༡ :༠ བོད་རྒྱལ་སོང་། རྒྱ་ཕམ་སོང་།

Screen Shot 2017-12-05 at 15.54.11.png
ངོ་རྒོལ་བ་དྲུག་དང་རྒྱལ་དར་ལྔ།

བོད་དོན་རྒྱབ་སྐྱོར་བ་དྲུག་གི་ཞི་བའི་ངོ་རྒོལ་ལས་འགུལ་གྱིས་འཇར་མཱ་ནེའི་རྐང་རྩེད་སྤོ་ལོ་མཐུན་ཚོགས་དང་རྒྱ་ནག་དེང་གཞུང་བར་ཕྱི་འབྲེལ་གྱི་ཟིང་ཆ་མི་ཆུང་བ་ཞིག་བསླངས་ཡོད་ལ། དོན་དངོས་སུ་དེ་ནི་ལུས་རྩལ་ཙམ་མིན་པར་སྤྱི་འབྲེལ་འགུལ་སྐྱོད་ཅིག་ཡིན་ཞིང་། ཁ་གསལ་བོར་བཤད་ན་སྒོར་མོ་དང་ཆབ་སྲིད་ཀྱི་གནད་དོན་འབའ་ཞིག་ལས་མ་འདས།

བཀྲ་ཤིས་བདེ་ལེགས་ཡོད་དོ། བོད་དོན་རྒྱབ་སྐྱོར་བ་ཕོ་མོ་དྲུག་གིས་ལྟད་མོ་བའི་སྟེགས་བུའི་སྟེང་ནས་བོད་ཀྱི་རྒྱལ་དར་ལུས་སྟེང་གོན་ནས་ཞི་བའི་ངོ་རྒོལ་གྱི་རྣམ་འགྱུར་བསྟན་པ་ཙམ་གྱིས་སྟོབས་ཆེན་རྒྱ་ནག་མཐའ་སྐྲོད་བཏང་བ་རེད། དེ་ནི་བཀྲ་ཤིས་བདེ་ལེགས་ཀྱི་རྟེན་འབྲེལ་ཞུ་འོས་པ་ཞིག་ཅི་ལ་མིན།

U-༢༠ ཟེར་བའི་རྒྱ་ནག་གི་རྒྱལ་ཁབ་ན་གཞོན་རྐང་རྩེད་སྤོ་ལོ་རུ་ཁག་ཡུ་རོབ་འཇར་མཱ་ནེའི་ལྷོ་ནུབ་ས་ཁུལ་གྱི་མཉམ་མཐུན་འགྲན་བསྡུར་ལ་ཞུགས་ནས། སྤྱི་ཟླ ༡༡ ཚེས ༡༨ ཉིན།  འཇར་མ་ནེའི་མཱ་འེན་ཙི་གྲོང་ཁྱེར་གྱི་ཞོ་ཊི་མཱ་འེན་ཙི་རྐང་རྩེད་སྤོ་ལོ་ཚོགས་པའི (TSV Schott Mainz) རྐང་རྩེད་སྤོ་ལོ་རུ་ཁག་དང་མཛའ་བརྩེའི་འགྲན་བསྡུར་དང་པོ་དེ་བྱས། འགྲན་བསྡུར་སྐབས་སུ། བོད་དོན་ལ་རྒྱབ་སྐྱོར་དང་རྒྱ་ནག་གིས་བོད་ནང་གདུག་རྩུབ་ཆེ་བའི་སྲིད་ཇུས་རིགས་བསྟུད་མར་གཏན་འབེབས་དང་ལག་ལེན་དུ་བསྟར་གྱིན་པར་ངོ་རྒོལ་མཚོན་ཆེད། ཕྱི་རྒྱལ་བ་དང་བོད་མི་བཅས་བསྡོམས་པའི་ཕོ་མོ་དྲུག་གིས་གྲུབ་པའི་སྐོར་ཁག་ཆུང་ཆུང་ཞིག་གིས་ལྟད་མོ་བ ༤༠༠འི་ཁྲོད་བོད་ཀྱི་རྒྱལ་དར་ལྔ་ལུས་སྟེང་དུ་གོན་པ་དང་འདུག་སྟེགས་མདུན་གྱི་ལྕགས་དྲྭའི་སྟེང་བཏགས་པ་སོགས་ཀྱི་ལམ་ནས་ཐ་ན་སྐད་འབོད་ཀྱང་མེད་པའི་ཧ་ཅང་ཞི་བའི་ངང་ངོ་རྒོལ་རྔམ་སྟོན་གྱི་རྣམ་འགྱུར་བཏོན་པ་ན། རྐང་རྩེད་སྤོ་ལོའི་རྩེད་ཐང་དུ་བློ་ཡུལ་ནས་འདས་པའི་ཟང་ཟིང་བསླངས་ཏེ་རྒྱ་ནག་གི་ལུས་རྩལ་བ་ཚོས་མ་དགའ་མ་མོས་པའི་རྣམ་འགྱུར་བསྟན་ནས་འགྲན་བསྡུར་མཚམས་བཞག་ནས་མཉམ་གཅིག་ཏུ་རྩེད་ཐང་ཕྱིར་རོལ་དུ་ཐོན་སྟབས།  སྤེལ་བཞིན་པའི་འགྲན་བསྡུར་དེ་དུས་ཡུན་སྐར་མ ༢༦ རིང་མཚམས་ཆད་པ་རེད།

འགྲན་བསྡུར་མུ་མཐུད་ནས་སྤེལ་རྒྱུ་དང་ལྟད་མོ་བའི་བློ་བག་ལ་བརྩི་བཀུར་ཞུ་བའི་ཀུན་སློང་བཟུང་ནས་ངོ་རྒོལ་བ་ཚོས་མ་བསྐུལ་རང་འགུལ་གྱིས་བོད་ཀྱི་རྒྱལ་དར་བསྡུས་ནས་ཟིང་ཆ་འཇགས་ཐབས་བྱས་སྟབས། རྒྱ་ནག་གི་ལུས་རྩལ་བ་རྣམས་ཕྱིར་ཡོང་ནས་འགྲན་བསྡུར་མུ་མཐུད་ནས་སྤེལ་ཏེ། མཐའ་མའི་འབྲས་བུ་རུ་གསུམ་དང་ཀླད་གོར་གྱི་ཕམ་ཁ་ཆེན་པོས་མཇུག་བསྡུས་འདུག

རྒྱ་ནག་གཞུང་དང་ན་གཞོན་རྐང་རྩེད་སྤོ་ལོ་རུ་ཁག་གི་ལས་རྩལ་བ་ཚོས་དེ་འདྲའི་རྣམ་འགྱུར་དྲག་པོ་ཞིག་བསྟན་ཡོང་བ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་དེ་ཚོའི་བློ་ཡུལ་ལའང་ཤར་མྱོང་མེད་པ་དང་། ཁོང་ཚོ་ཁོང་ཚོའི་སྤོབས་པ་དང་གྲུབ་འབྲས་ལ་ང་རྒྱལ་སྐྱེས་པ་དང་ཆབས་ཅིག རྒྱ་ནག་གི་ཚོར་བ་དྲག་པོར་ཧ་ལས་ཧང་སངས་འདུག

དཔུང་ཆུང་ཆུང་ཡིན་ཡང་གསར་འགོད་པའི་བརྙན་མིག་མང་པོ་ཞིག་བོད་དོན་རྒྱབ་སྐྱོར་བ་ཕོ་མོ་དེ་དྲུག་གི་སྟེང་འདུས་ཡོད། ཡིན་ན་ཡང་། དོན་རྐྱེན་དེ་ཆེན་པོར་གཏོང་མཁན་ངོ་མ་དེ་རྒྱ་ནག་གཞུང་རང་ཉིད་ཡིན། དབྱིན་ཇི་དང་རྒྱ་གར་སོགས་ཕྱིའི་རྒྱལ་ཁབ་མང་པོས་དོན་རྐྱེན་དེའི་སྐོར་གྱི་གནས་ཚུལ་སྤེལ་ཡོད་མོད། རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གིས “རྒྱལ་ཁབ་དང་། རྩ་འཛུགས། མི་སྒེར་སུ་ཡིན་ཡང་། རྣམ་པ་དང་རྒྱུ་མཚན་གང་ཞིག་གི་འོག་བོད་ཁ་བྲལ་དང་། རྒྱ་ནག་ལ་ངོ་རྒོལ་གྱི་སྟོབས་ཤུགས་ལ་རྒྱབ་སྐྱོར་བྱས་མི་ཆོག” ཅེས་དྲག་པོའི་རྣམ་འགྱུར་དེ་བསྟན་མ་ཐག སྤྱིར་བཏང་བའི་དོན་རྐྱེན་ཆུང་ཆུང་དེ་ཆེན་པོ་ཆགས་པ་རེད།

ཡིན་ན་ཡང་། གོང་ཞུས་དོན་རྐྱེན་དེ་ལས་བྱུང་བའི་རྗེས་མཐུད་ཀྱི་རྩོད་པ་དང་། སྒོས་སུ་བོད་དོན་རྒྱབ་སྐྱོར་སྐོར་ཁག་དེས་ཟླ ༡༡ ཚེས ༢༥ ཉིན་འཇར་མཱ་ནེའི་ཧྥི་རན་ཁི་ཧྥུར་ཊི( Frankfurt )རུ་སྤེལ་རྒྱུའི་འགྲན་བསྡུར་སྐབས་ཀྱང་གཅིག་མཚུངས་ཀྱི་ངོ་རྒོལ་བྱེད་འཆར་ཡོད་པ་སྔོན་བསྒྲགས་ཞུས་པ་ལ་སོགས་ཀྱི་དབང་གིས། རྒྱ་ནག་གི U-༢༠ཡིས་མུ་མཐུད་ནས་འཇར་མཱ་ནེ་རུ་འགྲན་བསྡུར་ནང་ཞུགས་རྒྱུའི་ཕོད་པ་ཞུམ་ནས་འདོད་བློ་ཆག་སོང་།

བོད་དོན་རྒྱབ་སྐྱོར་བས་ངོ་རྒོལ་གྱི་དོན་རྐྱེན་དེ་བྱུང་མ་ཐག རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གིས་བཙན་བཀའ་ཕབ་ནས། འཇར་མཱ་ནེ་རྐང་རྩེད་སྤོ་ལོ་མཐུན་ཚོགས་ཀྱིས་རྩེད་ཐང་དུ་བོད་ཀྱི་རྒྱལ་དར་ཡང་བསྐྱར་མི་འཕྱར་རྒྱུ་ཁག་ཐེག་བྱེད་དགོས་པ་དང་། གལ་ཏེ་དེའི་རིགས་ཀྱི་དོན་རྐྱེན་ཡང་བསྐྱར་བྱུང་ཚེ། ཁ་བྲལ་ལ་རྒྱབ་སྐྱོར་དང་། རྒྱ་ནག་ལ་ངོ་རྒོལ། འཇིགས་སྐུལ་རིང་ལུགས་པའི་བྱ་སྤྱོད་ཡིན་ལུགས་ཁ་ཕོ་བསྒྲགས་པ་རེད།

རྒྱ་ནག་གཞུང་གི་སྤྱོད་ཚུལ་དེ་ལས་ཤེས་ཐུབ་པ་ཞིག་ནི། རྒྱ་ནག་དེང་གཞུང་གིས་འཇར་མཱ་ནེའི་རྐང་རྩེད་སྤོ་ལོ་མཐུན་ཚོགས་ཀྱི་མཐོར་པོར་བཀུར་པའི་སྨྲ་བརྗོད་རང་དབང་ལ་ངོས་ལེན་བྱེད་རྒྱུ་མིན་པ་དེ་རེད།

འཛམ་གླིང་མི་དམངས་ཀྱི་སྙིང་ཁུང་རུས་པའི་གཏིང་ནས་བརྗེད་མི་རུང་བ་ཞིག་ནི།  རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་ཟེར་བས་བཅིངས་འགྲོལ་ཞེས་པར་ཁ་གཡར་ནས་བོད་རྒྱལ་ཁབ་ལ་བཙན་འཛུལ་བྱས་ནས། བོད་མིའི་དབུ་ཁྲིད ༧སྤྱི་ནོར ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རང་གི་རྒྱལ་ཁབ་རང་གི་ཕ་ཡུལ་ནས་ཕྱིར་བསྐྲད་པའི་མ་ཚད། བོད་མི་འབུམ་ཕྲག་མང་པོ་དམར་གསོད་བཏང་ཞིང་། བོད་ཀྱི་རིག་གཞུང་ལ་སླར་གསོ་མི་ནུས་པའི་གཏོང་བརླག་ཚབས་ཆེན་བཏང་། དུས་དེ་ནས་བཟུང་། བོད་ས་ཧྲིལ་བོ་རྒྱ་ནག་གིས་བཙན་འཛིན་བྱས་ཏེ། མི་རིགས་ས་ཁོངས་རང་སྐྱོང་ཞེས་པའི་སྲིད་ཇུས་འོག་ལུག་མགོ་བཏགས་ནས་ཁྱི་ཤ་བཙོང་ཞེས་པའི་དཔེར་ལྟར་བོད་མི་རྩ་མེད་དུ་གཏོང་བའི་ལས་འགུལ་རབ་དང་རིམ་པ་སྤེལ་བ་མ་ཟད། དམིགས་ཡུལ་ངན་པ་དེ་འགྲུབ་ཆེད་གདུག་རྩུབ་ཆེ་བའི་སྲིད་ཇུས་རིགས་ལག་ལེན་ཏུ་དངོས་སུ་བསྟར་ནས་དེང་སང་གི་བོད་ཡུལ་དེ་འཇིག་རྟེན་མི་ཡུལ་གྱི་དམྱལ་བ་ལྟ་བུ་རུ་ཆགས་ཡོད། མིང་གིས་རང་སྐྱོང་ཟེར་བ་ཡིན་ཡང་དོན་གྱི་གཞན་སྐྱོང་དང་། འདས་པའི་ལོ་ངོ ༧༠ ཙམ་གྱི་རིང་རྒྱ་ནག་གཞུང་གིས་དམིགས་ཡུལ་ཡོད་པ། འཆར་གཞི་ཡོད་པ། རྩ་འཛུགས་ཡོད་པའི་ངང་རྒྱ་རིགས་འབོར་ཆེན་བོད་ཁུལ་གང་སར་གཞི་སྤོ་བྱས་ནས། དུས་དེ་རིང་བོད་མི་ཚོ་རང་ས་རང་ཡུལ་ནས་གྲངས་ཉུང་མི་རིགས་སུ་གྱུར་པའི་ཉག་ཕྲ་བའི་གནས་སྟངས་ཤར་ཡོད།

མཛའ་ཞིང་བརྩེ་བའི་འཇར་མཱ་ནེའི་རྐང་རྩེད་སྤོ་ལོ་མཐུན་ཚོགས་ལགས། རྒྱུ་མཚན་དང་དགོས་དབང་ཅི་ཞིག་གི་འོག་དེ་ལྟ་བུའི་ངན་པ་དགུ་འཛོམས་ཀྱི་གཞུང་ཞིག་དང་མཉམ་ལས་བྱས་པ་ཡིན་ནམ་ཞེ་ན། ལན་འདེབས་རྒྱུར་དཀའ་ལས་མེད། དེ་ནི་སྒོར་མོ་ཁོ་ནའི་ཆེད་དུ་ཡིན་ནོ།

གོ་ཚོད་ལ་ཞི་ཅིན་ཕེང་ནི་རྐང་རྩེད་སྤོ་ལོའི་ཧྥན་སི་ཞིག་ཡིན་པ་མ་ཟད། ད་དུང་རྒྱ་ནག་དེ་རྐང་རྩེད་སྤོ་ལོའི་རྒྱལ་ཁབ་སྟོབས་ཆེན་གྱི་གྲལ་དུ་ཚུད་ཐབས་བྱེད་རྒྱུའི་དགོངས་འཆར་ཡོད་པ་འདྲ། དེ་འདྲའི་ཤུགས་རྐྱེན་འོག་རྒྱ་ནག་གིས་འཛམ་གླིང་སྟེང་གི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཡག་ཤོས་ཀྱི་གྲས་དང་མཉམ་ལས་བྱེད་འདོད་ཡོད་པ་ངང་གིས་གྲུབ་ཡོད། དེ་མིན་རྒྱ་ནག་ནི་འཇར་མཱ་ནེའི་དཔལ་འབྱོར་ཐད་ཀྱི་ཚོང་ཤག་གཙོ་བོའི་གྲས་ཀྱང་ཡིན་པས། གོ་བདེ་བར་བཤད་ན། འཇར་མཱ་ནེའི་རྐང་རྩེད་སྤོ་ལོའི་ཤེས་བྱ་དང་རྒྱ་ནག་གི་དཔལ་འབྱོར་གྱི་གན་རྒྱ་གཉིས་བརྗེ་རེས་བྱས་པ་རེད།

རྒྱ་ནག་གི U-༢༠ན་གཞོན་རྐང་རྩེད་སྤོ་ལོ་རུ་ཁག་དང་མཛའ་བརྩེའི་འགྲན་བསྡུར་བྱེད་མཁན་འཇར་མཱ་ནེའི་ལྷོ་ནུབ་ས་ཁུལ་གྱི་མཉམ་མཐུན་རུ་ཁག་རེ་རེར་འགྲན་བསྡུར་རེར་ཡུ་རོབ་ཀྱི་སྒོར་མོ་ཁྲི་གཅིག་དང་སྟོང་ཕྲག་ལྔ་ཐོབ་ཀྱིན་ཡོད་ན། ལྷོ་ནུབ་ས་ཁུལ་གྱི་རྐང་རྩེད་སྤོ་ལོ་རུ་ཁག་ཆུང་ཆུང་དག་ལ་མཚོན་ན་དེ་ནི་ཡོང་སྒོ་མི་ཆུང་བ་ཞིག་ཡིན། དཔལ་འབྱོར་གྱི་བསླུ་བྲིད་ལ་ཐུག་དུས་འཇར་མཱ་ནེའི་ལྷོ་ནུབ་ས་ཁུལ་གྱི་རྐང་རྩེད་སྤོ་ལོ་རུ་ཁག ༡༩འི་ནང་ནས་གསུམ་མ་གཏོགས་གཞན ༡༦ གྱིས་རྐང་རྩེད་སྤོ་ལོའི་ཤེས་བྱ་དང་རྒྱ་ནག་གི་དཔལ་འབྱོར་གྱི་གན་རྒྱ་གཉིས་བརྗེ་རེས་བྱེད་རྒྱུར་མུས་མཐུན་བྱས་འདུག

རྒྱ་ནག་གི U-༢༠ན་གཞོན་རྐང་རྩེད་སྤོ་ལོ་རུ་ཁག་འཇར་མཱ་ནེར་ཡོང་དོན་གྱི་དམིགས་ཡུལ་ནི ༢༠༢༠ ལོའི་ཉི་ཧོང་ཐོ་ཀྱོ་ཨོ་ལམ་ཕེ་ཁི་ལུས་རྩལ་འགྲན་ཚོགས་ལ་གྲ་སྒྲིག་གི་ཆེད་དུ་ཡིན་མོད། འོན་ཀྱང་རྒྱ་ནག་དེ་བརྗེད་དགའ་ཆེ་བའི་རྒད་པོ་ཀླག་ལོག་ཅིག་དང་འདྲ་བར་ཁོང་ཚོའི་དམིགས་ཡུལ་བརྗེད་ཟིན་པ་རེད་དམ་ཞེ་ན། དེ་ཡིན་རྒྱུ་མ་རེད། འོ་ན་ཆབ་སྲིད་ཀྱི་ཚོར་བ་རྣོ་དྲགས་པ་རེད་དམ་ཞེ་ན། དེའང་ཡིན་མི་སྲིད། འོ་ན་ཅི་ཞིག་གི་དབང་གིས་རྒྱ་ནག་གིས་ཐོབ་དཀའ་བའི་གོ་སྐབས་དེ་ལྷམ་ཆད་བཞིན་དོར་བ་རེད་དམ་ཞེ་ན། དེ་ལ་ཉུང་མཐའ་རྒྱུ་རྐྱེན་གཉིས་ཡོད། གཅིག་ནི། ཆབ་སྲིད་ཀྱི་དབང་གིས་ཡིན་སྲིད། གཉིས་ནི། གལ་ཆེ་ཤོས་དེའང་ཡིན། རྒྱ་ནག་གི U-༢༠ཞེས་པའི་ན་གཞོན་རྐང་རྩེད་སྤོ་ལོ་རུ་ཁག་དེ་སྐྱོ་དྲགས་པས་རེད། གོང་ཞུ་ཟླ ༡༡ ཚེས ༡༨ ཉིན་སྤེལ་བའི་མཛའ་བརྩེའི་འགྲན་ཡ་འཇར་མ་ནེའི་མཱ་འེན་ཙི་གྲོང་ཁྱེར་གྱི་ཞོ་ཊི་མཱ་འེན་ཙི་རྐང་རྩེད་སྤོ་ལོ་ཚོགས་པའི་རྐང་རྩེད་སྤོ་ལོ་རུ་ཁག་དེ་ནི་འཇར་མཱ་ནེ་ལྷོ་ནུབ་ཁུལ་གྱི་རྐང་རྩེད་སྤོ་ལོ་རུ་ཁག ༡༩འི་ཁྲོད་ཀྱི་འོག་ནས་ཡར་བརྩིས་པའི་ཨང་གཉིས་པ་དེ་ཡིན། འོན་ཀྱང་ཚེས ༡༨ ཉིན་གྱི་འགྲན་བསྡུར་ཁྲོད་རྒྱ་ནག་གི U-༢༠ཞེས་པའི་ན་གཞོན་རྐང་རྩེད་སྤོ་ལོ་རུ་ཁག་ལ ༣:༠ གི་ཕམ་ཁ་ཉོས་ཡོད་པས། དེ་ནི་རྒྱ་ནག་གི་ངོ་ཚ་ཆེན་པོ་ཞིག་ཡིན་དང་ཡིན། རྒྱ་ནག་པའི་གཤིས་ཀ་ལྟར་ན་གདེང་ཚོད་མེད་པའི་ལས་དག་མི་བྱེད། དེ་བས་ན། འགྲན་བསྡུར་དང་པོ་ལས་རང་གི་ཆུ་ཚད་ཧ་གོ་ཡོད་པས། ད་དུང་མུ་མཐུད་ནས་འགྲན་བསྡུར་ནང་ཞུགས་ཚེ། དེ་དང་དེ་ལས་ལྷག་པའི་ངོ་ཚ་ཉོ་སྲིད་ན། ཡག་ཤོས་དེ་ཁ་གཡར་ས་ཞིག་བཙལ་ནས་མཚམས་འཇོག་རྒྱུ་དེ་ཡིན། སྟབས་ལེགས་པ་ཞིག་ལ། བོད་མི་དྲུག་གིས་གྲུབ་པའི་ངོ་རྒོལ་སྐོར་ཆུང་དེས་ཁོང་ཚོར་ཁ་གཡར་ས་ཡག་པོ་ཞིག་བསྐྲུན་ཡོད་པས། ཁ་ཆབ་སྲིད་ལ་གཡར་ནས། རང་གི་ཞན་ཆ་མངོན་མ་དགོས་ན། དེ་ལས་ལྷག་པ་ཞིག་གང་ན་ཡོད་དམ། དེ་ལྟར་བསམ་ཞིང་བསམ་ན། རྒྱ་ནག་གི U-༢༠ཞེས་པའི་ན་གཞོན་རྐང་རྩེད་སྤོ་ལོ་རུ་ཁག་གིས་འཇམ་མཱ་ནེའི་ལྷོ་ནུབ་ཁུལ་གྱི་འགྲན་བསྡུར་མཚམས་བཞག་པ་དེ་ཆབ་སྲིད་ཁོ་ནས་མིན་པར་འདོད།

འདས་པའི་ལོ་ངོ ༥༨རིང་། བཙན་བྱོལ་བོད་མི་ཚོས་རྣམ་པ་སྣ་ཚོགས་ཀྱི་ལས་འགུལ་རིགས་འཛམ་གླིང་ས་སྒང་གང་སར་སྤེལ་ནས་ལས་འགུལ་གྱི་ལས་དོན་དེ་ཡང་རྩེན་སོན་ཡོད་ཀྱང་། ལས་འགུལ་དེ་ད་དུང་མུ་མཐུད་ནས་སྤེལ་དགོས་ལ། ལྷག་པར་དུ་ཞི་བའི་ལས་འགུལ་རིགས་མུ་མཐུད་ནས་སྤེལ་དགོས། ཡིན་ན་ཡང་། བོད་དོན་དེ་ལས་འགུལ་ཙམ་སྤེལ་རྒྱུ་དེ་མིན་ལ། ལས་འགུལ་ཁོ་ནར་བསྟུན་ནས་བོད་དོན་གྱི་བདེན་མཐའ་སེལ་མི་ནུས་པའང་གསལ་བོ་རེད། རྒྱུ་མཚན་དེའི་དབང་གིས་ལས་འགུལ་གྱི་རྣམ་པར་སྐབས་དུས་དང་བསྟུན་ནས་འགྱུར་བ་གཏོང་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ།

ཕྱི་རོལ་ཡུལ་གྱི་ལས་འགུལ་རིགས་ཇི་ལྟར་སྤེལ་ན་བོད་ནང་དུ་དེ་ལྟར་དུ་ཤུགས་རྐྱེན་ཐེབས་ཀྱིན་པ ༢༠༠༨ ལོའི་ཞི་རྒོལ་ཆེན་པོ་ནས་ཤེས་ཐུབ་ན། བཙན་བྱོལ་བ་ཚོས་ཅིས་ཀྱང་སྣེ་འཁྲིད་ཀྱི་དར་ཆ་མཐོན་པོར་སྒྲེང་དགོས།

Advertisements

མཆན་ཞོག

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out / བཟོ་བཅོས། )

Twitter picture

You are commenting using your Twitter account. Log Out / བཟོ་བཅོས། )

Facebook photo

You are commenting using your Facebook account. Log Out / བཟོ་བཅོས། )

Google+ photo

You are commenting using your Google+ account. Log Out / བཟོ་བཅོས། )

Connecting to %s