ཕ་སྐད་ཀྱི་ལས་དབང་།

——ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག་གི་སྙིང་སྟོབས་གླེང་བ།

Screen Shot 2018-01-07 at 18.26.38.png
བཀྲིས་དབང་ཕྱུག པར་ནིའུ་ཡོག་དུས་བབ་ནས་བཤུས།

ཚོང་ལས་ཙག་ཙིག་གཉེར་བཞིན་པའི་བོད་མི་ཚོང་པ་ཞིག་གིས་རང་གི་ལྷན་སྐྱེས་ཀྱི་འོས་འགན་ལྟར་ཕ་སྐད་ལ་སྲུང་སྐྱོབ་ཀྱི་ལས་དག་ཁུར་ལེན་བྱས་པ་ཙམ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་སུ་མངའ་བའི་ཁྲིམས་ལུགས་ལྟར་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད་ཀྱི་ཐོབ་ཐང་རྩོད་ལེན་བྱས་པའི་བྱུང་བ་ཨ་རིའི་སྨྱན་བྱེད་གྲགས་ཅན༼ནིའུ་ཡོག་དུས་བབ༽ལ་བརྗོད་པ་ཙམ་ལ་རྐྱེན་བྱས་ཏེ། ལོ་གཉིས་ལྷག་ལ་ཁྲིམས་འགལ་བཙོན་འཇུག་བཀག་ཉར་གྱི་རྗེས་སུ། ཟླ་འདིའི་ཚེས ༤འི་ཉིན།  བཀྲ་ཤིས་དབང་ཕྱུག་ལགས་ལ་ཁྲིམས་དཔྱོད་བྱས་ཡོད་པ་དང་། བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་ཁྲིམས་དཔྱོད་སྐབས། “གང་གི་བྱ་སྤྱོད་ནི་རྒྱལ་ཁབ་ཀྱི་དབང་བསྒྱུར་ལ་ངོ་རྒོལ་མིན་ལ་ངན་སྐུལ་བྱས་པའང་མིན” ཞེས་རང་གིས་རང་ལ་དག་འབུད་བྱས་འདུག

བཀྲ་ཤིས་དབང་ཕྱུག་ལགས་ད་ལྟ་ཕོ་ལོ ༣༢ ཡིན་ཞིང་། ཆུ་ཚོད་འགའི་རིང་གི་ཁྲིམས་དཔྱོད་དེ་ཁོང་གི་ཕ་ཡུལ་རྒ་སྐྱེ་རྒུ་མདོ་རུ་སྤེལ་འདུག རྒ་སྐྱེ་རྒུ་མདོ་མཚོ་སྔོན་ཞིང་ཆེན་གྱི་ཁོངས་སུ་གཏོགས་ཤིང་།   ལོ་གཉིས་ཀྱི་སྔོན་ལ་ཉེན་རྟོག་པས་བཀྲ་ཤིས་དབང་ཕྱུག་ལགས་འཛིན་བཟང་དང་བཀག་ཉར་བྱས་པ་རེད།

༢༠༡༥ལོར། ཨ་རིའི་སྨྱན་བྱེད༼ནིའུ་ཡོག་དུས་བབ༽ཀྱིས་སྔ་རྗེས་སུ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་ཕ་སྐད་སྲུང་སྐྱོབ་དང་ཐོབ་ཐང་རྩོད་ལེན་དང་འབྲེལ་ཡོད་གསར་འགྱུར་ཞིག་དང་དངོས་བྱུང་བརྙན་ཐུང་ཞིག་བཟོ་སྒྲིག་སྤེལ་གཏོང་གནང་རྗེས། རྒྱ་ནག་དེང་གཞུང་གིས་བཀྲ་ཤིས་དབང་ཕྱུག་ལགས་ལ “རྒྱལ་ཁབ་ཁ་བྲལ་ངན་སྐུལ” ཞུས་པའི་ཉེས་མིང་བཙུགས་པ་རེད། གལ་སྲིད་ཉེས་མིང་དེ་ཕོག་པའི་དབང་དུ་སོང་ཚེ། ཉུང་མཐའ་ཡང་ལོ ༡༥འི་བཙོན་འཇུག་ཁྲིམས་ཆད་ཕོག་སྲིད་པ་རེད། གཞུང་ཕྱོགས་ཀྱི་ཞུ་སྦྱོར་གྱི་དཔང་རྟགས་ཀྱི་ཡོང་ཁུངས་གཙོ་བོ་དེ ‘བརྙན་ཐུང’ དེ་ཡིན་ཞིང་། ཡུལ་ཤུལ་མི་དམངས་འབྲིང་རིམ་ཁྲིམས་ཁང་གིས་ཁྲིམས་དཔྱོད་སྐབས ༼ནིའུ་ཡོག་དུས་བབ༽ཀྱིས་བཟོ་སྒྲིག་གནང་བའི་དངོས་བྱུང་བརྙན་ཐུང་དེ་གཟིགས་འབུལ་གནང་ཡོད་ཚུལ་བཀྲ་ཤིས་དབང་ཕྱུག་གི་ཁྲིམས་རྩོད་པས་འགྲེལ་བརྗོད་གནང་འདུག

འདྲི་ཞིབ་ཆུ་ཚོད་འགའི་རིང་ལས་བྱས་མེད་མོད། ཁྲིམས་དཔོན་ཆེ་མོས་དཔྱད་མཚམས་རྗེས་སུ་གསལ་བསྒྲགས་བྱ་རྒྱུ་ཡིན་ལུགས་བསྒྲགས་པ་ལས་དུས་ཆད་བསྒྲིགས་མེད། རྒྱུན་སྲོལ་ལྟར་ན། རྒྱ་ནག་དམར་ཤོག་ཚོགས་པས་བཏང་འཛིན་འོག་གི་ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མའམ་གྱོད་ཡ་ཉེས་མེད་དུ་གཏོང་བའི་དཔེ་ནི་ཉིན་མོའི་སྐར་མ་བཞིན་ཤིན་ཏུ་དཀོན། ལྷག་པར་དུ་ཆབ་སྲིད་རྩོད་ཉོག་ལ་ཐུག་པའི་གྱོད་དོན་རིགས་དེ་བས་ཀྱང་ངོ།

ཁྲིམས་ཞིབ་སྐབས་སུ། བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་རྒྱ་སྐད་ཀྱིས་རང་ཉིད་ལ་དག་འབུད་བྱས་ཡོད་པ་དང་། གང་ཉིད་ཀྱིས་བོད་ཀྱི་སྐད་དང་ཡི་གེ་སླར་གསོའི་ཆེད་ཧུར་བརྩོན་གནང་བའི་བྱ་སྤྱོད་རིགས་ནི་ཉེས་པ་བསགས་པའི་བྱ་སྤྱོད་ཡིན་ལུགས་ཉེས་མེད་ཉེས་འཛུགས་ཀྱི་འཁྱོག་བཤད་ལ་ངོས་ལེན་མཐའ་གཅིག་ཏུ་བྱས་མེད་པ་དང་། བཀྲ་ཤིས་དབང་ཕྱུག་ལགས་ཀྱིས “ངས་བོད་རང་བཙན་སྒྲོག་གིན་མེད་མོད། འོན་ཀྱང་རྒྱ་ནག་གི་རྩ་ཁྲིམས་སུ་མངའ་བའི་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་ཐོབ་ཐང་དང་ཁེ་ཕན་རྩོད་ལེན་བྱེད་རྒྱུ་ཡིན” ཞེས་གསལ་འདེབས་གནང་ཞིང་། དེ་ཡང་ཁོང་གིས། “བདག་གིས་ཞུ་གཏུག་གི་ཐབས་ལམ་ལ་བརྟེན་ནས་ས་གནས་གཞུང་གིས་བོད་ཀྱི་སྐད་ཡིག་སློབ་གསོ་སྣང་མེད་དུ་བཞག་དང་འཇོག་གིན་པའི་ཁྲིམས་ལུགས་དང་འགལ་བའི་བྱ་སྤྱོད་ལ་ཁ་ལོ་བསྒྱུར་རྒྱུར་འབད་བརྩོན་བྱས་པ་ཙམ་ཡིན་ན། བདག་གིས་མི་སེར་གྱི་སྐྱོན་བརྗོད་ཀྱི་ཐོབ་ཐང་བཀོལ་སྤྱོད་བྱས་པ་ལས་ཁྲིམས་འགལ་གྱི་བྱ་བ་སྤྱོད་པ་ཅི་ཡང་སྤེལ་མེད” ཅེས་གསེད་བཀྲོལ་གནང་བ་དང་ཆབས་ཅིག “བདག་གིས་རྒྱལ་ཁབ་ཁ་བྲལ་གཏོང་རྩིས་མེད་ལ། རང་ཉིད་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སེར་ཞིག་ཡིན་པའི་ཆ་ནས་མི་སེར་ཐོབ་ཐང་ལོངས་སུ་སྤྱད་པ་ཙམ་ཡིན། བོད་རིགས་རྣམས་ཀྱང་རྒྱ་ནག་གི་མི་སེར་ཡིན” ཞེས་ནན་གྱིས་བརྗོད་ལུགས་ཁོང་གི་ཁྲིམས་རྩོད་པའི་གྲས་ལིང་ཞོ་ཇུན་གྱི་ཁྲིམས་ཁང་ཕྱི་རོལ་དུ་བཤད་འདུག

༼ནིའུ་ཡོག་དུས་བབ༽ཀྱི་གསར་འགོད་པ་ཞིག་ཁྲིམས་དཔྱོད་སྐབས་ཟུར་ཉན་བྱེད་རྒྱུའི་དགོས་འདུན་སྙན་ཞུ་ཐེངས་མང་པོར་ཕུལ་ཡང་། དགོས་འདུན་དེ་ཁྲིམས་ཁང་གིས་རྩིས་མེད་རྣམ་པར་བཅད་འདུག

གྱོད་དོན་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་མི་ཆུང་ཞིག་གནང་ཡོད་ལ། ཨ་མེ་རི་ཀ་དང་། འཇར་མཱ་ནེ། དབྱིན་ཇུ། ཁཱ་ན་ཌ། ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་བཅས་ཀྱི་ཕྱི་འབྲེལ་མི་སྣ་སོགས་ཀྱིས་ཀྱང་ཁྲིམས་དཔྱོད་སྐབས་ཟུར་ཉན་ཆོག་པའི་འདོད་མོས་བཏོན་ཡོད་ཀྱང་། ཚང་མ་རྩིས་མེད་རྣམ་པར་བཅད་འདུག

རྒྱ་ནག་གཞུང་གི་བྱ་སྤྱོད་དེ་ནི་མི་རྣམ་བློ་ཕམ་ཡིད་ཆད་ཆོག་པའི་གསལ་བརྡ་ཞིག་ཡིན། གཞུང་ལ་སྐྱོན་བརྗོད་བྱས་མི་ཆོག་པ་དང་བྱེད་མཁན་བྱུང་ན་དྲག་གནོན་བྱེད་རྒྱུ་དེ་རེད། ཅེས ༼ནིའུ་ཡོག་དུས་བབ༽ཀྱི་མགྲིན་ཚབ་པ་སྐུ་ཞབས་ཧཱ་ལགས་ཀྱིས་གློག་འཕྲིན་བརྒྱུད་བརྗོད་འདུག

ཁྲིམས་དཔྱོད་མ་བྱས་གོང་། བཀྲ་ཤིས་དབང་ཕྱུག་ལགས་ཀྱི་གཉེན་ཉེ་དང་སྤུན་མཆེད་བཅུ་གྲངས་ཤིག་ཁྲིམས་ཁང་ཕྱི་རོལ་དུ་འདུས་ཡོད་པ་དང་། ཁྲིམས་ཁང་གིས་ཁོང་ཚོའི་ཁྲོད་ཀྱི་མི ༡༥ ཁྲིམས་དཔྱོད་སྐབས་ཟུར་ཉན་དུ་ཕེབས་ཆོག་ལུགས་སྔ་ས་ནས་བརྡ་བརྒྱབས་འདུག ཡིན་ན་ཡང་། ཁྲིམས་དཔྱོད་དངོས་སུ་བྱེད་སྐབས་ཁོང་གི་ནང་མི་གསུམ་ལས་ཁྲིམས་དཔྱོད་སར་བཏང་མི་འདུག

བཀྲ་ཤིས་དབང་ཕྱུག་གི་གཅེན་མོའི་བཟའ་ཟླ་བསོད་ནམས་ཚེ་རིང་ལགས་ཀྱིས་ཁྲིམས་དཔྱོད་ཀྱི་རྗེས་སུ་བཤད་རྒྱུར། “ཁོང་ཚོས་བཀྲ་ཤིས་དབང་ཕྱུག་ལ་བཙུགས་པའི་ཉེས་མིང་གཙོ་བོ་དེ་བརྙན་ཐུང་དེ་རེད། ཁོང་ཚོའི་བཤད་སྟངས་ལྟར་ན། ཕྱི་རྒྱལ་གྱི་སྨྱན་བྱེད་ཅིག་ལ་དེ་ལྟ་བུའི་སྨྲ་བ་བརྗོད་པ་དེ་ནི་རྒྱ་ནག་རྒྱལ་ཁབ་ལ་བརྙས་བཅོས་བཏང་བ་རེད་ཟེར”། བསོད་ནམས་ཚེ་རིང་གིས་བཤད་པའི ‘བརྙན་ཐུང’ དེ་ནི ༼ནིའུ་ཡོག་དུས་བབ༽ ཀྱིས་བཟོ་སྒྲིག་གནང་བའི་བཀྲ་ཤིས་དབང་ཕྱུག་དང་འབྲེལ་བའི་བརྙན་ཐུང་དེ་རེད།

བཀྲ་ཤིས་དབང་ཕྱུག་ལགས་དུས་ཡུན་རིང་པོར་གཞི་མེད་སྐྱོན་འཛུགས་ཀྱིས་བཀག་ཉར་བྱས་པར། མི་ཐོབ་སྒྲིག་འཛུགས་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་སྐྱིད་སྡུག ཚོགས་པ་ཁག དེ་བཞིན་ཨ་མེ་རི་ཀའི་རྒྱ་ནག་གཞུང་ཚབ་པ་ཟུར་བ་ཐེ་བའི་ཕྱི་རྒྱལ་གཞུང་ཁག་གིས་སུན་འབྱིན་དང་སྐྱོན་བརྗོད་རབ་དང་རིམ་པ་བྱས་ཡོད།

བཀྲ་ཤིས་དབང་ཕྱུག་གི་གྱོད་དོན་གྱིས་ཁོང་གིས་དེ་སྔ་བཏང་བའི་ཉེན་བརྡ་དེ་ལ་མི་རྣམས་པའི་དོ་སྣང་ཡང་བསྐྱར་བསླངས་ཡོད། ཉེན་བརྡ་དེ་ནི། རྒྱ་ནག་གཞུང་གི་བོད་ཀྱི་སྐད་ཡིག་སློབ་གསོ་དང་བཀོལ་སྤྱོད་བྱེད་རྒྱུ་ཚད་བཀག་གི་སྲིད་ཇུས་འོག བོད་ཀྱི་སྐད་དང་ཡི་གེ་འཇིག་ཉེན་ལ་ཐུག་ཡོད་ལ། གནད་དོན་དེ་བོད་ཁུལ་ཧྲིལ་བོར་ཁྱབ་ཡོད་ལ་རྒ་སྐྱེ་རྒུ་མདོ་ནའང་གནད་དོན་དེ་ཡོད་མུས་སུ་ཡིན།

རྒྱ་ནག་གཞུང་གིས་བོད་རིགས་རང་སྐྱོང་ལྗོངས་གཅིག་མ་གཏོགས་དབྱེ་འཛུགས་བྱས་མེད་ལ། བོད་ཁུལ་གཞན་རྣམ་རྒྱ་ནག་གི་ཞིང་ཆེན་བཞི་རུ་ཁ་འབྲལ་ཁག་བགོས་བྱས་ཡོད། དེ་ནི་རྒྱ་ནག་གི “ཁག་བགོས་ནས་དབང་བསྒྱུར་བའི” ཆབ་སྲིད་རིག་གནས་དེའི་འབྲས་བུ་ཡིན་པ་སྨོས་མ་དགོས་ཤིང་། བོད་ཀྱི་སྐད་དང་ཡི་གེས་གཙོས་རིག་གཞུང་རྩ་མེད་གཏོར་བཤིག་གི་སྲིད་ཇུས་རིགས་ནི་དམར་ཤོག་སུ་ལེན་གྱི་སྲིད་འཛིན་ཟུར་པ་ཧྲི་ཏཱ་ལིན་གྱིས “མི་རིགས་ཤིག་རྩ་མེད་དུ་གཏོང་དགོས་ན་ཐོག་མར་མི་རིགས་དེའི་རིག་གཞུང་རྩ་མེད་དུ་གཏོང་དགོས་པའི” སློབ་སྟོན་ལས་བྱུང་བ་ཤར་སྟག་ཡིན།

རྒྱ་ནག་གིས་པེ་ཅིང་ས་ཁུལ་གཅིག་གི་ཡུལ་སྐད་རྒྱ་ནག་ཧྲིལ་བོའི་སྤྱི་སྐད་དུ་གཏན་འབེབས་བརྒྱུད། སློབ་གསོ་དང་། ཐུང་མོང་ལས་དོན། རླུང་བརྙན་འཕྲིན་སོགས་སྨྱན་བྱེད་ཁག་ཏུ་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་སྤྱི་སྐད་དེ་ཁོ་ན་མ་གཏོགས་བཀོལ་སྤྱོད་མ་ཆོག་པའི་སྲིད་ཇུས་འོག གྲང་ཉུང་མི་རིགས་དང་། ཐ་ན་ཀྲུང་ཡོན་ས་ཆེན་སྟེང་གི་བཙན་གྱིས་གཅིག་གྱུར་བྱས་པའི་ཡུལ་གྲུ་མང་པོའི་ཡུལ་སྐད་མང་པོ་ཞིག་དང་ས་གནས་རིག་གནས་མང་པོ་ཞིག་རྩ་བརླག་ཏུ་འགྲོ་བཞིན་བའི་གནས་སྟངས་སྔ་མོ་ནས་ཤར་ཡོད། གལ་ཏེ་རྒྱ་ནག་གི་འདོད་མོས་ལྟར་སོང་ཚེ། རྒྱ་ནག་རང་གི་གྱོང་ཆེན་པོ་ཞིག་ཡིན་པའི་མ་ཚད་སྤྱིར་ན་འགྲོ་བ་མིའི་གྱོང་གུད་ཞིག་ཀྱང་ཡིན།

༢༠༠༨ལོར། ནག་གཞུང་གིས་ཆེད་དུ་གཏན་འབེབས་དང་ལག་ལེན་དུ་བསྟར་བཞིན་པའི་གདུག་རྩུབ་ཆེ་བའི་སྲིད་ཇུས་རིགས་ལ་ངོ་རྒོལ་མཚོན་ཆེད། བོད་ས་ཧྲིལ་བོར་ས་བྱི་ཞི་རྒོལ་ཆེན་མོ་ལངས་པ་རེད། དུས་དེ་ནས་བཟུང་། རྒྱ་ནག་གཞུང་གིས་མངོན་གསལ་དོད་པོས་གདུག་ཇེ་རྩུབ་དང་། ངམ་ཇེ་ནག གཞི་ཇེ་ཆེ། སྣ་ཇེ་མང་གི་སྲིད་ཇུས་མང་པོ་ཞིག་བདེ་འཇགས་སྲུང་སྐྱོབ་ལ་ཁ་གཡར་ནས་བོད་ཁུལ་ཡོངས་སུ་ལག་བསྟར་བྱས་དང་བྱེད་ཀྱིན་ཡོད། ནང་སྒོས་སུ་བོད་ཀྱི་སློབ་གསོ་དང་། དགོན་སྡེ། རིག་གཞུང་འཚོ་བར་བཀག་བསྡོམས་ནན་མོ་བྱས་ཡོད། དཔེ་མཚོན་གསལ་བོ་ཞིག་ནི། རང་སྐྱོང་བཏགས་པའི་བོད་ཁུལ་གྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དུ་བོད་ཀྱི་སྐད་ཡིག་གཅིག་པུ་ལས་གཞན་བསླབ་གཞི་ཚང་མ་རྒྱ་ཡིག་གིས་སློབ་ཁྲིད་བྱེད་རྒྱུའི་སྲིད་ཇུས་དང་། དེ་བཞིན་རྒྱ་ནག་གཞུང་ལ་ངོ་རྒོལ་རིགས་ཀྱི་ལས་འགུལ་རིགས་ཐེངས་གཅིག་ལའང་བྱུང་མྱོང་མེད་པའི་བླ་མ་རུང་ཆོས་སྒར་གྱི་གྲྭ་བཙུན་ཕྱིར་ཕུད་དང་གྲྭ་ཤག་གཏོར་བཤིག ལོ་སྔོན་མའི་སྤྱི་ཟླ ༨ པ་ནས་བླ་རུང་ཆོས་སྒར་དུ་ཏང་གི་རྩ་འཛུགས་བཙུགས་ནས་ཆོས་སྒར་ཏང་སྒར་དུ་བསྒྱུར་བ་ལྟ་བུའོ།

གནས་སྟངས་དེ༧རྒྱལ་བ་པན་ཆེན་གཉིས་དང་མཛའ་གྲོགས་ཡིན་པའི་རྒྱ་ནག་གི་དབུ་ཁྲིད་འདས་པོ་ཞི་ཀྲུང་ཞོང་གི་བུ་ཞི་ཅིན་ཕེང་གི་སྲིད་འཛིན་དུས་ཡུན་རིང་ལྷག་པར་ཇེ་དམ་ཇེ་དྲག་ཏུ་ཕྱིན་ཡོད། ཞི་ཅིན་ཕེང་རིང་གི་གྲངས་ཉུང་མི་རིགས་ཐད་ཀྱི་སྲིད་ཇུས་རིགས་ཀྱིས་འདུ་ཤེས་ཤིག་མངོན་པར་གསལ་ཡོད། དེ་ནི་གྲངས་ཉུང་མི་རིགས་ཚོ་རྒྱ་ནག་ཆེན་པོའི་སྤྱི་ཚོགས་སུ་འཐིམ་རྒྱུར་སྐུལ་འདེད་བྱ་རྒྱུ། དེ་ཡིས་ཁོངས་སུ་གྲངས་ཉུང་མི་རིགས་ཚོས་རང་གི་ཕ་སྐད་གཡུག་ནས་རྒྱའི་སྤྱི་སྐད་སློབ་རྒྱུ་དང་བཤད་རྒྱུ། དབུས་གཞུང་གིས་དེ་ཚོ་དབུལ་ཕོངས་ལས་ཐར་ཐབས་སུ་འབད་རྒྱུ། དེའི་དྲིན་ལན་ལྟ་བུ་རུ་པེ་ཅིང་གཞུང་ལ་བློ་དཀར་སེམས་དཀར་འཛིན་རྒྱུ།

དེ་སྔ་དགོན་པ་ཞིག་ཏུ་ལོ་གསུམ་རིང་དགེ་འདུན་པའི་སྐྱེ་བ་བླངས་མྱོང་བའི་བཀྲ་ཤིས་དབང་ཕྱུག་ལགས་ཁོང་གི་ཕུ་བོའི་རོགས་འདེགས་འོག་བོད་ཡིག་རང་སློབ་བརྒྱབས་པ་དང་། ཁོང་ནི་བོད་མི་རིགས་ཀྱི་སྐད་ཡིག་རིག་གནས་སྲུང་སྐྱོབ་ལ་འབད་པའི་དགེ་རྒན་དང་། གྲྭ་བཙུན། གཞས་པ་གཞས་མ། སྒྱུ་རྩལ་བ། ཚོང་པ་བཅས་ཀྱིས་གྲུབ་པའི་ཚོགས་པ་ཞིག་གི་ཚོགས་མིའང་ཡིན།

བོད་ཁུལ་གྱི་རིག་གནས་དང་སྐད་ཡིག་སྣ་མང་རང་བཞིན་ལ་ཞིབ་འཇུག་གནང་མཁན་ཨོ་སི་ཊི་རེ་ལེ་ཡའི་འགྲོ་བ་མིའི་རིག་པ་བ་སྐུ་ཞབས་རོ་ཁེ་ལགས་ཀྱིས་གསུང་པ་ནང་བཞིན། “བོད་ཁུལ་དུ་བོད་ཀྱི་སྐད་དང་ཡི་གེ་སྲུང་སྐྱོབ་དང་དར་སྤེལ་ལ་འབད་པའི་ལས་འགུལ་སྣ་མང་ཞིག་འདུག དོན་དངོས་སུ་ཅི་ཞིག་བྱུང་ཟིན་པ་ཤེས་ཐབས་བྲལ། གནས་ཚུལ་མང་པོ་ཞིག་མི་རྣམས་པས་ཤེས་མི་ཐུབ་པའི་གནས་སུ་བྱུང་གིན་ཡོད”། ཅེས་པ་ལྟ་བུ་རེད། བཀྲ་ཤིས་དབང་ཕྱུག་གི་དོན་རྐྱེན་དེ་ཨ་རིའི་ནིའུ་ཡོག་དུས་བབ་དང་འབྲེལ་བ་ཆགས་སྟབས། དུས་ནས་དུས་སུ་རྒྱལ་སྤྱིའི་སྨྱན་བྱེད་ཁག་ཏུ་ཐོན་གྱིན་ཡོད་པ་རེད། དེ་མ་ཡིན་པའི་གནས་ཚུལ་མང་པོ་ཞིག་རྩ་བ་ཉིད་ནས་ཤེས་ཐུབ་ཀྱིན་མེད་ལ། ལ་ལ་ཞིག་ལོ་ཤས་རྗེས་སུ་གཞི་ནས་ཕྱི་རོལ་ཡུལ་གྱིས་ཤེས་ཀྱིན་ཡོད།

དེ་སྔ་བཀྲ་ཤིས་དབང་ཕྱུག་ལགས་འཛིན་བཟུང་བཀག་ཉར་མ་བྱས་གོང་། དྲྭ་རྒྱ་བརྒྱུད་བོད་ཀྱི་ཐོན་རྫས་བཅའ་དངོས་རིགས་ཏེ་དབྱར་རྩྭ་དགུན་འབུ་སོགས་བཙོང་ནས་འཚོ་བ་རོལ་ཐབས་བྱེད་ཀྱིན་ཡོད་མོད། ལས་ཞོར་དུ་རང་མི་རིགས་ཀྱི་རིག་གཞུང་དར་སྤེལ་དང་སྲུང་སྐྱོབ་ཀྱི་ལས་དོན་ཐད་འགན་ཁུར་ལེན་བྱས་ནས་ཐོབ་ཐང་རྩོད་ལེན་པ་ཞིག་གི་བྱ་བཞག་འགོ་ཚུགས་འདུག

༢༠༡༥ལོར ༼ནིའུ་ཡོག་དུས་བབ༽ཀྱིས་བཟོ་སྒྲིག་བྱས་པའི་དུས་ཡུན་སྐར་མ ༩ ཅན་གྱི་བརྙན་ཐུང་དེའི་ནང་། བཀྲ་ཤིས་དབང་ཕྱུག་ལགས་ཀྱིས། “ཆབ་སྲིད་ཀྱི་ཆ་ནས་བཤད་ན། མི་རིགས་ཤིག་གིས་མི་རིགས་གཞན་ཞིག་རྩ་མེད་དུ་གཏོང་དགོས་ན། ཐོག་མར་མི་རིགས་དེའི་རིག་གཞུང་རྩ་མེད་དུ་གཏོང་དགོས། ཕུགས་ཀྱི་དམིགས་ཡུལ་ནི་མི་རིགས་དེ་རྩ་མེད་དུ་གཏོང་རྒྱུའི་ཆེད་དུ་ཡིན”། ཞེས་བརྗོད་འདུག

དངོས་བྱུང་བརྙན་ཐུང་དེའི་ནང་། བཀྲ་ཤིས་དབང་ཕྱུག་ལགས་རྒྱ་ནག་གི་རྒྱལ་ས་པེ་ཅིང་ལ་སོང་ནས། ཆེས་མཐོ་ཁྲིམས་ཁང་དང་། ཁྲིམས་རྩོད་པ། དེ་མིན་རྒྱ་ནག་གི་བརྙན་འཕྲིན་ཁང་གཙོ་བོ་དབུས་བརྙན་འཕྲིན་ཁང་སོགས་ཀྱི་རྒྱབ་སྐྱོར་དང་དོ་སྣང་ཡོང་ཐབས་གནང་ཡང་ལེགས་འགྲུབ་བྱུང་མེད།
བརྙན་ཐུང་དེ་དང་འབྲེལ་ཡོད་གནས་ཚུལ་སྤེལ་ནས་ཟླ་གཉིས་ཀྱི་རྗེས་སུ། བཀྲ་ཤིས་དབང་ཕྱུག་ལགས་གློ་བུར་དུ་འཇའ་ཡལ་བ་ལྟར་འཇིག་རྟེན་མི་ཡུལ་ནས་ཆ་མེད་རྒྱུས་མེད་དུ་གྱུར་སོང་། ཁོང་བོར་བརླག་ཏུ་ཕྱིན་ནས་ཟླ་གཉིས་ཀྱི་རྗེས་སུ་ད་གཟོད་ཁོང་གི་ནང་མིའི་ཁོང་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་དང་བཀག་ཉར་བྱས་ཡོད་པའི་གནས་སྟངས་ཤེས་རྟོགས་བྱུང་བ་རེད།

ཟླ་བ་འདིའི་ཚེས ༤འི་ཉིན། ཁྲིམས་ཁང་ཕྱི་རོལ་ན་བཀྲ་ཤིས་དབང་ཕྱུག་གི་གཉེན་ཆེ་སྤུན་མཆེད་སྐོར་ཞིག་ལས་རྒྱབ་སྐྱོར་བ་གཅིག་ཀྱང་མི་འདུག ༼ནིའུ་ཡོག་དུས་བབ༽ཀྱི་གསར་འགོད་པ་ཁི་རི་སི བྷག་ལེ(Chris Buckley)ལགས་ཀྱིས་ཉེ་འཁྲིས་ཀྱི་བོད་མི་ཚོ་དང་། གྲྭ་བཙུན་སྐོར་ཞིག་ལ་བཀྲ་ཤིས་དབང་ཕྱུག་གི་དོན་རྐྱེན་དེ་ཤེས་རྟོགས་ཡོད་མེད་འདྲི་རྩད་བྱས་དུས། མི་ཉུང་ཉུང་ཞིག་གིས་ཤེས་ལུགས་བཤད་པ་ལས་མང་ཆེ་བས་ཤེས་མི་འདུག

༧ཀུན་གཟིགས་པན་ཆེན་སྣང་བ་མཐའ་ཡས་བཅུ་བ་ཆེན་མོ་མཆོག་གི་སྐུ་དྲན་ལ། བོད་ཁམས་གང་སར་མི་རིགས་སློབ་གྲྭ་ཟེར་བ་བཙུགས་ནས་སློབ་གྲྭ་དེ་དག་ཏུ་སྐད་གཉིས་སློབ་གསོ་ཞེས་པའི་མ་དཔེ་ལག་བསྟར་བྱས་སྟབས། བོད་ཀྱི་སྐད་དང་ཡི་གེར་སློབ་གྲྭའི་ར་སྐོར་ནང་དུ་ཁྲིམས་གཞུང་དུ་མངའ་བའི་ཐོབ་ཐང་དེ་རེག་ཡོད་པ་དང་། དུས་སྐབས་དེའི་བོད་མི་གཞོན་སྐྱེས་ཕལ་མོ་ཆེར་བོད་ཡིག་བོད་སྐད་སློབ་རྒྱུའི་སྐལ་བ་བཟང་པོ་ཐོབ་ཡོད། ཡིན་ན་ཡང་སྐྱིད་པའི་ཉི་མ་དེ་ཅུང་ཞིག་ལས་ཤར་མེད་ལ། ༧ཀུན་གཟིགས་པན་ཆེན་བཅུ་བ་ཆེན་མོ་མཆོག་དགོངས་པ་ཆོས་དབྱིངས་སུ་འཐིམ་རྗེས། བོད་ཁམས་ཡོངས་སུ་ཡང་བསྐྱར་རྒྱ་གཞུང་གི་ཆེད་དམིགས་སྲིད་ཇུས་མུན་ནག་ཅན་གྱིས་བཀླུབས་ཤིང་། དུས་དེ་ནས་བཟུང་པའི་མི་ལོ ༣༠ ཙམ་གྱི་རིང་། རྒྱ་ནག་གཞུང་གིས་བོད་མི་རིགས་རྒྱ་མི་རིགས་སུ་རིགས་བསྒྱུར་བྱ་རྒྱུར་དམིགས་པའི་གཡོ་ཧམ་ཆེ་བའི་སྲིད་ཇུས་རབ་དང་རིམ་པ་སྤེལ་ནས། དེ་རིང་བོད་མི་རིགས་འདི་ཤི་གསོན་ཆགས་འཇིག་གི་སོ་ཁ་ན་འདར་སིག་སིག་གིས་གནས་ཡོད་པས། བོད་ཀྱི་ལོ་རྒྱུས་སུ་བྱུང་མྱོང་མེད་པའི་ཧ་ཅང་ཧ་ཅང་ཉག་ཕྲ་བའི་དུས་སྐབས་ཤིག་ལ་ཐུག་ཡོད།

གལ་ཏེ་བོད་ཀྱི་སྐད་དང་ཡི་གེས་མཚོན་པའི་རིག་གཞུང་བཙོན་དུ་འཇུག་ཐུབ་པའི་དབང་དུ་སོང་ཚེ། རྒྱ་ནག་གཞུང་གིས་སྔ་མོ་ནས་བཅུགས་ཚར་ཡོད་རྒྱུ་རེད། ཡིན་ན་ཡང་བོད་ཀྱི་སྐད་ཡིག་སྲུང་སྐྱོང་དང་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག་ལྟ་བུའི་སྐྱེས་བུ་དག་བཙོན་ལ་བཅུགས་པ་དེ་དོན་གྱིས་བོད་ཀྱི་སྐད་དང་ཡི་གེས་མཚོན་པའི་རིག་གཞུང་བཙོན་ལ་བཅུགས་པ་དང་གཉིས་སུ་མ་མཆིས། གནད་འགག་དེ་ཤེས་ན་ད་གཟོད་རྒྱ་ཆེའི་བོད་མི་དམངས་ཀྱིས་རང་ཉིད་ཀྱིས་ལངས་ཕྱོགས་གང་ཞིག་འཛིན་དགོས་མིན་ལ་ངེས་ཤེས་གསར་བ་ཞིག་རྙེད་སྲིད།

རྒྱ་ནག་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་ཐོབ་ཐང་ཡོད་དོ་ཅོག་བཀོད་པའི་ཁྲིམས་ལུགས་རིགས་དགུང་དུ་མཐོར་པོར་བསྒྲེངས་ནས། ལྐོག་ཏུ་རང་ཉིད་ཀྱི་གཏན་འབེབས་བྱས་པའི་ཁྲིམས་ལུགས་དང་ཡོངས་སུ་རྒྱབ་འགལ་ཡིན་པའི་ལས་དག་སྤེལ་དང་སྤེལ་མུས་སུ་ཡོད་པས། དོན་དམ་པའི་རྒྱ་ནག་ན་ཁྲིམས་ལུགས་མེད། ཡོད་པ་དེ་སྲིད་ཇུས་ཡིན། རྒྱ་ནག་གཞུང་ལ་མཚོན་ན། ཁྲིམས་ཟེར་བ་དེ་མང་ཚོགས་ལ་གཉའ་གནོན་བྱེད་ཀྱི་ལག་ཆ་ཞིག་ཡིན་པ་ལས། གཞུང་གི་བྱ་སྤྱོད་ལ་སྟངས་འཛིན་བྱེད་སྤྱད་ཅིག་མིན། དེ་བཞིན་དུ་མི་དམངས་ལ་མཚོན་ནའང་། ཁྲིམས་ཟེར་བ་དེ་བསྲུང་བྱ་ཞིག་ཡིན་པ་ལས་རང་ཉིད་སྲུང་བྱེད་ཅིག་མིན། དེ་ལ་རིག་གཞུང་གི་རྒྱབ་ལྗོངས་དང་འདུ་ཤེས་ཀྱི་འཛིན་སྟངས་སོགས་རྒྱུ་རྐྱེན་མང་པོ་ཡོད། འོན་ཀྱང་སྐབས་སུ་བབ་པའི་བརྗོད་བྱ་མིན་ན་གླེང་གིན་མིན།

ཡིན་ཡང་། བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་ཁྲིམས་དེ་རང་ཉིད་དང་རང་མི་རིགས་སྲུང་བྱེད་ཅིག་དང་། ཁྲིམས་ལུགས་སུ་བཀོད་པའི་ནང་དོན་དག་ནི་དེར་གཏོགས་མི་སེར་གྱི་ཐོབ་ཐང་ཡིན་པ་གསལ་བོར་མཁྱེན་པའི་སྒོ་ནས། བོད་མི་ཚོ་ལམ་ཁ་གསར་བ་ཞིག་ལ་ཁྲིད་བཞིན་ཡོད། དེ་བཞིན་ཁོང་གིས་ཐོབ་ཐང་ཟེར་བ་དེ་རྩོད་རིན་ཡོད་པ་ཞིག་དང་། རྩོད་དགོས་པ་ཞིག་ཡིན་པ་བསྟན་ཡོད། ལྷག་དོན་རྒྱ་ནག་དེང་གཞུང་གི་གདུག་རྩུབ་ཆེ་བའི་སྲིད་ཇུས་འོག འཆི་རྒྱུར་སྒུག་རྒྱུ་ལས་ཐོབ་མིན་ལ་མ་ལྟོས་པར་རྩོད་ལེན་ཐེངས་ཤིག་བྱས་ན། མ་མཐའ་ཡང་རེ་བ་ཞིག་གི་ཆེད་དུ་ཡིན་ཆོག

Advertisements