____རྒྱ་ནག་གི་མངོན་ལྐོག་རྐྱ་འཐབ་པའི་ཆབ་སྲིད་རིག་གནས་ཀྱི་མཇུག་འབྲས་གླེང་བ།

ང་རྒྱལ་གྱིས་རང་ཚུལ་བརྗེད་པའི་རྒྱ་ནག་དེང་གཞུང་གི་འཛམ་གླིང་གང་སའི་དམངས་གཙོའི་རྒྱལ་ཁབ་དང་ཡུལ་གྲུ་དག་ན་ནུབ་གླིང་གི་རིན་ཐང་ལྟ་བར་གནོན་གཙིར་དང་། དམངས་གཙོའི་ལམ་ལུགས་གཏོར་བཤིག་སླད་བརྩམས་པའི་སྤྱོད་ངན་གྱིས་མི་རྣམས་པའི་དོགས་པ་བསླངས་ཡོད།
རྒྱ་ནག་གིས་ཕོན་ཆེ་བའི་འཛད་སྤྱོད་ཁྲོམ་ར་སླུ་ཟན་དུ་བཀོལ་ཕྱིར་ཨ་མེ་རི་ཀའི་རྩེ་གྲའི་ཁེ་ལས་ཁག་ཅིག་རྒྱ་གཞུང་གི་སླུ་བྲིད་འོག་ཚུད་ཡོད་ལ། བརྗེ་རེས་ཀྱི་ཚུལ་དུ། ཀུ་ཤུ་དང་ལིན་ཀི་ཨེན(LindedIn)ལྟ་བུའི་ཁེ་གཉེར་ལས་ཁང་གིས་རྒྱ་ནག་གཞུང་གི་སྒྲིག་སྲོལ་ལ་གཙི་སྲུང་བྱེད་རྒྱུ་ཁས་བླངས་ཡོད་པས། དེ་ནི་ཞིབ་བཤེར་ལམ་ལུགས་ལ་མགོ་བོ་བསྒུར་བ་ལས་གཞན་འགྲེལ་བཤད་མེད།
དེ་མིན། ཨ་རིའི་སློབ་ཆེན་ཁག་གི་རྒྱ་ནག་གཞུང་གི་མ་རྩ་དང་ལེན་བྱས་ཏེ་ཁཱོན་ཙི་སློབ་གླེང་ཞེས་པ་བཙུགས་པ་དེས་རིག་གཞུང་རང་དབང་བརླག་འགྲོ་བའི་ཉེན་ཁར་ཐུག་ཡོད་པ་དང་། ཁཱོན་ཙི་སློབ་གླེང་གི་རོགས་དངུལ་འོག་བཙུགས་པའི་སྐད་ཡིག་དང་རིག་གཞུང་ལྟེ་གནས་ཁག་ཏུ་སྐྱོན་བརྗོད་རང་བཞིན་གྱི་རྒྱ་ནག་གི་གནད་དོན་ལ་ལྟ་བའི་བགྲོ་གླེང་རིགས་གཅིག་ཀྱང་བསྐོང་མི་ཆོག་པ་རེད། ཨ་རིའི་སླད་མེད་ཀྱི་སློབ་གྲྭ་ཁག་ཏུ་རྒྱ་ནག་གཞུང་གི་འབག་བསླད་ཅན་གྱི་དམར་པོའི་དྲི་མས་གུས་ནས་མཐར་རྣམ་ཤེས་ལྟར་ཆགས་པའི་རིག་གཞུང་རང་དབང་བརླག་ཨེ་ཡོང་གི་སེམས་ཁུར་མི་ཆུང་བ་ཞིག་སྤྱི་ཚོགས་གང་སར་ཁྱབ་ཡོད།
འཛམ་གླིང་ས་ཁུལ་གཞན་དག་ན། རྒྱ་ནག་གཞུང་གིས་ནུབ་གླིང་གི་དམངས་གཙོ་ལམ་ལུགས་ལ་ལྐོག་ནས་བཏང་འཛིན་བྱས་ལུགས་སྐྱོན་འཛུགས་བྱས་དང་བྱེད་ཀྱིན་ཡོད། དཔེར་ན་ཨོ་སི་ཊི་རེ་ལེ་ཡར་མཚོན་ན། རྒྱ་ནག་གཞུང་གི་རྒྱབ་ལྗོངས་ཅན་གྱི་རྒྱ་རིགས་ཚོང་པས་རྒྱལ་ནང་དང་ཕྱི་འབྲེལ་སྲིད་ཇུས་ལ་ཤུགས་རྐྱེན་འཇོག་ཆེད་རྒྱལ་ཁབ་དེའི་སྲིད་དོན་ཚོགས་པ་ཆེ་ཁག་གཉིས་ལ་ཨ་སྒོར་ས་ཡ་མང་པོ་ཕུལ་ཡོད་པ་དང་། ཟླ་གཞོན་བཞིན་རྒྱས་བཞིན་པའི་ཆབ་སྲིད་སྐར་ཆེན་ཞིག་སྟེ། ངོ་རྒོལ་ཚོགས་པ་བཟོ་ཚོགས་ཀྱི་གྲོས་ཚོགས་འཐུས་མི་སཱམ་ཌཱ་སི་ཡ་རི(Sam Dastyari)ལགས། པེ་ཅིང་གི་ལངས་ཕྱོགས་དྲིལ་བསྒྲགས་བྱས་པ་བརྒྱུད་དཔལ་འབྱོར་རོགས་སྐྱོར་ཐོབ་ཐབས་བྱས་པའི་ཉེས་འཛུགས་ཀྱི་མདུན་དུ་གྲོས་ཚོགས་གོང་མའི་འཐུས་མིའི་གོ་ས་བློས་མི་གཏོང་རང་གཏོང་ཆགས་པ་རེད།
ཡིན་ན་ཡང་། ཕར་བལྟས་ཚོད་ཀྱིས་རྒྱ་ནག་གི་སྟོབས་ཤུགས་འབུར་དུ་ཐོན་པའི་རྟགས་མཚན་ཞིག་ཏུ་སྣང་ཡང་། དོན་གྱིས་རྒྱ་ནག་གི་འཐབ་ཇུས་ལ་ནོར་འཛོལ་ཐེབས་པའི་བྱ་སྤྱོད་འབའ་ཞིག་ཡིན། རྒྱ་ནག་གི་ལག་པ་བསྲིངས་པ་རིང་དྲགས་པའི་དབང་གིས། ནུབ་གླིང་རྒྱལ་ཁབ་དང་འཕེལ་རྒྱས་ཁྲོད་ཀྱི་རྒྱལ་མང་པོ་ཞིག་དང་རྒྱ་ནག་བར་གྱི་འབྲེལ་བ་འཕེལ་རྒྱས་མེད་པ་མ་ཟད་མར་འགྲིབ་པའི་གནས་སྟངས་ཤར་ཡོད།
ལོ་ཉི་ཤུ་རིང་ཨོ་སི་ཊི་རེ་ལེ་ཡ་དང་མཉམ་དུ་དཔལ་འབྱོར་གཙོ་བོ་ཡིན་པའི་འབྲེལ་འདྲིས་སྣ་མང་གི་རྗེས་སུ། རྒྱ་ནག་གི་ཤུགས་རྐྱེན་སྔོན་འགོག་གི་ཆེད་དུ། ཨོ་སི་ཊི་རེ་ལེ་ཡའི་སྲིད་བློན་མཱལ་ཁོམ་ལགས་ཀྱིས་ཁྲིམས་སྲོལ་ལ་འགྱུར་བ་གཏོང་རྒྱུའི་ལས་དག་རྩོམ་བཞིན་པ་རེད། ཨ་རིའི་སྲིད་འཛིན་ཁྲོ་འབར་མཆོག་ཟླ་བ་སྔོན་མར་རྒྱ་ནག་ནང་རྒྱལ་དོན་འཚམས་གཟིགས་སྐབས་ཞི་ཅིན་ཕེང་གིས་སྣེ་ལེན་གཟབ་རྒྱས་བཤམས་ཀྱང་རུང་། སྲིད་འཛིན་ཁྲོ་འབར་གྱིས་ཉེ་ལམ་བསྒྲགས་པའི་རྒྱལ་ཁབ་བདེ་འཇགས་འཐབ་ཇུས་སུ་རྒྱ་ནག་ནི་ཨ་རིའི་ཁ་གཏད་ཀྱི་འགྲན་ཡ་རུ་ངོས་འཛིན་བྱས་པའི་མ་ཚད། ཕྱི་རྒྱལ་གྱི་ལས་ཁུངས་ཐོ་འགོད་ཀྱི་ཁྲིམས་སྲོལ་ལ་བཟོ་བཅོས་བྱེད་འཆར་ཡོད་པ་དང་། དེ་ཡང་རྒྱ་ནག་གཞུང་འབྲེལ་སྨྱན་བྱེད་རིགས་ཀྱིས་ཨ་རིའི་ས་ཐོག་ཏུ་རྒྱ་ནག་གཞུང་གི་ལྟ་བ་དང་ལངས་ཕྱོགས་དྲིལ་བསྒྲགས་དང་། དངོས་ཡོད་མ་ཡིན་པའི་གནས་ཚུལ་ཁྱབ་བསྒྲགས་བྱེད་ཕྱོགས་ལ་ཚོད་འཛིན་ཆེད་ཡིན་པ་རེད།
རྒྱ་ནག་གི་ཚོང་ཤག་ཆེ་ཤོས་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ལའང་རྒྱ་ནག་གི་ཁ་ཞེ་མི་མཐུན་པའི་བྱ་སྤྱོད་ཐད་སེམས་ཁྲལ་ཆེ་ཞིང་བློ་མི་བདེ་ཆགས་ཡོད། འཇར་མཱ་ནེའི་གསང་བའི་ལས་ཁུངས་ཀྱིས་ཉེ་ལམ་བཏོན་པའི་གནས་ཚུལ་ལ་གཞིགས་ན། རྒྱ་ནག་གཞུང་དང་འབྲེལ་ཡོད་དྲྭ་ཇག་ཧེག་པས་འཇར་མཱ་ནེའི་ཆབ་སྲིད་པ་དང་ཕྱི་འབྲེལ་མི་སྣའི་ཡིག་ཆ་ལེན་ཐབས་སུ་འཇབ་རྒོལ་བྱས་ལུགས་ཉེས་འཛུགས་བྱས་ཡོད་པ་དང་། ཌན་མག་གི་སྲིད་བློན་དང་བྱང་མཚོ་ཆེན་མོ་དམག་དོན་ཆིངས་སྒྲིག་མཐུན་ཚོགས་ཀྱི་སྤྱི་དཔོན་རཱ་སི་མུ་སེན(Anders Forgh Rasmussen)ལགས་ནི་རང་དབང་ཚོང་ལས་ལ་ཡིད་སྨོན་བློ་བརྟས་བྱེད་མཁན་སི་ཀན་ཌི་ནེ་ཝེ་ཡན( Scandinavian) གྱི་མི་ཞིག་ཡིན་མོད། ཁོང་གིས་ཀྱང་ཡོ་རོབ་མཐུན་ཚོགས་ལ་རྒྱ་ནག་གི་བྱ་སྤྱོད་ལ་ཚད་འཛིན་ཐུབ་པའི་སྒྲིག་གཞི་ཞིག་གཏན་འབེབ་བྱ་རྒྱུའི་དུས་ལ་བབ་ཡོད་པའི་གྲོས་མགོ་བཏོན་ཡོད་འདུག
སྤྱི་དཔོན་རཱ་སི་མུ་སེན་ལགས་ཀྱི་ལངས་ཕྱོགས་དེ་ཡུ་རོབ་མཐུན་ཚོགས་ཀྱི་དབུ་ཁྲིད་རྣམ་པའི་ལྟ་བ་དང་མ་གྲོས་གཅིག་མཐུན་དུ་གྱུར་ཡོད་ལ། དབུ་ཁྲིད་རྣམ་པའི་དགོངས་ཚུལ་དུ། རྒྱ་ནག་གིས་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་དཔལ་འབྱོར་ཁྱབ་ཁོངས་མང་ཆེ་བའི་སྒོ་དམ་པོར་བརྒྱབས་ནས་ཕྱི་རྒྱལ་ཡུལ་གྲུ་ཚོར་ཁྲོམ་རའི་ནང་ཞུགས་མི་ཐུབ་པ་དང་ཞུགས་ཀྱང་ཐེག་དཀའ་བའི་རིན་དོད་གཏོང་དགོས་པའི་ཆ་རྐྱེན་བསྐྲུན་པ་སོགས། མདོར་ན། འཛམ་གླིང་ཐུན་མོང་གི་དཔལ་འབྱོར་འགྲོ་ལུགས་དང་རྒྱབ་འགལ་རྐྱང་རྐྱང་བྱེད་པ་དང་ཆབས་ཅིག ཡོ་རོབ་ཀྱི་ཁྲིམ་རའི་རང་དབང་བེད་སྤྱད་ནས་རང་ཉིད་ལ་ཁེ་བཟང་ལེན་རྒྱུར་དམིགས་ནས། ཉེ་བའི་ལོ་ཤས་སུ་རྒྱ་ནག་གིས་ཡོ་རོབ་ཀྱི་ལག་རྩལ་རྩེ་གྲའི་ཁེ་ལས་ཁང་འགའ་ཉོས་པ་རེད། དོ་མཉམ་མ་ཡིན་པའི་གནས་སྟངས་དེའི་འོག ཁ་སང་དེ་རིང་ཡོ་རོབ་ཀྱི་ཁེ་ལས་ཁང་ལ་རྒྱ་ནག་ནང་འདྲ་མཉམ་གྱི་ཐོབ་ཐང་སྤྲད་དགོས་པའི་དགོས་འདུན་གྱི་འབོད་སྒྲ་ཇེ་མཐོ་ནས་ཇེ་མཐོ་རེད།
རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ཞེས་པའི་སྲིད་ཇུས་དེར་ཞི་ཅིན་ཕེང་གི་བློ་ཡུལ་ལས་འདས་པའི་བར་ཆད་སྣ་མང་ཞིག་བྱུང་དང་འབྱུང་གིན་ཡོད་ལ། སྲིད་ཇུས་དེ་ནི་ཨ་སྒོར་ཐེར་འབུམ་མང་པོའི་གཞི་རྒྱ་ཆེ་བའི་ཉོ་ཚོང་དང་མ་རྩ་འཛུགས་པའི་འཐབ་ཇུས་ཤིག་ཡིན་ཞིང་། དམིགས་ཡུལ་ནི་ཨེ་ཞི་ཡ་གླིང་ཆེན་དང་ཡོ་རོབ་གླིང་ཆེན་གཉིས་མཐུད་ནས། རྒྱ་ནག་དེ་གོ་ལ་ཧྲིལ་བོའི་ལྟེ་བར་ཆགས་རྒྱུའི་ཧམ་སེམས་ཡིན། རྒྱ་ནག་གི་སྒོར་མོ་དེ་དམངས་གཙོའི་ལམ་ལུགས་ལ་མཚོན་ན་ཉེན་ཁ་ཞིག་ཡིན་པ་ཨ་མེ་རི་ཀས་ད་ལྟ་གཞི་ནས་ངོས་ཟིན་ཡོད་མོད། འཕེལ་རྒྱས་ཀྱི་རྒྱལ་ཁབ་ཚོས་རྒྱ་ནག་ལ་ཕྱི་རྒྱལ་གྱི་ཆབ་སྲིད་དང་སྤྱི་ཚོགས་ལ་ཤུགས་རྐྱེན་སྤྲོད་འདོད་ཡོད་པ་སྔ་ས་ནས་ཤེས་རྟོགས་བྱུང་ཡོད་པ་རེད།
པཱ་ཀི་སི་ཐན་ནི་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་འཆར་བཀོད་ཁྲོད་ཀྱི་རྒྱལ་ཁབ་གཙོ་བོ་ཞིག་ཡིན། ཡིན་ན་ཡང་པཱ་ཀི་སི་ཐན་གྱིས་རང་ཉིན་རྒྱ་ནག་གི་འཆར་བཀོད་དེའི་ནང་ཞུགས་རྒྱུའི་རིམ་ལོད་དང་ཆ་རྐྱེན་ལ་དོགས་བློ་སྐྱེས་ནས། ཉེ་ལམ་ཐེར་འབུམ་ཆེ་མོ་གཅིག་དང་དུང་ཕྱུར་བཞིའི་མ་རྩ་གནས་པའི་ཆུ་གློག་ཆུ་མཛོད་ཀྱི་ལས་གཞི་ཞིག་མཚམས་བཞག་ཡོད་ལ། པཱ་ཀི་སི་ཐན་གཞུང་གིས་རྣམ་གྲངས་དེའི་སྐྲུན་རིན་མཐོ་དྲགས་པར་འདོད་ཡོད།
འབར་མ་ནི་རྒྱ་ནག་དང་ཧིན་ཏུ་རྒྱ་མཚོའི་བར་གྱི་སྐམ་སའི་འབྲེལ་ལམ་ཁོ་ན་དེ་ཡིན་ཞིང་། འབར་མའི་དཔོན་རིགས་སྐོར་ཞིག་གིས་ལྟ་བ་ཞིག་དུས་དང་རྣམ་པ་ཀུན་ཏུ་དོགས་སེམས་བཅངས་ཡོད། ལྟ་བ་དེ་ནི་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདུད་ཀྱི་ནུས་པ་ཐོན་ཐུབ་པའི་གཞི་རྒྱ་ཆེ་ཞིང་རིན་གོང་མཐོ་བའི་རྨང་གཞི་འཛུགས་སྐྲུན་གྱི་རྣམ་གྲངས་དག་ནི་འབར་མ་རང་ཉིད་འཕེལ་རྒྱས་ཀྱི་ཐབས་ལམ་ཡང་ཡིན་ཞེས་པ་དེ་རེད།
རྒྱ་ནག་གི་འཛམ་གླིང་གང་སར་རྨང་གཞིའི་འཛུགས་སྐྲུན་གྱི་ལས་དོན་གཞི་རྒྱ་ཆེན་པོས་སྤེལ་དང་སྤེལ་གྱིན་པའི་ལས་གཞིའི་ཐད། ལཱ་ཏེན་ཨ་མེ་རི་ཀར། རྣམ་གྲངས་དེ་དག་དང་ལེན་དང་ཆབས་ཅིག་ཁོར་ཡུག་གི་གནད་དོན་ལ་བསམ་གཞིག་མང་ཙམ་གཏོང་དགོས་པར་ཐུག་ཡོད་ལ། དཔེར་ན་ཨ་ཇིན་ཊི་ནའི་སྲིད་འཛིན་མུ་རི་སིའོ་མཱ་ཀ་རི་ཡིས་གནོན་ཤུགས་ལྟར་རྒྱ་ནག་གིས་རྒྱལ་ཁབ་དེའི་ཆུ་གློག་ཆུ་རགས་ཀྱི་རྒྱ་ཁྱོན་ཇེ་ཆུང་ལ་བཏང་ཡོད་པ་རེད།
དེ་བཞིན་དུ་རྒྱ་ནག་ཨ་ཧྥུ་རི་ཀ་ནའང་ངོ་རྒོལ་སྣ་མང་ལ་ཐུག་ཡོད། རྒྱ་ནག་གི་ལས་བཟོ་བས་ཨ་ཧྥུ་རི་ཀའི་གླང་ཆེན་དང་བསེ་རུ་སོགས་རི་སྐྱེས་རི་དགས་རྩ་ཆེན་ལྐོག་གསོད་དང་། བཟོ་གྲྭ་ཁག་གིས་ས་གནས་ཁོར་ཡུག་ལ་འབག་བསླད། ས་གནས་མི་མང་ལ་ལས་ཀའི་གོ་སྐབས་མི་སྐྲུན་པ་། ལྷག་པར་མི་ནག་རིགས་ལ་མཐོང་ཆུང་དང་གཉའ་གནོན་བྱས་པ་ལ་སོགས་ཀྱི་དབང་གིས་ས་གནས་གཞུང་དམངས་གཉིས་ཀས་ངོ་རྒོལ་རབ་དང་རིམ་པ་སྤེལ་ཡོད་པ་རེད།
ཡང་དེ་བཞིན་དུ་སི་རི་ལན་ཀ་མི་མང་གིས་ཀྱང་རྒྱ་ནག་དང་གཞུང་གི་འཛུགས་སྐྲུན་རྣམ་གྲངས་ལ་ངོ་རྒོལ་ཆེན་པོ་བྱས་ཡོད་ལ། སི་རི་ལན་ཀ་གཞུང་གིས་རྒྱ་ནག་གི་གཉིས་ཕན་འཕེལ་རྒྱས་ཞེས་པའི་བཤད་ཚུལ་ལ་ངོས་ལེན་བྱས་ནས། ཨ་སྒོར་དུང་ཕྱུར་མོད་པོའི་བུ་ལོན་བླངས་རྗེས། ཉེ་་ལམའཐབ་ཇུས་རང་བཞིན་གྱི་གྲུ་ཁ་ཧཱམ་པཱན་ཐོ་ཐཱའི(Hambantota) འཛིན་སྐྱོང་གི་བདག་དབང་ལོ༩༩འི་རིང་རྒྱ་ནག་ལ་བོགས་མར་བཏང་བའི་རྣམ་པས་སྤྲད་ནས་བུ་ལོན་གསོད་ཐབས་བྱས་འདུག ཡིན་ན་ཡང་བོགས་ལེན་དུད་ཚང་ཡོད་དོ་ཅོག་གིས་ཁང་བདག་གསར་བར་དགའ་བོ་མི་བྱེད་པ་དང་། རང་ས་རང་ཡུལ་ནས་བོགས་དངུལ་ཁང་བདག་གཞན་ལ་སྤྲོད་རྒྱུར་དགའ་བོ་དེ་བས་ཀྱང་མེད་པ་རེད། དེ་དང་མཉམ་དུ་ཆབ་སྲིད་ལས་རིགས་ཁྲོད་ཀྱི་མི་སྣ་གྲགས་ཅན་མང་པོས་སི་རི་ལན་ཀ་གཞུང་གིས་རྒྱལ་ཁབ་ཀྱི་བདག་དབང་རྒྱ་ནག་ལ་བཙོང་ལུགས་སྐྱོན་བརྗོད་བྱས་དང་བྱེད་ཀྱིན་ཡོད།
མཐའ་ཡས་པའི་འགལ་རྐྱེན་དེ་དག་གི་མདུན་ནས། ༢༠༡༨ལོ་དེ་གཅིག་བགྱིས་ན་རྒྱ་ནག་ལས་བྱུང་བའི་ཤུགས་རྐྱེན་རིགས་ལ་འགྲན་སློང་གདོང་ལེན་གྱི་རྣམ་པ་གསར་བ་ཞིག་ཤར་ཡང་སྲིད། རྒྱ་ནག་གཞུང་གི་གང་འདོད་དེ་སྒྲུབ་པའི་བྱ་སྤྱོད་དང་། གོ་ལའི་འགྲོ་ལུགས་འདུག་སྲོལ་ལ་བྱུང་རྒྱལ་དུ་གཏོང་བཤིག་བཏང་བས་ཉེར་ལེན་ལ་བརྟེན་ནས། ཨེ་ཞི་ཡ་ཞི་བདེ་རྒྱ་མཚོའི་རྒྱལ་ཁབ་བཞིའི་མཉམ་ལས་མཉམ་འབྲེལ་གཏིང་ཇེ་ཟབ་དང་འབྲེལ་ཇེ་དམ་དུ་གཏོང་ངེས་ཡིན། རྒྱལ་ཁབ་དེ་བཞི་ནི་ཨ་མེ་རི་ཀ་དང་རྒྱ་གར། ཉི་ཧོང་། ཨོ་སི་ཊི་རི་ལེ་ཡ་བཅས་ཡིན།
དེ་ལས་ཀྱང་རྒྱ་གར་དང་ཉི་ཧོང་གཉིས་ཀྱིས་རྒྱ་ནག་གི་ཨ་ཞི་ཡའི་མཚོ་ལམ་བཙན་འཛིན་གྱི་བྱ་སྤྱོད་ལ་གདོང་ལེན་གྱི་ཐབས་ལམ་གསར་བ་རེག་རྒྱུ་སྐོམ་པ་ཆུ་འདོད་བཞིན་འཕྲེང་ཡོད། ཡོ་རོབ་ཀྱིས་ཀྱང་དཔལ་འབྱོར་མཉམ་ལས་ཀྱི་མཐུན་གྲོགས་གཞན་བཙལ་ནས་རིམ་བཞིན་རྒྱ་ནག་ལ་རྟེན་རྒྱུ་ཇེ་ཉུང་དུ་གཏོང་གིན་ཡོད་ལ། ཡོ་རོབ་ཀྱིས་ཉི་ཧོང་དང་མཉམ་དུ་རང་དབང་ཉོ་ཚོང་གི་གྲོས་ཆོད་ཅིག་བཞག་ཚར་ཡོད་ལ། གྲོས་གཞི་དེ་གོ་ལ་ཧྲིལ་བོའི་ཉོ་ཚོང་གི་བརྒྱ་ཆའི ༤༠ ཟིན་ཡོད་པ་རེད།
སྲིད་དབང་སྒེར་གཅོད་པའི་རྒྱལ་ཁབ་གྲོགས་སྒྲིག་ལ་མི་མཁས། ནང་སྒོས་སུ་ཁྲོམ་ར་སྒོ་འབྱེད་དང་སྨྲ་བརྗོད་རང་དབང་དར་སའི་དམངས་གཙོའི་རྒྱལ་ཁབ་དང་གྲོགས་པོ་སྒྲིག་རྒྱུར་དེ་བས་ཀྱང་མི་མཁས། འོན་ཀྱང་དེར་མི་རྣམས་ཧང་སངས་དགོས་པ་ཞིག་ཡིན་པ་མཐོང་མ་སོང་། གལ་སྲིད་རྒྱ་ནག་གི་ནུབ་གླིང་གི་བློ་དོགས་མཐའ་དག་མེད་པ་བཟོ་འདོད་ཡོད་ན། རྒྱ་ནག་གིས་དཔལ་འབྱོར་ཁེ་ཕན་ཨང་དང་པོར་བཞག་པའི་སྲིད་ཇུས་དེར་འགྱུར་བ་གཏོང་དགོས། རང་ཉིད་ལ་ཕྱི་རོལ་ཡུལ་གྱིས་ཐེ་གཏོགས་དང་བཙན་འཛུལ་བྱས་པའི་འདས་པའི་ལོ་རྒྱུས་ཉམས་སུ་མྱངས་ནས། ནུབ་གླིང་དང་མཉམ་ལས་བྱེད་ཐབས་གསར་བ་ཞིག་འཚོལ་སྙེག་བྱེད་དགོས། དེ་ལྟ་ན་རྒྱ་ནག་ལ་ཕན་པ་ཆེ་བ་ཡོད་སྲིད།
རྒྱ་ནག་གཞུང་གིས་རིམ་པས་ཉི་ཧོང་གི་འབྲེལ་བ་བཅོས་བསྒྱུར་དང་ཡར་རྒྱས་སུ་གཏོང་བཞིན་ཡོད། ལེགས་བཅོས་དེ་རིགས་ནི་དཔལ་འབྱོར་དང་སྤྱི་ཚོགས་མཉམ་ལས་རྨང་གཞི་བྱས་པ་ཞིག་ཡིན་དགོས། དེ་འདྲ་སོང་ན་གཅིག་བགྱིས་ན་རྒྱ་ནག་གཞུང་ལ་མདུན་སྐྱོད་ཀྱི་གོ་སྐབས་ཤིག་ཐོབ་ཀྱང་སྲིད། རྒྱ་ནག་གིས་ཅིས་ཀྱང་ནུབ་གླིང་དམངས་གཙོ་རྒྱལ་ཁབ་བར་གྱི་འགལ་ཟླ་སེལ་ཐབས་གནང་ནས་ཆབ་སྲིད་ཇུས་གཏོགས་མཚམས་བཞག་ནས་ཡང་བསྐྱར་གྲོགས་པོའི་འབྲེལ་བ་འཛིན་རྒྱུར་མནོ་བསམ་ཆེ་ཙམ་བཏང་ཚེ། ད་གཟོད་ཉོ་ཚོང་དང་མ་རྩ་རྐང་འཛུགས་ཀྱི་གྲོགས་པོའི་འབྲེལ་བ་ཆགས་ཐུབ་ལ། ད་གཟོད་རྒྱ་ནག་རང་གི་དཔལ་འབྱོར་གྱི་གོ་ས་དེ་མུ་མཐུད་ནས་གནས་ཐུབ་པ་ཙམ་མ་ཟད། གཅིག་བགྱིས་ནས་དགོས་ངེས་ཀྱི་ཆུ་ཚད་གསར་བ་ཞིག་ལ་སླེབས་མི་སྲིད་པ་གཏན་ནས་མིན།
༢༠༡༧ ལོའི་ལོ་རྔ་རུ། རྒྱ་ནག་དང་ནུབ་གླིང་རྒྱལ་ཁབ་མང་ཆེ་བའི་འབྲེལ་བར་གས་ཁ་ཤོར་ཡོད། གལ་ཏེ་རྒྱ་ནག་པེ་ཅིང་གཞུང་གིས་ནུབ་ཕྱོགས་རྒྱལ་ཁབ་དག་གི་ཆབ་སྲིད་ལ་ཐེ་གཏོགས་བྱེད་རྒྱུའི་བྱ་སྤྱོད་རིགས་མ་སྐུམ་ཚེ། ལག་པ་བསྲིངས་པ་རིང་དྲགས་ན་མཐའ་མའི་མཇུག་འབྲས་ནི་རྒྱ་ནག་རང་ཉིད་འཛམ་གླིང་རྒྱལ་ཁབ་ཆེན་པོའི་སྣང་བརྙན་ལ་ཤུགས་རྐྱེན་ཐེབས་ངེས་ཡིན་ལ། བོད་པའི་ཁ་དཔེར་ལྟར། གྲོག་མ་རྒྱུགས་གྱངས་མང་ན། རྐང་ལག་ཐང་ཆུ་ལ་འབྱར་པའི་དཔེ་རུ་འགྲོ་ངེས་ཡིན།