————ཨ་རིའི་སྲིད་འཛིན་གྱིས་རྒྱལ་ཁབ་བདེ་འཇགས་འཐབ་ཇུས་སྤེལ་བར་རྒྱ་ནག་གཞུང་གིས་འཁང་ར་བྱས་པ་གླེང་བ།

ཨ་མེ་རི་ཀའི་སྲིད་འཛིན་གྱིས་རྒྱལ་ཁབ་བདེ་འཇགས་འཐབ་ཇུས་ཞེས་པའི་ཡིག་ཆ་སྤེལ་བ་དེ་ལམ་སྲོལ་ཞིག་ཡིན། འོན་ཀྱང་། སྤྱི་ཟླ ༡༢ པའི་ཚེས༡༨རེས་གཟའ་ཟླ་བའི་ཉིན། ཨ་རིའི་སྲིད་འཛིན་དགྲ་ནོན་ཁྲོ་འབར་གྱིས་སྤེལ་བའི་རྒྱལ་ཁབ་བདེ་འཇགས་འཐབ་ཇུས་ཡིག་ཆ་དེ་སྔོན་བྱོན་སྲིད་འཛིན་རྣམ་པ་དང་ཅུང་ཐ་དད་པ་ཞིག་ཆགས་ཡོད། ཁོང་གིས་ཚིག་སྦྱོར་རྩུབ་མོས་རྒྱ་ནག་དང་ཨུ་རུ་སུ་གཉིས་ནི“ཨ་རིའི་ཁེ་ཕན་ལ་གནོན་གཙིར་དང་བཀག་སྐྱིལ”བྱས་ཚུལ་སུན་འབྱིན་དང་ཁ་རྡུང་བཏང་འདུག
རེས་གཟའ་ཟླ་བའི་ཉིན་ཨ་རིའི་སྲིད་འཛིན་དགྲ་ནོན་ཁྲོ་འབར་ལགས་ཀྱིས་ཡོངས་ཁྱབ་ཏུ་བསྒྲགས་པའི་རྒྱལ་ཁབ་བདེ་འཇགས་འཐབ་ཇུས་ཡིག་ཆ་དང་པོ་རུ་རྒྱ་ནག་དང་ཨུ་རུ་སུ་གཉིས་ནི་ཨ་མེ་རི་ཀའི་ཁེ་ཕན་ལ་གནོན་གཙིར་དང་བཀག་སྐྱིལ་བྱེད་པའི “བཟོ་བཅོས་རིང་ལུགས་ཀྱི་རྒྱལ་ཁབ” ཆེན་པོ་གཉིས་སུ་ངོས་འཛིན་བྱས་ཡོད་པ་རེད། རྒྱལ་ཁབ་བདེ་འཇགས་འཐབ་ཇུས་ཡིག་ཆ་སྤེལ་སྲོལ་དེ་ཨ་རིའི་སྲིད་འཛིན ༤༠ པ་རཱོ་ནལ་ཌི རའེ་གྷན (Ronald Reagan)ནས་ལག་བསྟར་བྱས་པའི་ལམ་སྲོལ་ཞིག་ཡིན་ཞིང་། རྒྱུན་སྲོལ་ལྟར་ན་ཡིག་ཆ་དེ་སྲིད་འཛིན་གྱི་རྒྱལ་སྤྱིའི་སྲིད་ཇུས་ཀྱི་སྒྲོམ་གཞི་ཆགས་ཀྱིན་ཡོད་པ་རེད།
སྲིད་འཛིན་ཁྲོ་འབར་ལགས་ཀྱིས་འདས་པའི་ཟླ ༡༡ རིང་གྲབས་གཤོམ་དང་ནང་མོལ་ལས་གྲུབ་པའི་རྒྱལ་ཁབ་བདེ་འཇགས་འཐབ་ཇུས་ཡིག་ཆ་དེའི་ཚིག་སྦྱོར་ཤིན་ཏུ་རྩུབ་ཅིང་ཧྲགས་པ་དང་། མཐའ་གཅིག་ཏུ་རྒྱ་ནག་དང་ཨུ་རུ་སུ་གཉིས་འཐབ་ཇུས་འགྲན་རྩོད་ཁ་གཏད་དུ་ངོས་འཛིན་བྱས་ནས་ངོ་བོ་གཏན་ཁེལ་བྱས་འདུག
རྒྱལ་ཁབ་བདེ་འཇགས་འཐབ་ཇུས་ཡིག་ཆའི་ནང་། རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱིས་ཨ་མེ་རི་ཀའི་རྒྱལ་ཁབ་ཀྱི་ནུས་ཤུགས་དང་། ཤུགས་རྐྱེན། ཁེ་ཕན་ལ་འགྲན་ཟླ་སློང་པ་བརྒྱུད། ཨ་མེ་རི་ཀའི་བདེ་འཇགས་དང་ཁ་ཆེ་དབང་ཐང་ལ་གནོད་འཚེ་དང་བསླད་སྐྱོན་གཏོང་རྩིས་ཀྱི་གཡོ་ཧམ་འཐེན་ཡོད། ཅེས་བཀོད་འདུག
འདི་ལྟ་བུའི་ཚ་ཞིང་དྲག་པ། རྩུབ་ཅིང་ཧྲགས་པའི་ཚིག་སྦྱོར་དང་། དེ་སྔ་སྲིད་འཛིན་ཁྲོ་འབར་དང་རྒྱ་ནག་གི་ཀྲུང་ཞི་ཞི་ཅིན་ཕེང་དང་ཨུ་རུ་སུ་སྲིད་འཛིན་ཕུ་ཊེན་གཉིས་མཇལ་མོལ་སྐབས་ཀྱི་རྣམ་འགྱུར་གཉིས་རྦད་དེ་ལྡོག་ཟླ་རུ་གྱུར་ཡོད།
ད་དུང་འཐབ་ཇུས་ཡིག་ཆ་དེའི་ནང་། རྒྱ་ནག་གིས་ཨེ་ཞི་ཡ་གླིང་ཆེན་དུ་ཨ་མེ་རི་ཀའི་ཚབ་བྱེད་འདོད་ཀྱི་ཧམ་སེམས་ཡོད་ཚུལ་སུན་འབྱིན་བཏང་ཡོད་པ་མ་ཟད། པེ་ཅིང་གཞུང་གི་བྱ་སྤྱོད་ལ་ཨ་རི་མ་དགའ་མ་མོས་སའི་དཔེ་མཚོན་རབ་དང་རིམ་པ་དྲངས་ཡོད་པའི་ཁོངས་སུ། ཤེས་ཡོན་གྱི་སྒེར་བདག་ཐོབ་ཐང་རྐུ་ཁྱེར་ནས་རྒྱ་ནག་གི “སྲིད་དབང་སྒེར་གཅོད་ལམ་ལུགས་དེ་ཡུལ་གྲུ་མང་པོར་སྒྲོག་སྤེལ” བྱས་ལུགས་སོགས་བསྡུས་ནས། ཡིག་ཆའི་ནང་། བློ་ཕམ་པའི་གཞི་ཞིག་ནི། རྒྱ་ནག་གཞུང་གིས་རང་གི་དངོས་ཡོད་ནུས་ཤུགས་རྒྱ་བསྐྱེད་པ་དང་དུས་མཉམ་དུ། ཡ་ང་སྤུ་ཙམ་ཡང་མེད་པའི་སྒོ་ནས་རྒྱལ་ཁབ་གཞན་དག་གི་བདག་དབང་རིན་དོད་དུ་གཏོང་སྟངས་དེ་རེད། ཅེས་བཀོད་ཡོད་པ་རེད།
ཕོ་བྲང་དཀར་པོས་རྒྱ་ནག་ལ་སུན་འབྱིན་ཁ་རྡུང་བཏང་བའི་མ་ཚད། ཨུ་རུ་སུ་ཡི་རྡུལ་ཕྲན་མཚོན་ཆ་ནི་ཨ་མེ་རི་ཀའི་མདུན་ན་ལྷག་པའི་མི་མངོན་པའི་ཉེན་ཁ་དེ་ཡིན་ལ། ཁཱི་རེམ་ལིན(Kremlin) གཞུང་གིས་ཐོལ་རྒལ་རྒྱལ་ཁབ་གྱི་གོ་ས་སླར་གསོ་བྱེད་འདོད་ཡོད་པ་མ་ཟད་མཐའ་འཁོར་ས་ཁུལ་དུ་སྟོབས་ཤུགས་ཁྱབ་ཁོངས་བསྐྲུན་གྱིན་ཡོད་ཅེས་བཀོད་པ་དང་ཆབས་ཅིག ཨུ་རུ་སུས་ཐབས་བརྒྱ་ཇུས་སྟོང་གིས་འཛམ་གླིང་ཁྱོན་ཡོངས་ཀྱི་ཨ་རིའི་ཤུགས་རྐྱེན་གཅོག་ཐབས་བྱེད་ཀྱིན་ཡོད་ལ། དེ་མིན་ཨ་རི་དང་མནའ་འབྲེལ་རྒྱལ་ཁབ་བར་ཕྲ་མ་དཀྲུག་ཤིང་རྒྱག་གིན་ཡོད་ལུགས་སྐྱོན་བཙུགས་འདུག
ཨ་རིའི་རྒྱལ་ཁབ་བདེ་འཇགས་འཐབ་ཇུས་ཡིག་ཆ་དེ་ལེའུ་བཞི་ཡིས་དབྱེ་ཡོད་པ་དང་། དེ་ཡང་།
ལེའུ་དང་པོ། ཨ་རིའི་ས་ཁོངས་དང་མི་དམངས་ལ་སྲུང་སྐྱོབ།
ལེའུ་གཉིས་པ། ཨ་རིའི་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད།
ལེའུ་གསུམ་པ། དྲག་པོའི་སྟོབས་ཤུགས་ལ་བརྟེན་ནས་ཞི་བདེ་སྲུང་སྐྱོང་།
ལེའུ་བཞི་པ། ཨ་རིའི་ཤུགས་རྐྱེན་ཇེ་ཆེར་གཏོང་རྒྱུ།
རྒྱལ་ཁབ་བདེ་འཇགས་འཐུབ་ཇུས་ཡིག་ཆ་ཁྱབ་བསྒྲགས་བྱས་པའི་མཚན་མོ་དེར། སྲིད་འཛིན་ཁྲོ་འབར་ལགས་ཀྱིས་ཨ་རིའི་གྲོས་ཚོགས་སུ་གསལ་བཤད་ཀྱི་གཏམ་བཤད་གནང་ཡོད་པ་དང་། ཨ་རིའི་སྨྱན་བྱེད་ནིའུ་ཡོག་དུས་བབ་སོགས་ཀྱིས་སྲིད་འཛིན་གྱི་གཏམ་བཤད་དེ་ཡིག་ཆའི་ཁྱབ་ཁོངས་ལས་བརྒལ་ཡོད་ལུགས་སྐྱོན་བརྗོད་བྱས་ཡོད་མོད། ནིའུ་ཡོག་དུས་བབ་དང་སྲིད་འཛིན་གཉིས་འཆམ་པོ་མེད་པས་དེ་འདྲའི་སྐྱོན་འཛུགས་ལ་ཡ་མཚར་མི་དགོས། ཤོག་ངོས ༦༨ ཅན་གྱི་རྒྱལ་ཁབ་བདེ་འཇགས་འཐབ་ཇུས་དེ་སྲིད་འཛིན་ཁྲོ་འབར་གྱིས་དུས་ཚོད་སྐར་མ་ཁ་ཤས་སུ་བཤད་ཚང་རྒྱུ་དཀའ་མོ་རེད། ཡིན་ན་ཡང་། སྲིད་འཛིན་མཆོག་གིས་ཁོང་རང་ཉིད་ཀྱི་གཤིས་ཀ་དང་ཁྱད་ཆོས་དང་འཚམས་པའི་གསལ་བཤད་གནང་ཡོད་པ་རེད།
སྲིད་འཛིན་ཁྲོ་འབར་མཆོག་གིས་གཏམ་བཤད་སྐབས་གཙོ་བོ་ཕྱོགས་ལྔ་ནས་གསེད་བཀྲོལ་བྱས་ཡོད་ལ།
གཅིག༽ འཛམ་གླིང་ཁྱོན་ཡོངས་སུ་རྒྱ་ནག་དང་ཨུ་རུ་སུ་གཉིས་འགྲན་ཡ་ཡིན་ཞེས་བརྗོད་པ་མ་ཟད། ཁ་གཏད་ཀྱི་འགྲན་ཡ་ཡིན་ཞེས་ཕྱོགས་གཉིས་ཀའི་འབྲེལ་བ་གཏན་འབེབས་བྱས་ཡོད།
གཉིས༽ ཀོ་རེ་ཡ་ཕྱེད་གླིང་གི་རྡུལ་ཕྲན་མཚོན་ཆའི་གནད་དོན་དེ་ཡིན་གཅིག་མིན་གཉིས་ཐག་གཅོད་ཐུབ་དགོས་པ་མ་ཟད། དགོས་ངེས་ཀྱི་བྱེད་ཐབས་ཐམས་ཅད་བཀོལ་ནས་རྡུལ་ཕྲན་མཚོན་ཆ་མེད་པའི་ཀོ་རེ་ཡ་ཕྱེད་གླིང་ཞིག་བསྐྲུན་རྒྱུའི་དམིགས་ཡུལ་དེ་མངོན་པར་གྱུར་དགོས་ཚུལ་འགྲེལ་བརྗོད་གནང་འདུག
གསུམ༽ དཔལ་འབྱོར་དར་རྒྱས་ནི་རྒྱལ་ཁབ་བདེ་འཇགས་ཀྱི་གཞི་རྩ་ཡིན་པ་ནན་གྱིས་བརྗོད་པ་དང་ཆབས་ཅིག སྲིད་འཛིན་མཆོག་གིས་བདེ་འཇགས་ཀྱི་སླད་དུ་དར་རྒྱས་བློས་བཏང་ཚེ་མཐའ་མཇུག་བདེ་འཇགས་དང་དར་རྒྱས་གཉིས་ཀ་ཡོད་མ་ཡིན། བདེ་འཇགས་ཀྱི་རྨང་གཞི་དར་རྒྱས་ཡིན་པས། དར་རྒྱས་དང་མ་འབྲེལ་པའི་བདེ་འཇགས་ཤིག་ཡོད་མི་སྲིད། ཅེས་བརྗོད་འདུག
བཞི༽ ཨ་མེ་རི་ཀས་མུ་མཐུད་ནས་དངོས་ཡོད་སྟོབས་ཤུགས་ལ་བརྟེན་ནས་བདེ་འཇགས་སྲུང་སྐྱོབ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་རྒྱུ། གོ་སླ་བོར་བཤད་ན་དམག་ཤུགས་ཇེ་ཆེ་ཇེ་རྒྱས་སུ་གཏོང་རྒྱུ་དེ་རེད།
ལྔ༽ ཨ་རིས་དེང་ཐོག་གི་རྒྱལ་ཁབ་འཛུགས་པའི་འདུ་ཤེས་སླར་གསོ་བྱེད་རྒྱུ་ཡིན་ཟེར། འདི་ཧ་ཅང་གི་གལ་ཆེན་པོ་ཆགས་ཡོད།
གཏམ་བཤད་ཀྱི་མཇུག་ཏུ་སྲིད་འཛིན་ཁྲོ་འབར་མཆོག་གིས་ཨ་མེ་རི་ཀའི་སྙིང་སྟོབས་སླར་གསོ་བྱ་རྒྱུ་དང་། མེས་པོའི་བློ་གྲོས་དང་རྣམ་དཔྱོད་དྲན་གསོ་བྱས་ནས་རླབས་ཆེན་གྱི་ཨ་མེ་རི་ཀ་སླར་གསོ་བྱེད་རྒྱུ་ཡིན་ཞེས་ང་རྒྱལ་དང་སྤོབས་པ་ཆེན་པོས་བརྗོད་འདུག
སྲིད་འཛིན་དགྲ་ནོན་ཁྲོ་འབར་གྱི་མ་འོངས་པའི་རྒྱལ་ཁབ་བདེ་འཇགས་ཀྱི་ངོས་འཛིན་དེ་ནི་ཁོང་གི་དེང་ཐོག་གི་རླབས་ཆེན་གྱི་ཨ་མེ་རི་ཀ་སླར་གསོ་ཞེས་པའི་དམུགས་ཡུལ་དེ་བསྒྲུབ་པར་བརྩོན་པའི་བྱེ་བྲག་གི་རྣམ་པ་ཡིན།
འོ་ན་ད་ལྟ་ཨ་རི་རླབས་ཆེན་མ་ཡིན་པའི་རྒྱུ་མཚན་གང་ཡིན་ནམ་ཞེ་ན། སྲིད་འཛིན་ཁྲོ་འབར་གྱིས་བཤད་སྲོལ་ལྟར་ན། མ་མཐའ་ཡང་སྲིད་འཛིན་བྷེལ་ཁི་ལེན་ཊོན་དང་ཨོ་བྷ་མའི་འཛིན་སྐྱོང་རིང་། ཚོང་ལས་དང་དཔལ་འབྱོར་གྱི་ཁེ་ཕན་ཡོད་ཚད་གཞན་ལ་རིན་མེད་དུ་བྱིན། མཐའ་མཚམས་ཀྱི་སྒོ་ཡོངས་སུ་ཕྱེས། དམག་དོན་རྟེན་གནས་མང་པོ་ཞིག་མེད་པར་བཟོས་པ་ལ་སོགས་ལས་བྱུང་ཡོད་པས། ད་ལྟ་ཚོང་ལས་ཁེ་ཕན་ཕྱིར་ལེན་རྒྱུ་དང་། དམག་དོན་རྟེན་གནས་དམ་སྲུང་བྱ་རྒྱུ། མཐའ་མཚམས་ལ་ལྟ་སྲུང་ནན་མོ་བྱས་ནས་ཨ་རི་དར་རྒྱས་སུ་གཏོང་རྒྱུ། དེ་ཚོས་རྒྱ་ནག་དང་ཨུ་རུ་སུ་ལྟ་བུའི་དབང་དྲག་སྲིད་དབང་དག “འཐབ་ཇུས་གྲོགས་པོ” རུ་ངོས་འཛིན་བྱས་ཡོད་པས། ད་ནས་བཟུང་རྒྱ་ནག་དང་ཨུ་རུ་སུ་ལྟ་བུའི་ཨ་རི་རྒྱལ་ཁབ་གྱི་ཁེ་ཕན་ལ་གནོན་གཙིར་དང་བཀག་སྐྱིལ་བྱེད་མཁན་རྒྱལ་ཁབ་དག་ཁ་གཏད་ཀྱི་འགྲན་ཡ་ཡིན་པ་ལས་གྲོགས་པོ་མིན་ཞེས་གསལ་བོར་བརྗོད་འདུག
འོ་ན། ཨ་རིའི་མེས་པོ་རྣམ་པའི་བློ་གྲོས་དང་རྒྱལ་ཁབ་འཛུགས་པའི་རྩ་དོན་ཟེར་བ་དེར་གོ་བ་ཇི་ལྟར་ལེན་དགོས་ཞེ་ན། ཨ་རིའི་རྒྱལ་ཁབ་ཀྱི་ཡབ་ཆེན་ཚོའི་འདུ་ཤེས་དེ་ཁྱབ་ཁོངས་གསུམ་དུ་བསྡུས་ཆོག་པར་སེམས།
༡༽ རྒྱལ་ཁབ་འཚོ་ཞིག་གནས་དགོས་པའི་དགོས་པ་རྒྱུ་མཚན།
དེ་ནི་མི་སྒེར་གྱི་ཐོབ་ཐང་དང་ཆེ་མཐོང་ཁག་ཐེག་བྱས་པའི་རྨང་གཞིའི་སྟེང་ཆགས་པ་ཞིག་རེད། འདི་ན་མཉམ་འཇོག་བྱེད་རྒྱུ་ཞིག་ལ “མི་སྒེར་གྱི་ཐོབ་ཐང” དམིགས་སུ་བཀར་ཡོད་པ་དེ་ཡིན། ཁྱིམ་ཚང་ཁྲི་འབུམ་གྱི་རྒྱལ་ཁབ་ཞེས་བཤད་སྲོལ་ཡོད་པ་ལྟར། རྒྱལ་ཁབ་ཀྱི་སྔོན་ལ་ཁྱིམ་ཚང་ཡོད། ཁྱིམ་ཚང་སྔོན་ལ་བྱུང་ནས་རྒྱལ་ཁབ་ཆགས་པ་རེད་མ་གཏོགས་རྒྱལ་ཁབ་སྔོན་ལ་ཆགས་ནས་ཁྱིམ་ཚང་རྗེས་སུ་བྱུང་པ་མ་རེད། དེ་བཞིན་དུ་སོ་ཕག་སྔོན་ལ་ཡོད་ནས་རྩིག་པ་བྱུང་པ་རེད་མ་གཏོགས་རྩིག་པ་སྔོན་ལ་ཆགས་ནས་སོ་ཕག་རྗེས་སུ་བྱུང་བ་མ་རེད།
༢༽ ཐུན་མོང་དབང་ཆའི་འབྱུང་ཁུངས་དང་དེ་གནས་པའི་དགོས་པ།
ཐུན་མོང་དབང་ཆ་གནས་པའི་དགོས་པ་ནི་མི་དམངས་ཀྱི་ཆེད་དུ་གནས་ཡོད་པ་རེད། མི་སྒེར་གྱི་ཐོབ་ཐབ་སྲུང་སྐྱོབ་བྱེད་རྒྱུ་ལས་བཙན་གནོན་བྱེད་རྒྱུ་དེ་མིན། གཞུང་གི་ཡང་ཏིག་གི་ཁྱད་ཆོས་ནི ༡༨༦༣ ལོར་ཨ་རིའི་སྲིད་འཛིན ༡༦ པ་སྐུ་ཞབས་ཨ་བྷིར་ཧམ་ལིན་ཁོན(Abraham Lincoln)མཆོག་གིས་གཞུང་ལ་བཞག་པའི་མཚན་ཉིད་ལས་མ་འདས་ལ། དེ་ནི་དམངས་ཀྱི་གཞུང་། དམངས་ཀྱིས་སྐྱོང་བའི་གཞུང་། དམངས་ཀྱི་ཆེད་དུ་བཙུགས་པའི་གཞུང་། ( of the people, by the people, for the people ).
༣༽ དབང་ཆ་ཆ་བགོ བཏང་སྙོམས་ལྟ་རྟོག་སྟེ།
ནམ་རྒྱུན་དམངས་གཙོའི་ཀ་བ་གསུམ་ཟེར་བ་དེ་ཡིན།
ཨ་རིའི་རྒྱལ་ཡབ་ཆེན་མོ་དག་གི་བསམ་བློ་འདུ་ཤེས་གོང་ཞུས་འདི་གསུམ་དུ་ཚུད་ཡོད་པར་འདོད་ཆོག
དོན་དམ་པའི་བཤད་ན། སྲིད་འཛིན་ཁྲོ་འབར་མཆོག་གིས་ནམ་རྒྱུན་མི་དམངས་ཞེས་པའི་མིང་ཚིང་འདི་ཁའི་ནང་དུ་འཕྲད་དུ་བཟུང་ཡོད་པས། སྤྱི་ཚོགས་ཀྱིས་ཁོང་ལ་མི་དམངས་རིང་ལུགས་པ་ཞིག་ཏུ་ངོས་འཛིན་བྱས་ཡོད། འོན་ཀྱང་དེ་ཏག་ཏག་ཅིག་མ་རེད་བསམ་སོང་། ཨ་རིའི་རྒྱལ་ཁབ་འཛུགས་པའི་འདུ་ཤེས་ཀྱིས་ཀྱང་མི་དམངས་ཨང་དང་པོར་བཞག་ཡོད། ཡིན་ན་ཡང་འདུ་ཤེས་དང་ལམ་ལུགས་ཀྱི་དབང་གིས་མི་དམངས་ལ་ཁྱད་པར་ཆེན་པོ་ཡོད། ཨ་རིའི་རྒྱལ་ཡབ་ཚོས་བཤད་པའི་མི་དམངས་དང་རྒྱ་ནག་གཞུང་གི་བཤད་ཀྱིན་པའི་མི་དམངས་གཉིས་དོན་གྱིས་ཁ་ཁ་ཡིན། རྒྱ་ནག་གཞུང་གིས་ནམ་རྒྱུན་བཤད་ཀྱིན་པའི་མི་དམངས་ཞེས་པ་དེ་དོན་མེད་ཁོག་སྟོང་གི་ཐུན་མོང་གི་མི་གཤིས་ཙམ་ཡིན་ལ། ཨ་རིའི་རྒྱལ་ཡབ་ཚོས་བཤད་པའི་མི་དམངས་ནི་མི་སྒེར་གྱི་ཐོབ་ཐང་ཕྱོགས་གཅིག་ཏུ་སྤུངས་པའི་སྤྱི་མིང་ཞིག་ཡིན། སྲིད་འཛིན་ཁྲོ་འབར་ལགས་ཀྱིས་དབང་ཆ་ཕྱིར་མི་དམངས་ལ་སྤྲོད་རྒྱུ་ཞེས་པ་དེ་དོན་གྱིས་ཕྱིར་ཨ་རིའི་རྒྱལ་ཁབ་འཛུགས་པའི་རྩ་དོན་སྟེང་ལོག་པར་གོ་ཆོག དེ་དང་ཞི་ཅིན་ཕེང་གི “ཐོག་མའི་དམིགས་ཡུལ་མི་བརྗེད不忘初心” ཅེས་པ་གཉིས་གཅིག་མཚུངས་ཡིན། འོན་ཀྱང་ཞི་ཅིན་ཕེང་གི་ཐོག་མའི་དམིགས་ཡུལ་ནི་གུང་ཁྲན་ཚོགས་པའི་དམིགས་ཡུལ་ཡིན་ལ། ཁྲོ་འབར་གྱི་ཐོག་མའི་དམིགས་ཡུལ་ནི་ཨ་རིའི་རྒྱལ་ཡབ་ཚོའི་དམིགས་ཡུལ་ཡིན་པས། དོན་གྱི་ཆ་ནས་བླ་མ་ལྷོ་རུ་བཞག་ནས་སྐུ་ཆས་བྱང་ལ་བསྐྱལ་བའི་དཔེ་ལྟར་ཁ་ཁ་སོ་སོ་ཡིན།
ཨ་རིའི་སྲིད་འཛིན་གྱིས་ལམ་སྲོལ་ལྟར་རྒྱལ་ཁབ་བདེ་འཇགས་འཐབ་ཇུས་ཡིག་ཆ་བཏོན་པར་རྒྱ་ནག་གི་འཁང་ར་དང་སྦྲགས་ཐེ་བྱུས་བྱེད་དོན་ཅི་ཞིག་ཡིན་ནམ་ཞེ་ན། ཡིག་ཆ་དེ་རྒྱ་ནག་གི་ཕྲ་ས་ཉག་སར་ཕོག་ཡོད་པས་རྒྱ་ནག་གིས་ཐེག་དཀའ་བའི་གནོན་ཤུགས་ཞིག་ཚོར་ཡོད་པས་ཡིན་རྒྱུ་རེད།
ཐོག་མའི་ཐུག་ས་དེ་དཔལ་འབྱོར་དང་ཚོང་ལས་ཡིན་པས། ཨ་རི་དང་རྒྱ་ནག་བར་དཔལ་འབྱོར་འཐབ་འཁྲུག་མི་ལངས་ན་ཡང་རྩོད་པ་ཆེན་པོ་ཞིག་ལངས་རྒྱུར་གཡོལ་ཐབས་མེད། རྒྱུ་མཚན་ནི་སྲིད་འཛིན་ཁྲོ་འབར་གྱིས་དར་རྒྱས་དང་བདེ་འཇགས་མཉམ་སྲུང་མཉམ་སྐྱོང་གི་རྩ་དོན་ཞིག་གཏན་འབེབས་བྱས་ཡོད་པས་ཡིན། རྒྱལ་ཁབ་ཅིག་གི་དར་རྒུད་ནི་རྒྱལ་ཁབ་དེའི་བདེ་འཇགས་ཀྱི་ནང་དོན་གྱི་ཆ་ཤས་སུ་གྱུར་ཡོད་ན། དེ་ནི་ཁྲོ་འབར་གྱི་སྲིད་འཛིན་བསམ་གཞིག་ཁྲོད་ཀྱི་བྱས་རྗེས་ཤིག་ལ་ངོས་འཛིན་བྱ་ཆོག དེའི་སྟབས་ཀྱིས། ཁྲོ་འབར་གྱིས་ཚོང་ལས་སྲུང་སྐྱོང་རིང་ལུགས་བཀོལ་རྒྱུར་འཛེམ་བག་མེད་པའི་ངང་དམིགས་ཡུལ་དེ་འགྲུབ་ཐབས་བྱེད་ངེས་ཡིན། ལྷག་པར་དུ་ཨ་རིའི་དཔྱ་ཁྲལ་གཞི་རྒྱ་ཆེན་པོས་ཆག་ཡང་བཏང་བའི་སྲིད་ཇུས་དེའི་དབང་གིས་འཛམ་གླིང་སྟེང་གི་ཡུལ་གྲུ་དང་ས་ཁུལ་སོ་སོ་ནས་མ་རྩ་ཕྱིར་ཨ་རིའི་ནང་ཡོང་ངེས་ཡིན་པ་རེད། དེ་དང་དེ་ལྟ་བུའི་གནད་དོན་ལ་གདོང་ལེན་ཇི་ལྟར་བྱེད་རྒྱུ་དེ་ཞི་ཅིན་ཕེང་གི་རྣམ་དཔྱོད་ལ་ཐུག་ཡོད།
དེ་མིན་སྲིད་འཛིན་ཁྲོ་འབར་གྱིས་དམག་དོན་རྒྱ་བསྐྱེད་གཏོང་རྒྱུ་ཡིན་ཟེར། སྲོལ་རྒྱུན་གྱི་དམག་དོན་ལས་གཞན། བར་སྣང་དང་དྲྭ་རྒྱ་སོགས་རྩེ་གྲའི་ཚན་རིག་དང་ལག་རྩལ་གྱི་ཁྱབ་ཁོངས་སུ་མདུན་སྐྱོད་དང་མཐོར་འདེགས། དམ་སྲུང་བཅས་བྱ་ཐབས་བརྒྱུད་ཨ་རིའི་དགེ་མཚན་འབུར་དུ་ཐོན་ཐབས་བྱེད་ངེས་ཡིན། དེ་ལ་པེ་ཅིང་གིས་གདོང་ལེན་ཇི་ལྟར་བྱེད་དམ། དེ་ཡང་ཞི་ཅིན་ཕེང་གིས་འདང་རྒྱག་ས་གཅིག་ཡིན།
གཞན་སྲིད་འཛིན་ཁྲོ་འབར་གྱིས་རྒྱ་ནག་དེ་ཁ་གཏད་ཀྱི་འགྲན་ཡ་རུ་ངོས་འཛིན་གསལ་བོ་བྱས་ཡོད་སྟབས། ཁ་གཏད་ཀྱི་འགྲན་ཡ་ཡིན་ན་གཞུང་འབྲེལ་གྱི་བརྒྱུད་ལམ་ཙམ་མ་ཡིན་པར་གཞུང་གི་རྒྱབ་ལྗོངས་ཡོད་པའི་དམངས་ཁྲོད་བརྒྱུད་ལམ་ལའང་དམ་འཛིན་བྱེད་སྲིད། དཔེར་ན་ཨ་རིའི་སློབ་ཆེན་ཁག་ཏུ་བཙུགས་ཡོད་པའི་ཁཱོན་ཙི་སློབ་གླེང་ཟེར་བ་དང་། གསར་འགྱུར་སྨྱན་བྱེད་ཀྱི་མིང་ཁྱེར་བའི་ཨ་རིའི་ག་ས་གང་དུ་ཁྱབ་པའི་ལས་ཁུངས་དེ་དག་ལ་བཏང་འཛིན་བྱེད་སྲིད།
གཞན་པ་ཞིག་ནི་བྱང་ཀོ་རེ་ཡའི་རྡུལ་ཕྲན་མཚོན་ཆའི་གནད་དོན་ཡིན། སྲིད་འཛིན་ཁྲོ་འབར་གྱི་མ་མཐའི་ཚད་ཐིག་ནི་བྱང་ཀོ་རེ་ཡར་རྒྱལ་ཁབ་གཞན་ལ་གནོད་འཚེ་གཏོང་ནུས་པའི་ལག་ཆ་ཡོད་མི་རུང་བ་དེ་ཡིན་ན། རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདའ་སོགས་གཅིག་ཀྱང་ཡོད་མི་ཆོག་པ་རེད། གལ་ཏེ་ཕྱི་འབྲེལ་གྱི་ལམ་ནས་གནད་དོན་ཐག་གཅོད་མ་ནུས་ཚེ། ཨ་རིས་དམག་དོན་ལ་བརྟེན་ནས་ཐག་གཅོད་རྒྱུ་གདམ་ཀའི་རྣམ་གྲངས་སུ་ཡོད་ན། རྒྱ་ནག་གི་མ་མཐའི་ཚད་ཐིག་གང་ན་ཡོད། ཨ་རིས་དེ་ལྟ་བུའི་དྲག་ཅིང་ཧྲགས་པའི་ལངས་ཕྱོགས་བཟུང་ཚེ། རྒྱ་ནག་གིས་ཨ་རི་དང་མཉམ་འབྲེལ་བྱེད་དགོས་པའི་དགོས་པ་མཐོང་སོང་ངམ། དེ་ཡང་ཞི་ཅིན་ཕེང་གི་བསམ་བློ་མི་གཏོང་རང་གཏོང་གི་གནད་དོན་ཞིག་ཡིན།
སྲིད་འཛིན་དགྲ་ནོན་ཁྲོ་འབར་གྱི་རྒྱལ་ཁབ་བདེ་འཇགས་འཐབ་ཇུས་ཡིག་ཆ་དེ་མདོར་བསྡུས་ན། འདས་པའི་ལོ ༢༥འི་ནང་ཨ་མེ་རི་ཀའི་རྒྱ་ནག་ཐད་གཏན་འབེབས་དང་ལག་ལེན་དུ་བསྟར་བའི་སྲིད་ཇུས་དང་འཐབ་ཇུས་ལ་འགྱུར་བ་ཆེན་པོ་ཞིག་བཏང་ཡོད། དེང་ཐོག་གི་རྒྱ་ནག་ལ་དཔལ་འབྱོར་གྱི་ཁེ་ཕན་སྤྲད་ནས་རིམ་བཞིན་ལམ་ལུགས་ལ་འགྱུར་བ་གཏོང་རྒྱུའི་འཐབ་ཇུས་དེར་ཕམ་ཁ་བྱུང་སྟེ། རེ་བ་དེ་རེ་སྟོང་དུ་གྱུར་སྟབས། དགེ་མཚན་ཅན་གྱི་བགྲོད་ལམ་གསར་བ་ཞིག་ལ་ཞུགས་རྒྱུ་ཁ་ཚ་དགོས་གཏུག་ཏུ་གྱུར་བ་རེད། ཡིན་ན་ཡང་ཁྲོ་འབར་གྱི་འཐབ་ཇུས་དེར་གྲུབ་འབྲས་ག་འདྲ་ཞིག་ཡོང་མིན་རིམ་གྱི་བལྟ་ཆོག
གང་ལྟར། འདས་པའི་ཟླ ༡༡ རིང་། སྲིད་འཛིན་ཁྲོ་འབར་ལགས་ཀྱིས་དེང་ཐོག་གང་ཉིད་ཀྱིས་སྲིད་འཛིན་གདམ་རྩོད་སྐབས་མི་དམངས་ལ་ཁས་བླངས་བ་ཁག་རེ་རེ་བཞིན་ལག་ལེན་དུ་བསྟར་གྱིན་ཡོད་པས། ཁོང་ནི་ཁ་བཤད་དོན་ལ་གནས་པའི་སྐྱེས་མཆོག་ཅིག་ཡིན་པ་ཤེས་ཐུབ། དེ་མིན་རླབས་ཆེན་གྱི་ཨ་མེ་རི་ཀ་སླར་གསོ་བྱ་རྒྱུ་ནི་ཁོང་གི་དམིགས་ཡུལ་ཡིན་ཞིང་། སྤྱིར་བཏང་བཤད་ན་ཨ་མེ་རི་ཀ་ཉམས་དམས་སུ་སོང་ཡོད་མེད་ཀྱང་རྩོད་པའི་གནས་ཡིན་ན། སླར་གསོ་ཞེས་པ་གང་ནས་བཤད་དམ། ཡིན་ན་ཡང་། རང་ལ་དོ་མེད་ན་གཞན་ལ་གང་སྟེར་མི་ནུས་པ་ནང་བཞིན། རང་ཉིད་སྲ་ཏག་ཏག་ཅིག་བཟོས་རྗེས་ད་གཟོད་གཞན་ཕན་གྱི་ལས་དོན་སྒྲུབ་ཐུབ་པ་དང་། ཨ་རིས་མུ་མཐུད་ནས་འཛམ་གླིང་དབུ་ཁྲིད་དང་གོ་ལའི་ཉེན་རྟོག་པའི་གོ་ས་གློད་མི་འདོད་ན། མི་རྣམ་པས་ཡིད་སྨོན་ཤོར་སའི་རླབས་ཆེན་གྱི་ཨ་མེ་རི་ཀ་དེ་སླར་གསོ་བྱེད་རྒྱུ་ནི་ནོར་མེད་འཁྲུལ་མེད་ཀྱི་བྱ་བཞག་རླབས་པོ་ཆེ་དེ་ཡིན་པ་སྨོས་མ་དགོས་སོ།