས་ཟླ་དྲུག་པའི་བར། སྤྱི་ཁྱབ་དྲུང་ཆེ་ཞི་ཅིན་ཕེང་གིས་དམིགས་བསལ་ཆུ་ཚོད་གོ་སྒྲིག་བྱས་ནས། ད་ལྟ་གོ་གནས་ཁུར་བཞིན་པའི་ཏང་དང་རྒྱལ་ཁབ་གྱི་དབུ་ཁྲིད་བློ་མཐུན་ཚོ་དང་། དབུས་དམག་དོན་ལྷན་ཁང་གི་འཐུས་མི། དེ་བཞིན་ཏང་ནང་ཁུལ་གྱི་དབུ་ཁྲིད་རྒན་པ་རྣམ་དང་རེ་རེ་བཞིན་ནང་མོལ་བརྒྱུད། རྣམ་པ་ཚོའི་དགོངས་འཆར་དང་ལྟ་ཚུལ་ལ་གསན་ལེན་ཡག་པོ་བྱས་ཡོད་པ་དང་། ཁྱོན་བསྡོམས་པའི་མི ༥༧ དང་ནང་མོལ་བྱས་ལུགས་བཀོད་འདུག

རྩོམ་ཡིག་ནང་ཞིང་ཆེན་རིམ་པའི་དབུ་ཁྲིད་ཅིག་གིས་ད་ལོའི་སྤྱི་ཟླ ༥ བར་ཀྲོང་ནན་ཧེ་རུ་རེ་རེ་བྱས་ནས་གླེང་མོལ་བརྒྱུད་དཔྱད་ཞིབ་ཞེས་པའི་ནང་མོལ་ཁ་བརྡ་བྱས་པའི་རྗེས། རང་ཉིད་ཀྱི་མྱོང་ཚོར་བཤད་པ་ལུང་འདྲེན་བྱས་པའི་ནང་། འོས་སྦྱོར་གྱི་མི་སྣའི་གྲངས་ཀར་གཏན་ཁེལ་མེད་པར་ག་ཚོད་ཤེས་ན་དེ་ཚོད་བཤད་རྒྱུ་དང་། སེམས་ན་ཅི་ཞིག་ཡོད་ན་དེ་ལྟར་བཤད་རྒྱུ། བདེན་པ་བདེན་དྲང་། གང་དྲན་ན་དེ་ལྷུག་པོར་བཤད་ཆོག་པ་ཞེས་བཀོད་ཡོད་པ་རེད།

རྩོམ་ཡིག་གིས་འདི་ལྟ་བུའི་རེ་རེ་བྱས་ནས་གླེང་མོལ་བརྒྱུད་དཔྱད་ཞིབ་ཞེས་པའི་རྣམ་པ་གསར་བ་དེས་དེ་སྔའི་འོས་ཤོག་སྟེང་མོས་རྟགས་རྒྱག་པ་ལས་བྱུང་བའི་ཞན་ཆ་མང་པོ་ཞིག་སེལ་ཡོད་པས། ལྐོག་ན་ས་འོག་དར་འཐག་རིག་མེད་ཅིང་། མགོ་ནས་མཇུག་བར་ལུགས་མཐུན་ཚུལ་མཐུན་གྱི་ངང་ཚུལ་ལྡན་ལུགས་བཀོད་འདུག

ཞིན་ཧྭ་གསར་ལས་ཁང་གི་འགན་འཛིན་གྱི་རྩོམ་ཡིག་ནང་། གུང་ཁྲན་ཏང་གི་ཚོགས་ཆེན ༡༧ པ་དང ༡༨ པའི་སྐབས་སུ་ཚོགས་འདུས་འོས་སྦྱོར་གྱི་འདེམས་སྒྲུག་ལས་བྱུང་རྒྱུ་ཚོད་ལྟ་བྱས་ཀྱང་། རྣམ་པ་དེས་འོས་ཤོག་གི་ནུས་པ་འབུར་དུ་ཐོན་པ་མང་དྲགས་པས་རྐྱེན་གྱིས། ཞན་སྐྱོན་མང་པོ་ཞིག་བསླངས་པའི་ཁོངས་སུ། གང་འདོད་ཀྱིས་འོས་ཤོག་ལ་མོས་རྟགས་རྒྱག་པ། མི་དམངས་ཀྱི་འདོད་བློའི་བདེན་པའི་ཆ་བརླག་པ། ད་དུང་འབྲེལ་བའི་འོས་ཤོག ངོ་སོའི་འོས་ཤོག་སོགས་བྱུང་ཡོད་ཞེས་བཀོད་ཡོད་འདུག

༢༠༠༧ལོར་རྒྱ་ནག་གུང་ཁྲན་ཏང་གིས་འཁོར་རྒྱ་ངེས་ཅན་ཞིག་གི་ནང་ཁུལ་དུ་འོས་ཤོག་འཕེན་པའི་སྒོ་ནས་མཐོ་རིམ་དབུ་ཁྲིད་འདེམས་སྒྲུག་བྱེད་རྒྱུར་ཚོད་ལྟ་བྱས་ནས། སྐབས་དེར་བྱེད་སྒོ་དེ་ནི་གུང་ཁྲན་ཏང་ནང་ཁུལ་དམངས་གཙོའི་ཡར་རྒྱས་ཤིག་ལ་ངོས་འཛིན་བྱས་པ་རེད།

དབྱིན་ཇིའི་ཨོག་སི་ཧྥོ་ཌི Oxford སློབ་ཆེན་ཀྱི་རྒྱ་ནག་གནད་དོན་ཆེད་མཁས་པ་ཕཱ་ཊི་རེ་སི་ཡ་ཊོམ་ཊོན Patricia Thornton ལགས་ཀྱི་ཧྥ་རན་སི་གསར་ལས་ཁང་ལ། རྒྱ་ནག་གུང་ཁྲན་ཏང་གིས་དེ་སྔོན་གྱི་འོས་ཤོག་གི་ལམ་ནས་དབུ་ཁྲིད་འདེམས་སྒྲུག་བྱེད་རྒྱུའི་ཐབས་ལམ་དེ་དོར་བ་དེས། འགོ་ཁྲིད་འདེམས་སྒྲུག་གི་བརྒྱུད་རིམ་དེ་དེ་བས་ཀྱང་གསལ་ཆ་མེད་པར་གྱུར་བའི་ཁར། འཇིགས་སྐུལ་སོགས་བྱེད་ཐབས་ལ་བརྟེན་ནས་འདེམས་བསྐོའི་ལས་དོན་ལ་ཤུགས་རྐྱེན་བཟོ་རྒྱུའི་ཉེན་ཁ་ཇེ་ཆེར་སོང་ཡོད་པ་རེད་ཅེས་བཤད་འདུག

ཞིན་ཧྭ་གསར་ལས་ཁང་གི་འགན་འཛིན་གྱི་རྩོམ་ཡིག་དེས་དམིགས་བསལ་ངང་གོ་དབྱུང་བཏང་བའི་མཐོ་རིམ་དཔོན་པོ་གསུམ་སྟེ། རྒྱ་ནག་དབུས་ཆབ་སྲིད་རྒྱུན་ལས་ཟུར་པ་ཀྲུག་ཡོན་ཁང་དང་། རྒྱ་ནག་ཁྲོན་ཆིན་གྲོང་ཁྲེར་སྤྱི་ཁྱབ་པ་ཟུར་བ་སོང་ཀྲིན་ཚེ། དབུས་གཞུང་སྒྲུབ་ཁང་གི་འགན་འཛིན་ཟུར་པ་ལིན་ཇི་ཧྭ་བཅས་ཀྱི་མིང་བཏོན་ནས། ཁོང་ཚོས་ཚོགས་འདུས་འོས་སྦྱོར་ཀྱི་གོ་སྐབས་བཟུང་ནས་འོས་ཤོག་ཐོབ་ཐབས་བྱས་པ་མ་ཟད་འོས་ཤོག་ཉོ་ཐབས་སོགས་རྩ་འཛུགས་མིན་པའི་ལས་འགུལ་སྤེལ་ལུགས་སྐྱོན་འཛུགས་བྱས་ཡོད་པ་རེད། བཤད་སྟངས་དེས་གོང་ཞུས་སྟག་རྒན་དེ་གསུམ་གོ་དབྱུང་བཏང་ནས་བཙོན་ལ་འཇུག་དོན་དེ་ལྐོག་ཟ་རུལ་སུངས་ཙམ་མ་ཡིན་པར། གུང་ཁྲན་ཏང་ནང་ཁུལ་གྱི་དབང་ཆའི་འཐབ་རྩོད་དང་འབྲེལ་བ་ཡོད་པ་ཚོད་དཔག་བྱས་པར་རྒྱ་ནག་གཞུང་འབྲེལ་སྨྱན་བྱད་ཀྱིས་ཐོག་དང་པོར་ཐད་ཀར་མ་ཡིན་པའི་ལམ་ནས་བདེན་དཔང་བྱས་པ་རེད།

གུང་ཁྲན་ཏང་གི་ཚོགས་ཆེན ༡༩ པའི་སྟེང་། རྒྱལ་ཁབ་ཀྱི་གཙོ་འཛིན་གཞོན་པ་ལི་ཡོན་ཁྲོ་དང་དྲུང་ཆེ་ཁང་གི་དྲུང་ཆེ་ཡང་ཅིང་སོགས་མཐོ་རིམ་དཔོན་རིགས་ཁག་ཅིག “བདུན་འདུག་བརྒྱད་འགྲོ” ཅེས་པའི་ལོ་ཚད་ལས་བརྒལ་མེད་ཀྱང་། གོ་དབྱུང་བཏང་ཡོད་པས་ཕྱི་ཕྱོགས་སུ་ཚོད་དཔག་མང་པོ་བྱས་ཡོད། དེའི་སྐོར་ཞིན་ཧྭ་གསར་ལས་ཁང་གི་འགན་འཛིན་གྱི་རྩོམ་ཡིག་དེའི་ནང་། འགོ་ཁྲིད་ཀྱི་གོ་ས་དེ་ལྕགས་ཀྱི་ཞྭ་མོ་མ་རེད། ལོ་ཚད་རན་པ་ཙམ་གྱི་མུ་མཐུད་ནས་འདེམས་སྒྲུག་བྱེད་པའི་མི་ཁྱབ། དེ་ལས་ལྷག་པའི་གལ་ཆེ་ས་དེ་ཆབ་སྲིད་ཀྱི་རྣམ་འགྱུར། སྤྱོད་གཙང། ལས་དོན་གྱི་དགོས་མཁོ་སོགས་ཡིན་ཞེས་བྲིས་འདུག

རྩོམ་ཡིག་གིས། ཏང་གི་རྒྱལ་ཁབ་གྱི་དབུ་ཁྲིད་ཁག་ཅིག་གིས་ཏང་དང་མི་དམངས་ཀྱི་ཁེ་ཕན་གཙོ་བོར་བཟུང་ཡོད་ལ། རྒྱལ་ཁབ་འཕེལ་རྒྱས་དང་མི་རིགས་བསྐྱར་དར་གྱི་ལས་དོན་ལ་འགན་ཁུར་ལེན་གྱི་སྙིང་སྟོབས་བཅངས་ནས། རང་འགུལ་གྱི་གོ་གནས་ནས་བབ་ཏེ་ཤེས་འཇོན་གཉིས་ལྡན་དང་གཞོན་སྐྱེས་ཚོར་གོ་སྐབས་སྤྲད་ཡོད་པས། གུང་ཁྲན་ཏང་མིའི་བློ་རྒྱ་ཆེན་པོ་དང་ཡ་རབས་གཞུང་བཟང་མངོན་ཡོད། ཅེས་སོགས་བཀོད་འདུག

Advertisements