དམར་ཤོག་གུང་ཁྲན་ཚོགས་པའི་ཚོགས་ཆེན ༡༩ པ་གླེང་པ།

Screen Shot 2017-11-14 at 17.00.00.png
དབུས་ཆབ་སྲིད་རྒྱུན་ལས་བདུན།

སྐབས་ཤིག་གི་རིང་འ་འུར་ཟང་ཟིང་ཆེ་བའི་རྒྱ་ནག་དམར་ཤོག་གུང་ཁྲན་ཚོགས་པའི་ཚོགས་ཆེན ༡༩ པ་དེ་ཚོགས་ཞུགས་པ ༢༢༨༧ གྱི་ཐལ་མོའི་རྡེབ་སྒྲ་དང་ཏང་གི་མགྲིན་ཚབ་སྨྱན་བྱད་ཁག་གི་བསྟོད་དབྱངས་ཁྲོད་མཇུག་བསྒྲིལ་ནས་བདུན་ཕྲག་གསུམ་ལྷག་ཕྱིན་ཡང་། ཚོགས་ཆེན ༡༩ པའི་སྟེང་ཞི་ཅིང་ཕེང་གི་ཐོབ་ཤོར་དང་། ཆབ་སྲིད་ཚོགས་པའི་བར་གྱི་འགལ་ཟླ། ཆབ་སྲིད་རྒད་པོ་ཚོའི་ཤུགས་རྐྱེན་རྫོགས་ཡོད་མེད། ཆེས་མཐོའི་དབུ་ཁྲིད་གསར་བ་དག་གི་རྒྱབ་ལྗོངས་ལས་མ་འོངས་པའི་རྒྱ་ནག་གི་ཆབ་སྲིད་སྐྱོང་ལུགས་དང་ཁ་ཕྱོགས་ཐད་ཀྱི་ཚོད་དཔག དེ་མིན་ཞི་ཅིན་ཕེང་ལ་བལྟོས་མེད་ཀྱི་དབང་ཆ་ཐོབ་པས་བོད་དོན་སེལ་རྒྱུར་ཕན་ཐོགས་ཡོད་མེད་ལ་སོགས་པའི་ཐད་ཀྱི་རྩོད་གླེང་ད་དུང་ཡང་འཇགས་མེད།  གཤམ་དུ་རང་སྣང་གང་ཤར་གྱི་བསམ་ཚུལ་འགའ་ཡི་གེར་བཀོད་འདོད་བྱུང་།

ཞི་ཅིན་ཕེང་གི་ཐོབ་ཤོར།

ཉིན་བདུན་རིང་གི་གུང་ཁྲན་ཚོགས་པའི་ཚོགས་ཆེན ༡༩ པ་དེའང་དེ་སྔའི་གུང་ཁྲན་ཚོགས་པའི་ཚོགས་ཆེན་དག་ནང་བཞིན། མཛད་སྒོའི་ལས་བསྡོམས་སྙན་སྒྲོན་དང་མཇུག་གི་གསར་བྱུང་ཆེས་མཐོའི་དབང་འཛིན་མི་སྣ་དག་ལས་ལྟ་ས་གཞན་མ་མཆིས་ཤིང་། ཞི་ཅིན་ཕེང་གིས་བསམ་བཞིན་ཏུ་ཡིན་མིན་གང་ཤེས་མོད། ཆབ་སྲིད་རྒད་པོ་ཚོས་གཅིན་ཤོར་རེག་བར་དུས་ཡུན་ཆུ་ཚོད་གསུམ་དང་སྐར་མ་ཉི་ཤུ་རྩ་དྲུག་གི་ལས་བསྡོམས་སྙན་སྒྲོན་དེ་ཟིན་ཐོ་གསར་བ་ཞིག་ཡིན་སྲིད། འོན་ཀྱང་ཡིག་འབྲུ་ཁྲི་གསུམ་ལྷག་གི་ལས་བསྡོམས་སྙན་སྒྲོན་དེར་གཞུང་ལུགས་གསར་བ་ཞིག་གམ། ཡང་ན་དབུ་ཁྲིད་སྔོན་མ་ཚོ་ལས་རྦད་དེ་མ་འདྲ་བའི་འབུར་ཐོན་ཁྱད་ཆོས་ཤིག་ཡོད་པ་མཐོང་མ་སོང་ལ། ལས་བསྡོམས་སྙན་སྒྲོན་ནང་ཐེངས ༣༦ ལ་གླེང་པའི “དུས་རབས་གསར་བ” ཞེས་པའི་ཚིག་དེར་གོ་རྒྱུ་གསར་བ་ཞིག་ཡོད་པ་དེ་བས་ཀྱང་ཚོར་མ་སོང་།

དེ་འདྲ་ཡིན་མོད་ཀྱང་། ཞི་ཅིན་ཕེང་གིས་འདས་པའི་ལོ་ལྔའི་རིང་གཡོ་ཁྲམ་དང་འཇིགས་སྐུལ་གྱིས་བསྐྲུན་པའི་སྲིད་དབང་སྒེར་གཅོད་ལམ་ལུགས་ལ་རྒྱ་ནག་གི་མཐོ་རིམ་དབང་འཛིན་ཚོགས་པས་བྱིན་གྱིས་བརླབས་པར་བརྟེན། ཞི་ཅིན་ཕེང་གི་རྩ་འཛིན་གྱི་གོ་ས་དང་དངོས་ཡོད་དབང་ཤེད་གཉིས་རབ་ཏུ་ཤིན་ཏུ་ཇེ་བརྟན་ཇེ་ཆེར་ཕྱིན་ཡོད་པས། དབང་ཆའི་ཡང་རྩེར་སོན་པར་ངོས་འཛིན་བྱས་ཀྱང་མ་རུང་མ་འཐུས་པ་མེད་པར་སྙམ། དེ་བཞིན་དུ་ཞི་ཅིན་ཕེང་གིས་རང་གི་རུས་མིང་གུང་ཁྲན་ཚོགས་པའི་སྒྲིག་ཡིག་ཏུ་བཀོད་པ་དེས་ཞི་ཅིན་ཕེང་གི་དབང་ཤེད་ཅང་ཙེ་མིན་དང་ཧོའུ་ཅིན་ཐའོ་ལས་བརྒལ་ཏེ་མའོ་ཙེ་ཏུང་དང་ཏེང་ཞོ་ཕེང་གི་རྗེས་ཆོད་པ་མཚོན་ཡོད་ལ། གལ་འགངས་ཆེ་བ་ཞིག་ནི་ཁྲིམས་ཀྱི་བཙན་ས་དང་སྲིད་ཀྱི་མཐོ་ས། ལུགས་ཀྱི་མལ་ས་བཅས་པ་ཐོབ་ནས་ཏང་གི་དབུ་ཁྲིད་དང་རྒྱལ་ཁབ་ཀྱི་གཙོ་འཛིན་ཉག་གཅིག་དེར་ཆགས་ཡོད། དེ་མིན་པའི་ཐོབ་པ་ཞིག་ནི་ཏེང་ཞོ་ཕེང་ནས་དར་སྲོལ་ཆགས་པའི “རྒྱུན་འཛིན་པའི་ལམ་ལུགས” གཏོར་ནས། ཐེངས་འདིར་གཏན་ཁེལ་བའི་ཆེས་མཐོའི་དབུ་ཁྲིད་ཆབ་སྲིད་རྒྱུན་ལས་གསར་བ་བདུན་གྱི་ཁོངས་སུ ༦༠ལོའི་རྗེས་ཀྱི་མི་གཅིག་ཀྱང་མེད་སྟབས། མ་འོངས་ཞི་ཅིན་ཕེང་གི་རྒྱུན་འཛིན་པ་འདི་རེད་བསམ་པའི་མཛུད་མོ་འཛུགས་ས་ཞིག་མེད། རྒྱུ་མཚན་དེར་གཞིགས་ནས་ཞི་ཅིང་ཕེང་གིས་སྲིད་འཛིན་དུས་ཡུན་རྫོགས་རྗེས་མུ་མཐུད་ནས་སྲིད་དབང་འཛིན་སྲིད་པར་མི་རྣམ་པར་དོགས་བློ་བསླངས་ཡོད།

དེ་ལས་གཞན་དབུས་ཆབ་སྲིད་འཐུས་མི ༢༥འི་ནང་ན་ཞི་ཅིན་ཕེང་ཕྱོགས་གཏོགས་ཀྱི་མི ༡༥ ཡོད་པ་དེ་ཞི་ཅིན་ཕེང་གིས་ཚོགས་ཆེན ༢༠ པར་གཞིགས་པའི་ཐོབ་པ་གཞན་ཞིག་ཅི་ལ་མིན།

འོ་ན་ཞི་ཅིན་ཕེང་གི་ཤོར་བ་གང་ཡིན་ཞེ་ན། དབུས་ཆབ་སྲིད་རྒྱུན་ལས་བདུན་པོ་དེ་ཆབ་སྲིད་ཚོགས་ཁག་གསུམ་གྱིས “གཉིས་གཉིས་གསུམ” བྱས་ནས་མཉམ་བགོ་བྱས་ཡོད་པ་ལས་ཞི་ཅིན་ཕེང་ཆབ་སྲིད་རྒད་པོ་ཚོའི་དབང་ཆའི་ཤུགས་རྐྱེན་འོག་ནས་ད་དུང་ཡང་ཡོངས་སུ་འགྲོལ་ཐུབ་མེད་པ་མཚོན་ཡོད། དེ་མིན་ཏེང་ཞོ་ཕེང་གི་སྐབས་སུ་ཆགས་པའི་ཡིག་ཐོག་མིན་པའི “བདུན་འདུག་བརྒྱད་འགྲོ” ཞེས་པའི་ལམ་ལུགས་དེ་སོར་འཇོག་བྱས་ཡོད་པ་དེ་ཞི་ཅིན་ཕེང་གི་ཤོར་བ་ཞིག་ལ་ངོས་འཛིན་བྱས་ཆོག་ལ། ད་དུང་གུང་ཁྲན་ཏང་གི་སྒྲིག་སྲོལ་ལ་བཅོས་བསྒྱུར་བརྒྱུད་ཏང་གི་དྲུང་ཆེའམ་ཧྲུའུ་ཅི་ནས་ཀྲུའུ་ཞིའམ་གཙོ་འཛིན་དུ་བསྒྱུར་ཐུབ་མེད་པ་དེ་ཤོར་བ་ཞིག་ཡིན་དང་ཡིན། གོང་ཞུས་དེ་དག་ནི་ཞི་ཅིན་ཕེང་གི་ཐོབ་ཤོར་གཙོ་བོ་ཁག་ཡིན།

ཁྱོད་ཤི་ང་གསོན་གྱི་ཆབ་སྲིད་འཐབ་རྩོད་ཁྲོད་རྣམ་པར་རྒྱལ་བ་དེས་ཞི་ཅིན་ཕེང་གི་ཆབ་སྲིད་རྣམ་དཔྱོད་དང་བློ་རིག་མི་དམན་པ་མཚོན་ཡོད་པས་མ་ཚད། རྒྱུན་ལྡན་མ་ཡིན་པའི་ཐབས་ཤེས་ཏེ། དཔེར་ན་རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ལས་ཁང་གིས་བརྟོལ་བའི་ཞི་ཅིན་ཕེང་གིས་གུང་ཁྲན་ཚོགས་པའི་དབུ་ཁྲིད ༥༧ ལ་གདོང་དང་གདོང་ཐུག་ནས་གྲོས་མོལ་བྱས་པས་མཚོན་རྒྱུན་སྲོལ་མ་ཡིན་པའི་ཐབས་ཤེས་ལ་བརྟེན་ཡོད་པ་གསལ་བོ་རེད། ཞི་ཅིན་ཕེང་གི “མི་རེ་རེ་བྱས་ནས་གླེང་མོལ་བརྒྱུད་དཔྱད་ཞིབ་བྱེད་པ” ཡི་འགོ་ཁྲིད་འདེམས་སྒྲུག་བྱེད་ཐབས་དེ་སྐབས་བསྟུན་བློ་ཇུས་ཤིག་ཡང་ན་འཇིགས་སྣང་ཆེ་བའི་གཡོ་ཁྲམ་ཞིག་ཡིན་སྲིད།

ཆབ་སྲིད་པ་ཞིག་ལ་མཚོན་ན་སྐབས་བསྟུན་བློ་ཇུས་ཡོད་ཆོག་ལ་དགོས་ངེས་ཅན་ཞིག་ཀྱང་ཡིན་མོད། འོན་ཀྱང་། སྐབས་བསྟུན་བློ་ཇུས་ཁོ་ནར་བསྟུན་ཚེ་དོན་ཆེན་མི་འགྲུབ། དེ་ལས་ཀྱང་གལ་ཆེ་ཤོས་དེ་ནི་ཆབ་སྲིད་ཀྱི་མིག་རྒྱང་དང་བློ་ཁོག་ཡིན། ཚོགས་པ་གཅིག་གིས་མི་གཅིག་གིས་སྒེར་སྡེམ་བྱེད་པའི་ལམ་ལུགས་དོར་ནས་རྒྱལ་ཁབ་དང་མི་རིགས། མི་དམངས་ཀྱི་བདེ་སྡུག་བསམ་ན་མ་གཏོགས་སྐབས་བསྟུན་བློ་ཇུས་ནི་ཐབས་ལམ་འབའ་ཞིག་ལས་མ་འདས་ན་སྤྱི་ཁོག་གི་གནས་སྟངས་ལ་ཕན་ཐོགས་ཆེར་མེད།

རྒྱུན་འཛིན་པ་གཏན་ཁེལ་མ་བྱས་པ་དེ་ཞི་ཅིན་ཕེང་ལ་མཚོན་ན་གཅིག་བགྱིས་ན་རྒྱལ་ཁ་ཞིག་ཡིན་ཡང་། རྒྱ་ནག་གི་དམངས་གཙོའི་འཕེལ་རྒྱས་ལ་མཚོན་ན་ཕྱི་ནུར་ཞིག་དང་ཕམ་ཁ་ཞིག་ཡིན། རྒྱ་ནག་མི་དམངས་དཀྱུས་མ་ཚོར་མཚོན་ན་མི་བདུན་གྱིས་དབང་ཆ་བཟུང་བ་དང་མི་གཅིག་གི་དབང་ཆ་བཟུང་བ་གཉིས་ལ་ཁྱད་པར་ཆེར་མེད། མའོ་ཙེ་ཏུང་གི་སྲིད་དབང་སྒེར་གཅོད་ལམ་ལུགས་འོག་རྒྱ་ནག་ནང་དུ་ལས་འགུལ་གཅིག་རྗེས་གཉིས་མཐུད་ཀྱིས་བྱུང་སྟེ། རྒྱ་ནག་མི་དམངས་ཀྱི་ཚེ་སྲོག་དང་རྒྱ་ནག་གི་འཕེལ་རྒྱས་ལ་གོད་ཆགས་ཆེན་པོ་བྱུང་སྟབས། རིག་གསར་གྱི་རྗེས་སུ་དེ་ལྟ་བུའི་མིས་བཟོས་གནོད་འཚེ་ཡང་བསྐྱར་བྱུང་རྒྱུར་འགོག་ཐབས་སུ་ཏེང་ཞོ་ཕེང་སོགས་ཀྱིས “ཐུན་མོང་དབང་འཛིན་ལམ་ལུགས” ཏེ “རྒྱུན་ལས་ལམ་སྲོལ” དེ་གཏན་འབེབས་དང་ལག་ལེན་དུ་བསྟར་བ་རེད། ཞི་ཅིན་ཕེང་གིས་མའོ་ཕེ་ཏུང་ལ་ལད་མོ་བྱས་ནས་མི་གཅིག་གིས་སྲིད་དབང་སྒེར་གཅོད་བྱེད་འདོད་ཀྱི་སྦྱོར་བ་དེ་རྒྱ་ནག་མི་དམངས་ཀྱི་བློ་ཕམ་པའི་གནས་ཚུལ་ཞིག་ཡིན་པ་མ་ཟད། འཛམ་གླིང་ཧྲིལ་བོའི་ཡིད་སྐྱོ་བའི་གནས་ཚུལ་ཞིག་ཀྱང་ཡིན།

གང་ལྟར་ཐུན་མོང་གི་འགོ་ཁྲིད་ལམ་ལུགས་ལ་རྫོགས་ཚིག་བཀོད་པའི་དུས་རབས་གསར་བ་དེ་ཞི་ཅིན་ཕེང་གིས་དབང་ཆ་སྒེར་གཅོད་ཀྱི་དུས་རབས་གསར་བ་དེ་ལོས་ཡིན།

དེ་ལས་གཞན་རྒྱ་ནག་གི་ཚོགས་འདུ་ཆེ་མ་ཆུང་གསུམ་དང་། གསར་འགྱུར་སྨྱན་བྱད་ཁག་ན་མོད་པོ་མཐོང་རྒྱུ་གོ་རྒྱུ་རིག་རྒྱུ་ཡོད་པའི “དུས་རབས་གསར་བ” ཞེས་པའི་ཚིག་དེར་གོ་བ་གཞན་ཞིག་ཡོད་པ་ནི། མའོ་ཙེ་ཏུང་གི་དུས་རབས་ནི་རྒྱ་ནག་ཡར་ལངས་པའི་དུས་རབས་གསར་པ། ཏེང་ཞོ་ཕེང་གི་དུས་རབས་ནི་རྒྱ་ནག་ཕྱུག་འགྱུར་གྱི་དུས་རབས་གསར་པ། ཞི་ཅིན་ཕེང་གི་དུས་རབས་ནི་རྒྱ་ནག་སྟོབས་ཆེན་གྱི་དུས་རབས་གསར་པར་ངོས་འཛིན་བྱས་ཡོད་པར་སྙམ།

དབུས་ཆབ་སྲིད་རྒྱུན་ལས་བདུན་པོའི་གྲུབ་ཚུལ།

རྒྱ་ནག་གི་དབང་ཆ་མཐོ་ཤོས་ཀྱི་སྒྲིག་འཛུགས་ཏེ། རྒྱ་ནག་དབུས་ཆབ་སྲིད་རྒྱུན་ལས་བདུན་གྱི་འདེམས་སྒྲུག་བྱེད་སྟངས་དང་ཁོང་ཚོའི་རྒྱལ་ལྗོངས་སོགས་ལས་མ་འོངས་པའི་ཞི་ཅིན་ཕེང་གི་ཆབ་སྲིད་སྐྱོང་སྟངས་ལ་དབྱེ་ཞིབ་ཅུང་ཞིག་བྱས་ན། རྒྱུན་ལས་མི་ལྔ་ལས་གཉིས་མ་གཏོགས་གཞན་ལྔ་གསར་བ་ཡིན་ཞིང་། དེའི་ནང་ནས་ཀྱང་མི་གཉིས་ལ་དབྱེ་ཞིབ་ཀྱི་རིན་ཐང་ཅུང་ཞིག་ཡོད་པར་སེམས།

ཚོགས་ཆེན༡༩པའི་དབུས་ཆབ་སྲིད་རྒྱུན་ལས་བདུན་ལས་རྒྱ་ནག་གི ‘འབྲེལ་བའི་རིག་གནས’ འབུར་དུ་ཐོན་ཡོད།

རྩ་བའི་ཆ་ནས་ད་རེས་ཀྱི་རྒྱུན་ལས་བདུན་པོའི་འབྲེལ་བ་དེ་བདག་པོ་དང་གཡོག་པོ་ལྟ་བུའི་འབྲེལ་བ་ཡིན་ཞིང་། དེ་ཡང་བདག་པོ་གཅིག་དང་གཡོག་པོ་དྲུག འདི་དབྱེ་སྟངས་གཅིག་ཡིན། དེ་མིན་གཉིས་གཉིས་གསུམ་སྟེ། ཅང་ཙི་མིན་གྱི་ཧྲང་ཧེ་ཤོག་ཁག་ལ་མི་གཉིས། ཧན་ཀྲིང་དང་ཝང་ཧོའུ་ཉིན། ཧོའུ་ཅིན་ཐའོ་ཡི་གུང་ཆིན་ཚོགས་པར་མི་གཉིས། ལི་ཁི་ཆང་དང་ཝང་ཡང་། ཞི་ཅིན་ཕེང་གིས་དབུ་ཁྲིད་པའི་རྒྱལ་སྲས་ཚོགས་པར་མི་གསུམ། ཞི་ཅིན་ཕེང་དང་ལི་ཀྲན་ཧྲུ། ཀྲའོ་ལིག་ཇི། གོང་ཞུས་མི་བདུན་དེ་མི་དམངས་ཀྱིས་བདམས་པ་མིན་ལ། ཏང་ནང་ཁུལ་དུ་བདམས་པའང་མིན། དེ་བཞིན་དུ་ནུས་པ་དང་ཁྱད་ཆོས། ཉམས་མྱོང་ལྟར་ཐོན་པའང་མིན། ཁོང་ཚོའི་འདེམས་སྒྲུག་བྱེད་སྟངས་དེ་འབྲེལ་བ་ཁོ་ན་ལས་ཐོན་པ་རེད།

འདས་པའི་རྒྱ་ནག་གི་སྲིད་ལུགས་དང་འགྱུར་ལྡོག་ལ་གཞིགས་ན། ཆབ་སྲིད་ལམ་ཕྱོགས་དང་དབུ་ཁྲིད་ཀྱི་ནུས་པ་ལ་ཐད་ཀར་འབྲེལ་བ་ཆགས་ཡོད། དཔེར་ན་མའོ་ཙེ་ཏུང་དང་ཏེང་ཞོ་ཕེང། ཞི་ཅིན་ཕེང་གསུམ་ནི་མི་རྗེའི་དབུ་ཁྲིད་དུ་ངོས་འཛིན་བྱས་པ་ཇི་བཞིན་ཆབ་སྲིད་ལམ་ཕྱོགས་ཀྱང་ཁོང་རྣམ་པས་གཤིས་ཀ་དང་མི་རྗེའི་དབུ་ཁྲིད་བྱེད་སྟངས་ལྟར་གྲུབ་ཡོད། དེ་མིན་པའི་ཅང་ཙི་མིན་དང་ཧོའུ་ཅིན་ཐའོ་གཉིས་ཀྱི་དུས་ཡུན་རིང་མིའི་གཤིས་ཀ་དང་འབྲེལ་བའི་སྲིད་ལུགས་ཤིག་འབུར་དུ་ཐོན་མེད།

ནམ་རྒྱུན་གྱི་འགྲོ་ལུགས་ལྟར་ན་དབུས་ཆབ་སྲིད་རྒྱུན་ལས་སུ་རྒྱལ་ཁབ་རིམ་པ་དང་རྒྱལ་ཁབ་གཞོན་པའི་རིམ་པ་ཞེས་རིམ་པ་གཉིས་སུ་དབྱེ་སྲོལ་ཡོད་ལ། རྒྱལ་ཁབ་གཙོ་འཛིན་དང་། སྲིད་བློན། མི་ཆེན་ཚོགས་གཙོ། སྲིད་གྲོས་ཚོགས་གཙོ་བཅས་བཞི་ནི་རྒྱལ་ཁབ་རིམ་པའི་དབུ་ཁྲིད་ཡིན་ལ་དབང་ཆ་མཐོ་ཤོས་ཀྱི་མི་བཞིའང་ཡིན། གཞན་གསུམ་ནི་རྒྱལ་ཁབ་གཞོན་པའི་རིམ་པ་དེ་ཡིན། དབྱེ་སྟངས་འདི་ལྟར་བསམ་བློ་བཏང་ན། ཞི་ཅིན་ཕེང་གིས་གང་ཉིད་ཀྱི་ལོ་མང་རིང་གི་ཆང་གྲོགས། འཐབ་གྲོགས། སྙིང་ཉེ་བའི་བློས་ཐུབ་ཀྱི་གྲོགས་པོ་ལི་ཀྲན་ཧྲུ་མི་ཆེན་གྱི་ཚོགས་གཙོར་བསྐོས་པ་དེ་འཆར་གཞི་དང་དམིགས་ཡུལ་ཅན་ཞིག་ཡིན།

ཁྲིམས་ལུགས་དང་མི་དམངས་ཀྱིས་བསྐོས་པའི་དབུ་ཁྲིད་མིན་ཕྱིར། ལྷན་ཁང་ཞིག་ལ་དབང་ཆ་ག་འདྲ་ཞིག་ཡོད་མེད་དེ་དེ་ཡི་དབུ་ཁྲིད་ལ་ནུས་པ་ག་ཚོད་ཅིག་ཡོད་མེད་དང་འབྲེལ་བ་དམ་པོ་ཡོད། དཔེར་ན་ད་ལྟ་ཆིན་ཁྲིང་བཙོན་ཁང་དུ་ཡོད་པའི་ཀྲུག་ཡོང་ཁང་སྲིད་ཁྲིམས་ལྷན་ཁང་གི་དྲུང་ཆེ་ཡིན་སྐབས། ཀྲུག་གི་དབང་ཆ་སྐབས་དེའི་སྲིད་འཛིན་ཧོའུ་ཅིན་ཐའོ་ལས་ཀྱང་བརྒལ་བ་དང་། ནང་ཁུལ་བདེ་འཇགས་ཀྱི་འགྲོ་གྲོན་རྒྱལ་སྲུང་གི་འགྲོ་གྲོན་ལས་བརྒལ་བ་རེད། དེ་བཞིན་དུ་ཝང་ཆི་ཧྲན་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་དབུ་ཁྲིད་ཡིན་དུས་ཁྲིམས་ཁང་དང་ཞིབ་བཤེར་ཁང་། ཉེན་རྟོག་ཁང་སོགས་ནུས་མེད་དུ་གྱུར་ནས། སྔར་བྱུང་མྱོང་མེད་པའི་གནས་སྟངས་དེ་ཤར་བ་ལྟ་བུ་རེད།

སྤྱིར་བཏང་ཨ་རི་ལ་མཚོན་ན་སྲིད་འཛིན་ལ་བདམས་ནས་ལས་འཁུར་དམ་བཅའ་ཕུལ་བའི་ཉིན་ནས་བཟུང་དབང་ཆ་བརྒྱ་ཐམ་པ་ཁོང་ལ་ཡོད། ཡིན་ན་ཡང་རྒྱ་ནག་དེ་ལས་ལྡོག་དེ་ཞི་ཅིན་ཕེང་ལ་མཚོན་ན་ལོ་ལྔའི་རྗེས་སུ་ད་གཟོད་དབང་ཆ་ཐོབ་པ་རེད། ཧོའུ་ཅིན་ཐའོ་ལ་མཚོན་ན་ལོ་བཅུའི་རྗེས་སུ་ད་དུང་དབང་ཆ་ཟིན་མེད་པ་ལྟ་བུ་རེད། རྒྱུ་མཚན་གཙོ་བོ་ཞིག་ནི་ཁོང་ཚོའི་དབང་ཆ་དེ་མི་དམངས་ཀྱི་བསྐོས་པ་མ་ཡིན་པར་ས་འོག་དར་འཐག་ལས་བྱུང་བས་རེད།

གལ་ཏེ་གོང་ནས་ཞུས་པ་ནང་བཞིན་གུང་ཁྲན་ཏང་གི་ཚོགས་ཆེན༢༠བའི་རྗེས་སུ་ཞི་ཅིན་ཕེང་གིས་མུ་མཐུད་ནས་དཔེར་ན་སྲིད་འཛིན་ལམ་ལུགས་དང་། གུང་ཁྲན་ཚོགས་པའི་གཙོ་འཛིན་གྱི་ལམ་ལུགས་སོགས་ད་ལྟའི་ཆབ་སྲིད་ལམ་ལུགས་ལ་བཅོས་བསྒྱུར་བྱས་ནས་དབང་ཆ་འཛིན་འདོད་ཡོད་ཚེ། སྐབས་དེར་མི་ཆེན་ཚོགས་གཙོས་ནུས་པ་ཆེན་པོ་ཐོན་ངེས་ཡིན་སྟབས། ལི་ཀྲན་ཧྲུ་ཡི་གོ་སར་སྣང་མེད་དུ་འཇོག་མི་རུང་།

དེ་ལས་གཞན་ལོ་སུམ་ཅུ་ལྷག་གི་རྗེས་སུ་རྒྱ་ནག་གི་ཆེས་མཐོའི་དབང་ཆའི་སྒྲོམ་གཞིའི་ནང་ཐོན་པའི་རིག་པ་བ་ཝང་ཧོའུ་ཉིན་དང་ཨ་མདོ་བ་ཀྲའོ་ལིག་ཇི་གཉིས་རྒྱུན་ལས་གཞན་དག་ལས་ཅུང་མ་འདྲ་བར་གྱུར་ཡོད།

ཆབ་སྲིད་རིག་པ་བ་ཝང་ཧོའུ་ཉིན།

 

U559P4T47D40659F978DT20171025192422.jpg
ཝང་ཧོའུ་ཉིན།

མའོ་ཙེ་ཏུང་གི་སྐབས་སུ་ཁྲིན་པོ་ཏཱ་དང་ཡའོ་ཝིན་ཡོན་གྱིས་གཙོས་པའི་རིག་པ་བ་སྐོར་ཞིག་དབུས་ཆབ་སྲིད་རྒྱུན་ལས་ཆགས་ཡོད་མོད། དེའི་རྗེས་སུ་གུང་ཁྲན་ཏང་གི་ཚོགས་ཆེན ༡༡ པ་ནས ༡༨པའི་བར་རིག་པ་བ་ཞིག་དབུས་ཆབ་སྲིད་རྒྱུན་ལས་སུ་ཐོན་མྱོང་མེད། ཝང་ཧོའུ་ཉིན་ལ་ཤེས་པ་འབུམ་གྱི་རམས་པ་མེད་ཀྱང་། མི་རྣམ་པས་ཁས་ལེན་པའི་རྒྱལ་སྤྱིའི་ཆབ་སྲིད་རིག་པ་བ་ཞིག་ཡིན། དེ་སྔ་ཁོང་ཧྲང་ཧེ་ཧྥུ་ཏན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཡིན་སྐབས། སྐབས་དེའི་སྲིད་འཛིན་ཅང་ཙི་མིན་གྱི་བསྐྱེད་བསྲིང་བྱས་ཤིང་། དུས་དེ་ནས་བཟུང་རྒྱལ་པོ་གསུམ་གྱི་དབུ་བླའམ་བློ་འདོན་པ་ཡིན་པས། ཅང་ཙི་མིན་གྱི “འཐུས་ཚབ་གསུམ” དང་། ཧོའུ་ཅིན་ཐའོ་ཡི “ཚན་རིག་འཕེལ་རྒྱས་ལྟ་གྲུབ”། དེ་བཞིན་ཞི་ཅིན་ཕེང་གི “རྒྱ་ནག་གི་རྨི་ལམ” དང་། “རང་རྟོན་བཞི”། “ཡོངས་ཁྱབ་གཉིས”། “དུས་རབས་གསར་བའི་རྒྱ་ནག་གི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ” སོགས་ནི་ཝང་ཧོའུ་ཉིན་གྱི་སྨྱུག་རྩེ་ནས་ཐོན་པར་མི་རྣམ་པས་ཡིད་ཆེས་བྱེད་ཀྱིན་ཡོད། མི་རྣམ་པས་ཝང་ཧོའུ་ཉིན་ནི་ཀྲུང་ནན་ཧེ་ཡི་འདུན་ན་འདོན་ཆེ་བ་རུ་ངོས་འཛིན་བྱས་པ་ནང་བཞིན། རྒྱ་ནག་གི་ཁྱད་ཆོས་ཅན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་པའི་གཞུང་ལུགས་མ་ལག་གི་འཛུགས་སྐྲུན་པའི་གྲལ་གྱི་མི་སྣ་གལ་ཆེན་ཞིག་ཡིན།

དེ་བས་ཀྱང་བཤད་རིན་ཡོད་པ་ཞིག་ནི་ཝང་ཧོའུ་ཉིན་གྱི་རང་སྟེང་གི་ཁྱད་ཆོས་ཡིན། ཆབ་སྲིད་ནང་གོམ་པ་མ་སྤོས་གོང་ཝང་ཧོའུ་ཉིན་ནི་གྲུབ་འབྲས་ཅན་གྱི་རིག་པ་བ་ཞིག་ཡིན་ལ། གཙོ་ཆེ་ཤོས་དེ་འདུ་ཤེས་ཐད་ཀྱི་ལྟ་བ་དེ་དེང་གི་གཞུང་གི་དགོས་མཁོ་དང་། འཕེལ་ཕྱོགས། འདུ་ཤེས་འཛིན་སྟངས་དང་མཐུན་ཞིང་། “སྲིད་དབང་སྒེར་གཅོད་ཀྱི་འགོ་ཁྲིད་རྒྱུ” དང “དབུས་གཞུང་སྲོག་ཤིང་བྱེད་དགོས་པའི་ལྟ་བ”སོགས་འདོན་མྱོང་ཡོད།

རིག་པ་བ་ཞིག་ཡིན་པའི་ཆ་ནས་ཝང་ཧོའུ་ཉིན་ནི་ཤེས་ཚོར་རྣོན་པོ་ཅན་ཞིག་ཡིན། འོན་ཀྱང་དཔོན་ངན་ཞིག་གམ་སྲིད་དོན་པ་ཞིག་ཡིན་པའི་ཆ་ནས་ཧ་ཅང་གི་ཉམ་ཆུང་གི་བརྟུལ་ཞུགས་བཟུང་ནས་འགྲོ་ཤེས་འདུག་ཤེས་བཤད་ཤེས་བསམ་ཤེས་བྱས་ཡོད། ཝང་ཧོའུ་ཉིན་གྱིས་ཆབ་སྲིད་གཞུང་ལུགས་ཆགས་པའི་དེབ་བདུན་བརྒྱད་ཅིག་བརྩམས་ཡོད་མོད། ༡༩༩༥ ལོར་སྲིད་དོན་ནང་ཞུགས་རྗེས། ཝང་ཧོའུ་ཉིན་གྱིས་རིང་གི་མིང་སྟེང་ནས་རྩོམ་ཡིག་གཅིག་ཀྱང་སྤེལ་མྱོང་མེད།

ཝང་ཧོའུ་ཉིན་ནི “སྲིད་དབང་སྒེར་གཅོད་ཀྱི་འགོ་ཁྲིད་རྒྱུ” དང “དབུས་གཞུང་སྲོག་ཤིང་བྱེད་དགོས་པའི་ལྟ་བ” འདོན་མཁན་དེ་ཡིན་ཕྱིར། ཁོང་དང་དེང་གི་མི་རྗེའི་ཆབ་སྲིད་ཀྱི་ལྟ་བ་འབུར་དུ་ཐོན་མཁན་ཞི་ཅིན་ཕེང་གཉིས་སྲིད་སྐྱོང་གི་ལྟ་གྲུབ་ཐད་ནས་མ་བསྒྲིགས་རང་འགྲིག་ཡིན་པས་གཅིག་བགྱིས་ན་མ་འོངས་པའི་ཞི་ཅིན་ཕེང་གིས “སེངྒ་པོའི་མ་དཔེ” གཞི་རྒྱ་ཆེན་པོས་རྒྱ་ནག་ནང་འདྲེན་རྒྱུའི་ལས་དོན་ལ་དཔུང་རོགས་ཐོན་སྲིད་པ་རེད། འདི་སྐབས་སུ་བབ་པའི་བརྗོད་བྱ་མིན་པས་དེ་རིང་གླེང་གིན་མིན།

“ཨ་མདོ་བ” ཀྲའོ་ལིག་ཇི།

མི་རྣམས་པས་དོ་སྣང་སྤྲོད་བཞིན་པ་གཞན་ཞིག་ནི “ཨ་མདོ་བ་ཀྲའོ་ལིག་ཇི” རེད། ཀྲའོ་ལིག་ཇི་ལ “ཨ་མདོ་བ” ཟེར་དོན་ནི། ཀྲའོ་ལིག་ཇི་སྐྱེས་ས་དང་འཚར་ལོངས་བྱུང་ས། ལོ་ཉི་ཤུ་ལྷག་རིང་ཕྱག་ལས་གནང་ས་ཚང་མ་ཨ་མདོ་མཚོ་སྔོན་པོ་ཡིན་པས། ཨ་མེ་རི་ཀས་འགྲོ་ལུགས་ལྟར་ན་ས་གང་ནས་སྐྱེས་ན་དེ་ཡི་མི་སེར་ཡིན་པས། ཀྲའོ་ལིག་ཇི་སྐྱེས་ས་དེ་ཨ་མདོ་མཚོ་སྔོན་པོ་ཟི་ལིང་ཡིན་པས་ན “ཨ་མདོ་བ” ཞེས་རྩེད་མོའི་ཚུལ་དུ་བཏགས་པ་ཡིན།

U559P4T47D40659F979DT20171025192422.jpg
ཨ་མདོ་བ་ཀྲའོ་ལིག་ཇི།

ཀྲའོ་ལིག་ཇི་ལ་རྒྱུས་མངའ་ཡོད་མཁན་ཚོས་ཀྲའོ་ནི་མི་ནུས་མེད་ཅིག་ཡིན་ཟེར། མཚོ་སྔོན་དུ་ཡོད་སྐབས་ཚོང་ལས་དང་ཁེ་ལས་སོགས་སུ་ལས་ཀ་མང་པོ་བྱས་མཐར། ༡༩༩༣ ནས ༢༠༠༧ བར་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཁྱབ་པའི་ལས་རོགས། སྤྱི་ཁྱབ་པ། དམར་ཤོག་གུང་ཁྲན་ཚོགས་པའི་དྲུང་ཆེ་བཅས་གནང་བ་དང་། དེ་ནས ༢༠༠༧ ལོ་ནས ༢༠༡༢ བར་ཧྲན་ཞི་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ། ༢༠༡༢ལོ་ནས ༢༠༡༧ལོའི་ཟླ ༡༠ཚེས ༢༥བར་རྒྱ་ནག་དབུས་རྩ་འཛུགས་ལྷན་ཁང་གི་བློན་ཆེན་གནང་འདུག

གང་ལྟར་ཞི་ཅིན་ཕེང་གིས་དབང་ཆ་བཟུང་བ་དང་དུས་མཉམ་དུ་ཀྲའོ་ཡི་གོ་ས་ཡང་རིམ་གྱིས་འཕར་ཡོད་པར་གཞིགས་ན། དེ་ནི་ཀྲའོ་ཡི་ནུས་པ་ལས་བྱུང་བ་ཞིག་མིན་པར་ཞི་ཅིན་ཕེང་དང་ཀྲའི་ལིག་ཇི་གཉིས་ཀའི་ཕ་ཡུལ་ཧྲན་ཞི་ཡིན་པས་ས་ཕྱོགས་རིང་ལུགས་ཀྱི་ཆ་མེད་དམ་བསམ་བྱུང་།

ཀྲའོ་ལིག་ཇིས་པེ་ཅིང་སློབ་གྲྭ་ཆེན་མོར་སློབ་སྦྱོང་གི་དུས་ཡུན་ཐེ་བའི་མི་ལོ ༤༧ རིང་མཚོ་སྔོན་དུ་བསྡད་ཡོད་ཀྱང་། དོན་ངོ་མའི་བོད་རིགས་མང་ཚོགས་ཡོད་སའི་ས་ཁུལ་ཞིག་ཏུ་ཕྱག་ལས་གནང་མྱོང་མེད་ལ། གཅིག་རང་རྩིས་ཆོག་པ་དེ་ནི། ༡༩༧༤ལོར། “རིག་གསར” སྐབས “རིར་འཛེར་གྲོང་སྐྱོད” ཀྱི་སྲིད་ཇུས་འོག་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཧོའུ་ཏུང་ཞང་དགོན་པ་རུ་ཁག་ཏུ་ལོ་གཅིག་རིང་ངལ་རྩོལ་བྱས་མྱོང་འདུག དེ་མིན་པའི་ཕྱག་ལས་གནང་ས་ཟི་ལིང་གྲོང་ཁྱེར་རང་རེད།

ཞིབ་འཇུག་ལས་ཤེས་རྟོགས་བྱུང་པ་ལྟར་ན། ཀྲའོ་ཡི་ཨ་ཁུ་ཆུང་བ་ཀྲའོ་ཧྲིག་ཧྲན་དང་ཞི་ཡི་ཕ་དམ་པ་ཞི་ཀྲོན་ཞོན་གཉིས་ནུབ་བྱང་དམག་ཁུལ་དུ་དམག་སྤྱི་གཞོན་པ་དང་སྲིད་སྐྱོང་གི་འགན་ཁུར་བའི་འཐབ་གྲོགས་ཡིན་པ་མ་ཟད། ཕ་ཡུལ་ཧྲན་ཞི་ཡིན་པས་འབྲེལ་བའང་ཡག་པོ་ཡོད་འདུག ༡༩༦༢ལོའི་ཟླ ༩ པར། མའོ་ཚེ་ཏུང་གིས་སྲིད་བློན་གཞོན་པའི་གོ་ས་ཡོད་པའི་ཞི་ཀྲོན་ཞོན “ལིའུ་ཀྲི་ཏན་གྱོད་དོན” དང་འབྲེལ་བ་ཡོད་ལུགས་ལ་བསྙད་ནས “ཏང་གི་ངོ་ལོག་ཤོག་ཁག” གི་ཉེས་མིང་བཏགས་ནས་བཙོན་ལ་བཅུགས་ཤིང་། ཀྲའོ་ཧྲིག་ཧྲན་གྱི་གནས་ཚུལ་དེ་གོ་རྗེས། ཀྲུང་ནན་ཧེ་རུ་སོང་ནས་མའོ་ཙེ་ཏུང་ལ་དངོས་སུ་ཐུག་ནས་ཞི་ཀྲོན་ཞོན་ལ་དག་འབུལ་བྱས་པ་རེད།

Screen Shot 2017-11-14 at 16.48.24
ཀྲའོ་ལིག་ཇིའི་ཨ་ཁུ་ཀྲའོ་ཧྲིག་ཧྲན་དང་ཞི་ཅིན་ཕེང་གི་ཕ་དམ་པ་ཞི་ཀྲོན་ཞོན།

༢༠༠༧ ལོར་ཀྲའོ་ལིག་ཇི་ཧྲན་ཞི་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་ཡིན་སྐབས། ཧྲན་ཞི་ཞིང་ཆེན་ཧྥུ་ཕེང་ས་ཁུལ་ན་ཡོད་པའི་ཞི་ཀྲོན་ཞོན་གྱི་དུར་ས་རྒྱ་བསྐྱེད་འཛུགས་སྐྲུན་བྱས་ཏེ། “ཞི་ཀྲོན་ཞོན་གྱི་དྲན་རྟེན་ཁ” དུ་བསྒྱུར་ནས། གཞི་རྒྱ་དང་ཚད་གཞི་གནམ་བདེ་སྒོ་མོ་ཆེ་ན་ཡོད་པའི་མའོ་ཙེ་ཏུང་དྲན་རྟེན་ཁང་གི་དོ་ཟླ་ཆགས་ཡོད་སྐད།

Screen Shot 2017-11-14 at 16.49.09.png
ཀྲའོ་ལིག་ཇི་ཡིས་ཧྲན་ཞི་རུ་བསྐྲུན་པའི་ཞི་ཀྲོན་ཞོན་གྱི་དྲན་རྟེན་ཁང་།

མི་སྒེར་གྱི་ནུས་པའི་ཆ་ནས་བཤད་ན་ཀྲའོ་ཡིས་ཝང་ཆི་ཧྲན་ནང་བཞིན་གྱི་དབང་ཆ་ཞིག་འཛིན་མི་ཐུབ་ལ་དེ་འདྲ་ཞིག་འཛིན་ཡང་མི་དགོས། ཞི་ཅིན་ཕེང་གིས “བདུན་འདུག་བརྒྱད་འགྲོ” བའི་ལམ་སྲོལ་ལྟར་ཝང་ཆི་ཧྲན་ཉར་མེད་པ་ལས། འདས་པའི་ལོ་ལྔའི་རིང་ཝང་ཆི་ཧྲན་གྱིས་ཞི་ཅིན་ཕེང་དབང་ཆའི་རྩེར་སོན་རྒྱུའི་ལམ་ཁའི་འགོག་རྡོ་ཡོད་ཚད་སེལ་ཚར་ཡོད་པས་དགོས་མཁོ་ཆེར་མེད་པར་གྱུར་ཡོད་པ་ཤེས་ཐུབ། འོ་ན་ཞི་ཅིན་ཕེང་གིས་འབྱུང་འགྱུར་ལོ་ལྔའི་ནང་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་མུ་མཐུད་ནས་བྱེད་དམ་ཞེ་ན། ལས་འགུལ་དེ་མུ་མཐུད་ནས་སྤེལ་ངེས་ཡིན་མོད། འོན་ཀྱང་། དམིགས་བྱ་དེ་སྟག་རྒན་ཚོ་མིན་པར་སྦྲང་མའི་ཚོགས་ཡིན། གཞི་རིམ་ཁུལ་དུ་མི་ཚ་མི་ན་བའི་རུལ་སུངས་ལ་རྡུང་རྡེག་གི་ལས་འགུལ་རིགས་ད་དུང་ཡང་སྤེལ་ངེས་ཡིན།

ཞི་ཅིན་ཕེང་གིས་ཝང་ཆི་ཧྲན་ཉར་མ་ཐུབ་པ་དེ་ཆབ་སྲིད་བརྗེ་ཚོང་གི་འབྲས་བུ་ཞིག་ཡིན་མོད། དེ་རྐྱེན་ངན་གྲོགས་སུ་གྱུར་ནས་ཉར་མ་ནུས་པ་དེ་དགེ་མཚན་ཞིག་ཏུ་གྱུར་ཡོད། ལྷག་པར་རྒྱ་རིགས་འབྱོར་ལྡན་ཀོའུ་ཝིན་ཀུས་ཀྱིས་ཨ་རི་ནས་ཝང་ཆི་ཧྲན་དང་ཁོང་གི་ནང་མིའི་རུལ་སུངས་རིགས་ཀྱི་ལྐོག་མཚང་རྗེན་པར་བརྟོལ་རྗེས། གལ་ཏེ་ཞི་ཅིན་ཕེང་གིས་ད་དུང་ཡང་ཝང་ཆི་ཧྲན་བསྐྱོར་ཚེ། འདས་པའི་ལོ་ལྔའི་རིང་གི་རུལ་སུངས་ལ་རྡུང་རྡེག་གི་གྲུབ་འབྲས་རྐང་རྗེས་ལག་སུབ་ཏུ་འགྲོ་རྒྱུ་མ་ཟད། མི་མང་གིས་ཁོང་ལ་བཅངས་པའི་ཡིད་ཆེས་བརླག་ངེས་ཡིན། རྒྱུ་མཚན་དེ་དག་ལ་གཞིགས་ནས་ཞི་ཅིན་ཕེང་གིས་ཝང་ཆི་ཧྲན་བློས་བཏང་བ་ཡིན་སྲིད།

རྒྱ་ནག་གི་ཆབ་སྲིད་ལམ་ལུགས་འདི་ཁྲིམས་ལུགས་གཞི་རྩ་བྱས་པ་མིན་པས། འགོ་ཁྲིད་འདེམས་སྒྲུག་བྱེད་སྟངས་དེའང་འབྲེལ་བ་ཁོ་ནར་བརྟེན་ནས་བྱུང་གིན་ཡོད། དེའི་སྟབས་ཀྱིས་དབང་ཆ་ལག་ནས་ཤོར་དུས་ཉེན་ཁ་ཞིག་རང་བཞིན་ངང་ཡོད། དཔེར་ན་དེ་སྔ་ཀྲུག་ཡོན་ཁང་བཙོན་ལ་འཇུག་སྲིད་པ་ཞིག་མི་སུ་ཞིག་གིས་ཡིད་ལ་འཁོར་མེད་པ་ལྟ་བུ་རེད། ལྷག་པར་དུ་ཝང་ཆི་ཧྲན་གྱི་དབང་ཆར་སྤྱད་ནས་རྒྱ་ནག་གི་དཔོན་རིགས་འབུམ་ཕྲག་མང་པོ་གནས་དབྱུང་བཏང་ནས་བཙོན་ལ་བཅུགས་པ་རེད། རྒྱ་ནག་གི་དཔོན་པོའི་ནང་ན་ལྐོག་ཟ་རུལ་སུངས་ཀྱི་དྲི་མས་མ་གོས་པ་གཅིག་ཀྱང་མེད་མོད། འོན་ཀྱང་མི་སྐོར་ཞིག་ལ་ཉེས་ཆད་དེ་ཕོག་པ་རེད། དེ་བས་ན་མི་རྣམས་ཀྱིས་རྒྱ་ནག་གི་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གི་ལས་འགུལ་དེ “འདེམས་སྒྲུག་རང་བཞིན་ཅན” གྱི་ལས་འགུལ་ཞིག་ལ་ངོས་འཛིན་བྱས་ཡོད་པ་ཇི་བཞིན། ཉེས་ཆད་ཕོག་མཁན་དེ་ཚོ་དང་དེ་ཚོའི་ཕྱོགས་གཏོགས་ཀྱིས་གོ་སྐབས་ཤིག་ཡོད་ཚེ་ཁ་ལོག་རྒྱག་ངེས་ཡིན། དེ་ལྟར་བསམ་ན་ཝང་ཆི་ཧྲན་ལ་འགྲོ་ས་གཅིག་མ་གཏོགས་མེད། དེ་ནི་ཆིན་ཁྲིང་བཙོན་ཁང་ཡིན།

ཞི་ཅིན་ཕེང་དགོངས་པ་ཏང་གི་སྒྲིག་ཡིག་ཏུ་བཀོད་པ།

“ཞི་ཅིན་ཕེང་གི་དུས་རབས་གསར་པའི་རྒྱ་ནག་ཁྱད་ཆོས་ཅན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ” ཞེས་ཡི་གེ་ཉི་ཤུ་རྩ་གཅིག་གི་རྣམ་པས་བབ་བསྟུན་དུ་བསྒྱུར་བའི་ཐབས་ལམ་ལ་བརྟེན་ནས་གུང་ཁྲན་ཏང་གི་སྒྲིག་ཡིག་ནང་བཀོད་ཡོད་པ་ལས། “ཞི་ཅིན་ཕེང་དགོངས་པ” ཞེས་བཀོད་ཕོད་མེད། དེ་ལ་རྒྱུ་མཚན་མེད་པ་རྩ་བ་ནས་མིན། དམར་ཤོག་ཚོགས་པའི་ཆོས་ཉིད་ལྟར་ན། མཐོ་ཤོས་དེ་རིང་ལུགས་ཡིན་ལ། དེ་ནས་དགོངས་པ། དེ་ནས་གཞུང་ལུགས་ཡིན་དགོས། དཔེར་ན་མར་ཁེ་སི་ལེ་ཉིན་རིང་ལུགས། མའོ་ཙེ་ཏུང་དགོངས་པ། ཏེང་ཞོ་ཕེང་གཞུང་ལུགས་ཞེས་པ་ལྟ་བུ་རེད། གལ་ཏེ “ཞི་ཅིན་ཕེང་དགོངས་པ” ཞེས་བརྗོད་ཚེ། དེ “མའོ་ཙེ་ཏུང་དགོངས་པ” ཞེས་པ་དང་འདྲ་མཉམ་ཆགས་ཡོད་པས། དེར་རྒྱ་ནག་གུང་ཁྲན་ཚོགས་པ་ནང་ཁུལ་དུ་མོས་མཐུན་ཡོད་མི་སྲིད་ལ། རྒྱ་ནག་མི་དམངས་ཀྱིས་ཀྱང་ངོས་ལེན་བྱེད་མི་སྲིད། དེ་བཞིན་ཞི་ཅིན་ཕེང་རང་ཉིད་ཀྱིས་ཀྱང་དེ་བྱེད་མི་ཕོད། ཞི་ཅིན་ཕེང་གི་དུས་ནམ་ཡིན་ཡང་རྒྱལ་ཡབ་མའོ་ཙེ་ཏུང་དང་གོ་ས་རྩོད་མི་ནུས། རྒྱུ་མཚན་དེའི་དབང་གིས་ད་གཟོད “ཞི་ཅིན་ཕེང་གི་རྒྱ་ནག་ཁྱད་ཆོས་ཅན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ” ཞེས་ཞི་ཅིན་ཕེང་དང་དགོངས་པའི་བར་ཚད་བཀག་ཅན་གྱི “དུས་རབས་གསར་པའི་རྒྱ་ནག་ཁྱད་ཆོས་ཅན་གྱི་སྤྱི་ཚོགས་རིང་ལུགས་ཀྱི” ཞེས་ཡི་གེ་བཅོ་ལྔ་དེ་མི་འཇོག་རང་འཇོག་ཆགས་པ་རེད་བསམ་བྱུང་།

དབྱེ་ཞིབ་པའི་བསམ་ཚུལ་བཞིན་མི་དོན་བསྐོ་བཞག་དང་དབང་ཆའི་གྲུབ་སྟངས་ཀྱི་ཕྱོགས་ནས་ཞི་ཅིན་ཕེང་གཅིག་བགྱིས་ན་མའོ་ཏེང་ལས་བརྒལ་ཡོད་སྲིད། ཡིན་ན་ཡང་། དགོངས་པའི་ཆ་ནས། ལོ་རྒྱུས་ཀྱི་གོ་སའི་ཆ་ནས། ཚོགས་པ་ནང་ཁུལ་གྱི་ཟིལ་ཤུགས་ཀྱི་ཆ་ནས་མའོ་ཙེ་ཏུང་དང་འགྲན་ཐབས་མེད་པ་མ་ཟད། ཏེང་ཞོ་ཕེང་གི་རྗེས་སུའང་ཆོད་མེད། “ཞི་ཅིན་ཕེང་གི་དུས་རབས་གསར་པའི་རྒྱ་ནག་ཁྱད་ཆོས་ཅན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ” ཞེས་ཡི་གེ་ཉེར་གཅིག་གི་རྣམས་པས་གུང་ཁྲན་ཚོགས་པའི་སྒྲིག་ཡིག་ཏུ་བཀོད་པ་དེ་རྣམ་པའི་ཆ་ཆེ་ཞིང་དོན་གྱི་སྙིང་བོ་ཤིན་ཏུ་ཆུང་།
གུང་ཁྲན་ཚོགས་པའི་སྒྲིག་སྲོལ་དུ་བཀོད་པའི་ཡི་གེ་རྩ་གཅིག་པོ་དེ་དབྱེ་ཞིབ་ཅུང་ཞིག་བྱས་ན། མའོ་ཙེ་ཏུང་དགོངས་པ་དང་ཏེང་ཞོ་ཕེང་གཞུང་ལུགས་གཉིས་སྐྱོན་ཀུན་བྲལ་དང་དགེ་ཀུན་རྫོགས་ཤིག་མིན་ཡང་། དེ་གཉི་ཀས་རྒྱ་ནག་སྤྱི་ཚོགས་དེ་ལམ་ལུགས་གསར་བ་ཞིག་ལ་འཁྲིད་ནས་དུས་རབས་གསར་བ་ཞིག་གི་སྒོ་འབྱེད་པ་རེད། མའོ་ཙེ་ཏུང་གིས་རྒྱ་ནག་གསར་བརྗེ་ཁྲོད་འགན་ཁུར་དང་ལམ་ཕྱོགས། འགལ་ཟླ་སོགས་ལ་ཞིབ་འཇུག་ཟབ་མོ་བྱས་ཡོད་ལ། མའོ་ཙེ་ཏུང་དགོངས་པ་དང་མཐུན་པའི་གཞུང་ལུགས་ཤིག་ཆགས་པ་རེད། དེ་བཞིན་ཏེང་ཞོ་ཕེང་གི “བཅོས་བསྒྱུར་སྒོ་འབྱེད” ཀྱི་སྲིད་ཇུས་དང “རྡོ་ལག་མྱུལ་བྱེད་བཞིན་ཆུར་བརྒལ་བ” ཞེས་པའི་གཞུང་ལུགས་ཀྱིས་རྒྱ་ནག་ཏུ་བཅོས་བསྒྱུར་སྒོ་འབྱེད་པའི་དུས་རབས་གསར་པ་ཞིག་ཤར་པ་རེད།

ཞི་ཅིན་ཕེང་གིས་འདས་པའི་ལོ་ལྔའི་ནང་སྐད་ཆ་རྫིག་པོ་ཁོག་སྟོང་མང་པོ་ཞིག་བཤད་ཡོད་ཀྱང་གཞུང་ལུགས་སུ་གྲུབ་ཐུབ་པ་གཅིག་ཀྱང་མེད། ཞི་ཅིན་ཕེང་གི་ཚོགས་ཆེན ༡༩འི་སྟེང་གི་ལས་བསྡོམས་སྙན་སྒྲོན་དུ “མི་མང་གི་བདེ་སྐྱིད་ཀྱི་འཚོ་བ་རོལ་རྒྱུའི་རེ་འདུན” དང “འཕེལ་རྒྱུས་དོ་མ་མཉམ་པའི་འགལ་ཟླ” ཞེས་པ་གླེང་ཡོད་མོད། འགལ་ཟླ་དེ་འགྲོ་བ་མིའི་ལོ་རྒྱུས་བྱུང་བ་ནས་སྤྱི་ཚོགས་གསར་རྙིང་ཆེ་ཆུང་ཐམས་ཅད་ན་ཡོངས་ཁྱབ་ཏུ་ག་དུས་ཡིན་ཡང་ཡོད་པ་ཞིག་ཡིན་པས། གལ་དེ་དེ་དུས་རབས་གསར་བ་ཞིག་ལ་ངོས་འཛིན་རུང་ཟེར་ན། འགྲོ་བ་མི་དུས་དང་རྣམ་པ་ཀུན་ཏུ་དེ་ལྟ་བུའི་དུས་རབས་གསར་པ་ཞིག་ན་འཚོ་ཞིང་གནས་ཡོད།

མའོ་ཙེ་ཏུང་གིས་དམར་པོའི་སྲིད་དབང་གི་དུས་རབས་དབུ་འབྱེད་པ་རེད། ཏེང་ཞོ་ཕེང་གིས་བཅོས་བསྒྱུར་སྒོ་འབྱེད་ཀྱི་དུས་རབས་དབུ་འབྱེད་པ་རེད། ཞི་ཅིན་ཕེང་གི་དབང་ཆ་སྒེར་གཅོད་ཀྱི་དུས་རབས་གསར་པ་ཞིག་གི་འགོ་ཚུགས་པ་རེད་ཟེར་ན་མ་འགྲིག་པ་མེད།
དེ་མིན། “རྒྱ་ནག་ཁྱད་ཆོས་ཅན་གྱི་སྤྱི་ཚོགས་རིང་ལུགས” ཞེས་པ་དེ་དུས་རབས་ཉི་ཤུའི་ལོ་རབས་བདུན་ཅུའི་ནང་ཏེང་ཞོ་ཕེང་གི་གླེང་ནས་ད་བར་བསྒྲགས་དྲགས་ནས་མི་རྣམ་རྣ་སུན་མིག་སུན་དུ་གྱུར་བ་ལས་གསར་བ་ཞིག་མིན་ནོ།

ཆབ་སྲིད་རྒད་པོ་ཚོ་མཐོང་ལམ་དུ་མཉམ་དུ་ཐོན་པ།

གུང་ཁྲན་ཚོགས་པའི་ཚོགས་ཆེན ༡༩ པའི་མཛད་སྒོའི་སྟེང་། ཆབ་སྲིད་རྒད་པོ་དབུགས་ཡོད་ཡོད་ཚང་མ་བསྐྱོར་ནས་དྲུད་ནས་ཡོང་ཐབས་བྱས་འདུག དེ་ལ་གོ་བ་འགའ་བླངས་ཆོག་པར་བསམ། ཕྱོགས་གཅིག་ནས་ཆབ་སྲིད་རྒད་པོ་ཚོས་ད་དུང་ཡང་རྒྱ་ནག་ཆབ་སྲིད་ལ་ཤུགས་རྐྱེན་ཡོད་པ་མཚོན་ཡོད། ཕྱོགས་གཞན་ཞིག་ནས་ཞི་ཅིན་ཕེང་ལ་ཆབ་སྲིད་རྒད་པོ་ཚོས་གཙོས་ཚོགས་མི་ཡོངས་སུ་རྫོགས་པའི་རྒྱབ་སྐྱོར་ཡོད་པ་མཚོན་ཡོད། ད་དུང་གུང་ཁྲན་ཚོགས་པ་རྡོག་རྩ་གཅིག་སྒྲིལ་ཡིན་པའི་མདོག་ཀྱང་བསྟན་པ་རེད། དེ་མིན་པའི་མཚོན་དོན་གཞན་ཞིག་ནི། ཞི་ཅིན་ཕེང་གིས་བསམ་བཞིན་དུ་མནར་གཅོད་བཏང་བར་གོ་ཆོག དུས་ཡུན་ཆུ་ཚོད ༣ དང་སྐར་མ ༢༦ རིང་མི་འདོད་བཞིན་དུ་བཙན་དང་དབང་གིས་ལས་བསྡོམས་སྙན་སྒྲོན་ལ་གཅིན་ཤོར་རེག་བར་ཉན་དུ་བཅུགས་པ་རེད། དེ་ཞི་ཅིན་ཕེང་གི་གོ་སྐབས་བཟུང་ནས་སྙིང་ནད་བརྩད་པ་ལོས་ཡིན།

ཞི་ཅིན་ཕེང་ལ་བལྟོས་མེད་ཀྱི་དབང་ཆ་ཐོབ་པས་བོད་དོན་ལ་ཕན་ཐོགས་ཡོད་དམ།

བཙན་བྱོལ་སྤྱི་ཚོགས་ཁྲོད་བོད་མི་སྐོར་ཞིག་གིས “ཞི་ཅིན་ཕེང་ལ་བལྟོས་མེད་ཀྱི་དབང་ཆ་ཐོབ་སོང་ན་བོད་དོན་གྲོས་མོལ་དང་ཡང་ན་ཐག་གཅོད་ལ་ཕན་ཐོགས་ཡོད” པར་དགོངས་ཡོད། ཡིན་ན་ཡང་དེ་རེ་བ་རྒྱག་ས་ཞིག་མ་རེད་བསམ་བྱུང་། ཞི་ཅིན་ཕེང་གིས་དུས་ཡུན་ཆུ་ཚོད་གསུམ་རིང་གི་ལས་བསྡོམས་སྙན་སྒྲོན་ནང་། རྒྱ་ནག་ནང་ཁུལ་གྱི་ཁོར་ཡུག་འབག་བསླད་དང་དཔལ་འབྱོར་འཕེལ་རྒྱས་དོ་མ་མཉམ་པ་སོགས་ཀྱིས་གཙོས་པའི་གནད་དོན་རིགས་དང་། དེ་བཞིན་རྒྱ་ནག་གིས “ནང་སྲིད” དུ་འབོད་ཀྱིན་པའི་ཐེ་ཝན་དང་ཧོང་ཀོང་གི་གནད་དོན་། དེ་མིན་སྤྱིར་ན་གོ་ལ་ཧྲིལ་བོ་དང་སྒོས་སུ་ཨེ་ཞི་ཡའི་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་འབྲེལ་བ་དང་གནད་དོན་སོགས་གླེང་ཡོད། ཡིན་ན་ཡང་བོད་དང་བོད་དོན་སྐོར་ཚིག་གཅིག་ཀྱང་གླེང་མེད། དེ་ལས་འདི་ལྟར་བསམ་ན་འགྲིག་གམ། བོད་དོན་དེ་ཞི་ཅིན་ཕེང་གི་མ་འོངས་པའི་ལས་བྱའམ་བསྒྲུབ་ཐོའི་ནང་མེད་པ་དང་། མ་མཐའ་ཡང་ཞི་ཅིན་ཕེང་གི་བསྒྲུབ་ཐོ་གལ་ཆེན་ཁག་གི་ཁྲོད་ན་བོད་དོན་དེ་མེད་པ་གསལ་བོ་རེད། གལ་ཏེ་ཞི་ཅིན་ཕེང་ལ་བལྟོས་མེད་ཀྱི་དབང་ཆ་ཐོབ་པ་དེས་བོད་ཀྱི་གནས་སྟངས་ལ་ཕན་ཐོགས་ཤིག་ཡོད་པའི་དབང་དུ་སོང་ན། ཞི་ཅིན་ཕེང་གིས་བོད་ནང་གི་ད་ལྟའི་ཛ་དྲག་ཆེ་བའི་གནས་སྟངས་དེ་ཅུང་ལྷོད་ཡངས་སུ་བཏང་ཆོག དཔེར་ན་ཕྱི་ནང་གི་བོད་མི་ཚོ་ཕར་འགྲོ་ཚུར་འོང་གི་རང་དབང་དང་། ཐལ་དྲགས་པའི་མི་རིགས་དབྱེ་འབྱེད་ཀྱི་སྲིད་ཇུས་སོགས། འདས་པའི་ཞི་ཅིན་ཕེང་གིས་རྒྱ་ནག་གི་སྲིད་བཟུང་བའི་ལོ་ལྔའི་རིང་། བོད་མི་རིགས་ཀྱི་གནས་བབ་ལ་གཞིགས་པའི་དོན་དག་ཉག་གཅིག་སྒྲུབ་མེད། དེ་ལས་ལྡོག་ཏེ་བོད་མི་རིགས་རྩ་མེད་དུ་བཟོ་རྒྱུའི་གོམ་སྟབས་ཇེ་མགྱོགས་སུ་བཏང་འདུག

ཡང་འདི་ལྟར་སོམས་དང་། “ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་སླར་གསོ” ཡི “ཀྲུང་གོའི་རྨི་ལམ”རྨིས་དང་རྨི་བཞིན་པའི་ཞི་ཅིན་ཕེང་གིས་བོད་དང་བོད་དོན་ལ་བསམ་བློ་གཏོང་སྲིད་དམ། དེ་སྔ་རྒྱ་ནག་གཞུང་ནུབ་གླིང་ལ་རེ་དགོས་པའི་དཀའ་ངལ་ཆེ་བའི་དུས་སུ་བོད་དོན་བློས་བཏང་མེད། ནུབ་གླིང་རྒྱལ་ཁབ་ཁག་གིས་བོད་དོན་གཙུགས་སུ་བཟུང་སྟེ་རྒྱ་ནག་ལ་གནོན་ཤུགས་རབ་དང་རིམ་པ་སྤྲད་ནས་རྒྱ་ནག་དཀའ་ངལ་ལ་འཕྲད་དུས་བོད་དོན་ལ་གྲོས་མོལ་བྱས་མེད། ༢༠༠༨ ལོར་བོད་ས་ཡོངས་སུ་ཞི་རྒོལ་ལངས་པ་དང་། དེ་ནས་བཟུང་དེ་རིང་བར་བོད་མི ༡༥༠ ལྷག་གིས་རང་ལུས་མེར་བསྲེགས་དུས་བོད་དོན་ལ་ཁ་ཡ་བྱས་མེད། ཞི་ཅིན་ཕེང་གིས་རྒྱ་ནག་སྟོབས་ཆེན་དུ་གྱུར་བའི་དུས་རབས་གསར་བ་དབུ་འབྱེད་ནས། འཛམ་གླིང་རྒྱལ་ཁབ་ཡོད་དོ་ཅོག་གིས་རྒྱ་ནག་གི་འདོད་བློར་མི་བསྟུན་རང་བསྟུན་ཆགས་པའི་དེ་རིང། ཞི་ཅིན་ཕེང་གིས་བོད་དོན་ལ་བསམ་བློ་གཏོང་སྲིད་དམ། ཞི་ཅིན་ཕེང་ལ་རེ་བ་རྒྱག་ས་ཞིག་མཐོང་སོང་ངམ། བོད་པ་ཚོ།

བཙན་བྱོལ་བའི་ལོ ༥༨ གྱི་ལོ་རྒྱུས་ལ་ནང་འཁྲུག་གི་ལོ་རྒྱུས་ལས་གཞན་ཅི་ཞིག་ཡོད་དམ། ༧སྤྱི་ནོར༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེ་བཀའ་དྲིན་གྱིས་བོད་དོན་དེ་རྒྱལ་སྤྱིའི་ཅན་དུ་ལེགས་པོར་བསྒྱུར་ཐུབ་ཡོད་ཀྱང་། དེང་གི་མི་རབས་གསར་བ་ཚོས་དེ་ལས་ལྷག་པ་ཞིག་འཇོན་ཡོད་དམ། ནང་འཁྲུག་ལ་མཁས་མཁས་ཤིག་ཕྱིའི་དགྲ་ལ་མཁས་ན། ང་ཚོ་དེང་གི་ཚད་འདིར་ལྷུང་གིན་མ་རེད་བསམ་བྱུང་།

ཕྱི་འཐོར་བོད་མི་ཚོ། ནང་བཀྲ་མ་ཤིས་ན། ཕྱི་དོན་མི་འགྲུབ་ཟེར་བའི་ཉམས་མྱོང་རྒད་པོའི་གཏམ་དཔེ་དེར་བསམ་བློ་ཐོངས་དང་།

མི་ལ་ལས་ཞི་ཅིན་ཕེང་ལ་རེ་བ་རྒྱག་དགོས་ཟེར། བདག་གིས་བལྟས་ན། བོད་མི་དམངས་ཀྱི་རྒྱལ་ཁབ་སླར་གསོའི་ལས་དོན་ཁྲོད་མངོན་པའི་སྙིང་སྟོབས་དང་སྤོབས་པ། ཡིད་ཆེས་དང་ལྷག་བསམ། ཡིད་རྟོན་དང་ཆོད་སེམས་ལ་ཡིད་ཆེས་དང་རེ་བ་འཛིན་དགོས་པ་ལས། ཞི་ཅིན་ཕེང་གི་འབྱུང་འགྱུར་གྱི་ལོ་ལྔའི་སྲིད་འཛིན་དུས་ཡུན་ལ་རེ་བ་རྒྱག་ས་ཞིག་ཡེ་ནས་མེད་དོ།